དཀར་ཆག
༡། འགོ་འཛུགས།
༢། ཚོགས་པ་ངོ་སྤྲོད།
༣། ཁྱབ་ཁོངས་སློབ་ཁག
༤། ཤེས་ཡོན་ཡར་རྒྱས་ལས་རིམ།།
༥། འཕྲོད་བསྟེན་སྐོར།
༦། སྤྱི་ཚོགས་ཞབས་ཞུའི་ལས་རིམ།
༧། དཔལ་འབྱོར་ཡོངས་ཁུངས་དང་འགྲོ་གྲོན་གནས་སྟངས།
༨། གཞིས་ཆགས་སོ་སོར་འགྲོ་གྲོན་ཕྱིན་པ་གཤམ་གསལ།
༡། འགོ་འཛུགས།
ཕྱི་ལོ་༡༩༥༩ ལོར་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་དགོས་དབང་གིས་སྐྱབས་བཅོལ་ལ་ཕེབས་པ་དང་མཉམ་དུ་བོད་མི་འབོར་ཆེན་ཞིག་ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་དང་རྒྱ་བལ་འབྲུག་གསུམ་གྱི་ནང་སྐྱབས་བཅོལ་དུ་འབྱོར་བ་དང༌། དེའི་སྐབས་རྒྱལ་སྤྱིའི་རོགས་ཚོགས་དང་ལས་ཁུངས་ཁག་སོགས་སྤྱི་སྒེར་མང་དག་ཅིག་གིས་བོད་མི་སྐྱབས་བཅོལ་བ་རྣམས་ལ་ཟས་གོས་གནས་མལ་སོགས་ཀྱི་རོགས་རམ་རྒྱ་མི་ཆུང་བ་ཞིག་གནང་ཡོད།
བལ་ཡུལ་ནང་ཐོག་མར་ཕྱི་ལོ་༡༩༦༠ ནས་འགོ་འཛུགས་ཀྱིས་རྒྱལ་སྤྱིའི་རྒྱ་གྲམ་དམར་པོ་དང་སུད་སི་ལས་ཁུངས་སོགས་ནས་རོགས་སྐྱོར་གནང་ཞིང༌། ཕྱི་ལོ་༡༩༦༤ ཟླ་༡༡ ཚེས་༢༢ ཉིན་སུད་སི་དང་བལ་གཞུང་གཉིས་དབར་གྲོས་མོལ་གྱིས་གན་ཡིག་བཞག་དོན། སུད་སི་ས་ཊ་རོགས་ཚོགས་(Swiss Association for Technical Assistance)དང་བལ་ཡུལ་རྒྱ་གྲམ་དམར་པོ་གཉིས་ཀྱིས་དེ་སྔའི་བཟོ་གཞིས་དང༌། ཞིང་ལས། ཚོང་ཁང༌། སློབ་གྲྭ་དང་སྨན་ཁང་བཅས་འཛུགས་སྐྲུན་མཇུག་སྐྱོང་གནང་ཡོད་པ་མ་ཟད། ས་ཊ་དང་བལ་ཡུལ་རྒྱ་གྲམ་དམར་པོ་གཉིས་དབར་ཡང་ཆོད་ཡིག་བཞག་སྟེ། བལ་ཡུལ་བོད་མིའི་བཟོ་གཞིས་ཁག་གི་ས་ཆ་རྣམས་བོད་མི་སྐྱབས་བཅོལ་བའི་བདེ་དོན་ཆེད་བལ་ཡུལ་རྒྱ་གྲམ་དམར་པོའི་མིང་ཐོག་དེབ་སྐྱེལ་གནང༌།
དེ་ནས་ཕྱི་ལོ་༡༩༦༥ ནང་སུད་སི་ས་ཊ་རོགས་ཚོགས་ཀྱིས་བོད་མིའི་གཞིས་ཆགས་ཁག་བཞིའི་འགན་བཞེས་ཆ་ཚང་གནང་སྟེ། བལ་ཡུལ་འཇོ་ཁེལ་བསམ་གྲུབ་གླིང་དང༌། གཉིས་པ་སྤོག་ར་བཀྲ་ཤིས་དཔལ་འཁྱིལ། གསུམ་པ་བལ་ཡུལ་རྡོར་ཐང་ནོར་འཛིན་གླིང༌། བཞི་པ་ཤར་ཁུམ་བདེ་ལེགས་གླིང་བཅས་བོད་མི་སྐྱབས་བཅོལ་གཞིས་ཆགས་ཁག་བཞིའི་ནང་ཐོག་མར་ཟས་གོས་ཀྱི་སྐྱོབ་གསོ་དང༌། དེ་ནས་འཕྲལ་སེལ་སྡོད་ཁང་གུར་དང་རྩྭ་ཁང་སོགས་རོགས་རམ་ཤུགས་ཆེར་གནང་ཡོད། འོན་ཀྱང༌། ཕྱིས་སུ་ཆར་རླུང་གི་རང་བྱུང་དཀའ་ངལ་རིམ་འཕྲད་རྐྱེན་གྱིས་ས་དང་རྡོ་ལས་གྲུབ་པའི་སྡོད་ཁང་མ་བཟོ་ཐབས་མེད་བྱུང་འདུག རིམ་གྱིས་གཞིས་ཆགས་ཁག་གི་ནང་བོད་མི་སྐྱབས་བཅོལ་བ་རྣམས་འཚོ་གནས་ཐུབ་ཆེད་ལག་ཤེས་བཟོ་གྲྭ་དང༌། མཉམ་ལས། ཞིང་ལས། སྔོན་འགྲོའི་འཕྲོད་བསྟེན་སྨན་ཁང་དང༌། སློབ་གྲྭ་དང་བུ་གསོ་ཁང་སོགས་གསར་འཛུགས་དང་འབྲེལ་འཛིན་སྐྱོང་གཟིགས་རྟོགས་དང་རྒྱུན་གྲོན་ཡོངས་རྫོགས་སུད་སི་ས་ཊ་རོགས་ཚོགས་ནས་ཐད་ཀར་རོགས་རམ་གནང་ཡོད། དེ་བཞིན་ཕྱི་ལོ་༡༩༦༦ ལོར་ལག་ཤེས་བཟོ་གྲྭའི་རྒྱུ་ཆ་བལ་དང་སྲིན་བལ་སྐུད་ཚོན་སོགས་ཉོ་འདྲེན་དང་ཐོན་སྐྱེད་རུམ་གདན་རྣམས་ཕྱིར་ཚོང་སླད་སི་ཀྲི་སི་(CTC)གདན་ཚོང་བཟོ་ཚོང་(Company)གསར་འཛུགས་གནང་སྐབས་ཀྱང་སུད་སིའི་ས་ཀྲ་རོགས་ཚོགས་ནས་རོགས་རམ་གནང༌།
བོད་མི་རྣམས་རང་མགོ་རང་ཐོན་ཡོང་སླད་ཕྱི་ལོ་༡༩༦༦ ཙམ་ལ་བཟོ་གཞིས་ཁག་གི་འཛིན་སྐྱོང་འགན་དབང་ཆ་ཚང་བོད་གཞུང་གིས་གཙང་བཞེས་གནང༌། སློབ་གྲྭ་ཁག་དང་འཕྲོད་བསྟེན་གྱི་ལས་གཞི་ཁག་ས་ཊ་ནས་ཕྱི་ལོ་༡༩༧༡ བར་འགན་ཁུར་གནང༌།
དེ་ལྟར་བལ་ཡུལ་ནང་སྐྱབས་བཅོལ་བོད་མིའི་ཤེས་ཡོན་སློབ་གསོ་དང༌། འཕྲོད་བསྟེན་སོགས་ཀྱི་ལས་དོན་མཇུག་སྐྱོང་རྟོག་ཞིབ་གནང་མཁན་ཚོགས་པ་ཞིག་ཟུར་འཛུགས་དགོས་གལ་ལ་བརྟེན། ཕྱི་ལོ་༡༩༧༢ ཟླ་༢ ཚེས་༢༥ ཉིན་བལ་ཡུལ་བོད་གཞུང་སྐུ་ཚབ་དོན་གཅོད་སྐུ་ངོ་སྐལ་བཟང་དགྲ་འདུལ་ལགས་དང༌། བལ་ཡུལ་ནང་སྲིད་སྐུ་ཚབ། ཌོག་ཀྲར་ཨེཆ་ཨེལ་རེག་མི་(Dr.H.L. Regmi ( HMG.Nepal))དང༌། བལ་ཡུལ་རྒྱ་གྲམ་དམར་པོའི་སྐུ་ཚབ་སྐུ་ཞབས་ཤྲི་སེ་ཐ་(Mr B.K Sherestha) སྐུ་ཞབས་བི་ཀེ་ཤྲིརེས་ཋ་དང༌། སུད་སི་ས་ཀྲའི་སྐུ་ཚབ། སྐུ་ཞབས་ཀུན་ཙི་(Mr. P. Kunzi)བཅས་ལྷན་འཛོམས་ཐོག་བཀའ་བསྡུར་གྱིས་བལ་ཡུལ་གངས་ཅན་བདེ་རྩའི་ལས་ཁུངས་འདི་བོད་མི་སྐྱབས་བཅོལ་བའི་དགོས་མཁོ་ལྟར་དབུ་འཛུགས་གནང་རྒྱུའི་ཐག་གཅོད་དང་མོས་མཐུན་བྱུང༌། འོན་ཀྱང༌། སྐབས་དེར་བལ་ཡུལ་གཞུང་གི་རྩ་ཁྲིམས་ནང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དེབ་སྐྱེལ་བྱེད་རྒྱུའི་ཁྲིམས་ཡིག་གཏན་འབེབས་གནང་མེད་པའི་རྐྱེན་གྱིས། ཚོགས་པ་འདི་བལ་གཞུང་འོག་དེབ་སྐྱེལ་འཕྲལ་མར་གནང་ཐུབ་མེད།
དེ་ཉིན་གངས་ཅན་བདེ་རྩའི་རྩ་ཁྲིམས་དང་སྒྲིག་གཞི་གཉིས་ཨིན་སྐད་ཐོག་ཡོད་པ་ཚོགས་ཕེབས་ཡོངས་ནས་བཀའ་བསྡུར་ལྷུག་པོ་གནང་སྟེ་སྤྱི་མོས་གཏན་འབེབས་དང་འབྲེལ། ཚོགས་འདུ་གཙོ་སྐྱོང་གནང་མཁན་བལ་ཡུལ་ནང་སྲིད་སྐུ་ཚབ་སྐུ་ཞབས་ཌོག་ཊར་ཨེཆ་ཨེལ་རེག་མི་ནས་ཚོགས་པ་གསར་འཛུགས་བྱས་ཟིན་པའི་གསལ་བསྒྲགས་སྤེལ། དེ་ཉིན་སྤྱི་མོས་ཀྱི་ཐོག་ནས་གངས་ཅན་བདེ་རྩའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་སྐབས་དང་པོ་གཏན་འབེབས་གནང་བ་གཤམ་གསལ།
༡། བལ་ཡུལ་ནང་སྲིད་སྐུ་ཚབ།
༢། བལ་ཡུལ་རྒྱ་གྲམ་དམར་པོའི་སྐུ་ཚབ།
༣། སུད་སི་ས་ཀྲའི་སྐུ་ཚབ།
༤། བལ་ཡུལ་བོད་མིའི་སྐུ་ཚབ།
(བོད་གཞུང་སྐུ་ཚབ་དོན་གཅོད་སྐུ་ངོ་སྐལ་བཟང་དགྲ་འདུལ་ལགས།)
༥། ཀ་ཐ་མན་གྲུའི་བོད་མིའི་སྐུ་ཚབ།
(འཇོ་ཁེལ་བཟོ་གཞིས་དབུ་འཛིན་བཀྲིས་ནོར་བུ་ལགས།)
༦། གངས་ཅན་བདེ་རྩའི་དྲུང་ཆེའམ་འཛིན་སྐྱོང་འགན་འཛིན།
བཅས་བསྐོ་བཞག་གནང་ཐོག་ལས་ཁུངས་དང་རྩིས་ཞིབ་པ་སོགས་གཏན་འབེབས་གནང༌། དེ་བཞིན་བལ་ཡུལ་ནང་སྲིད་ལས་ཁུངས་ནས་རོགས་རམ་གང་ཐུབ་དང་རིན་ཐང་བྲལ་བའི་བཀའ་སློབ་ལམ་སྟོན་དུས་ནས་དུས་སུ་གནང་ཐོག བལ་ཡུལ་རྒྱ་གྲམ་དམར་པོས་ཐུགས་སྣང་ཆེན་པོས་རོགས་སྐྱོར་གནང་བ་དང༌། བོད་མིའི་སྤྱི་ཚོགས་དང་ལག་ཤེས་བཟོ་གྲྭ་ཁག་ནས་ཀྱང་ལས་འགུལ་འཆར་གཞིའི་ཐོག་འདོད་མོས་ཀྱིས་རྒྱབ་སྐྱོར་གནང་བར་བརྟེན་ནས་སུད་སི་སྐུ་ཚབ་ལས་ཁུངས་ཀྱི་དགོངས་བཞེད་ལྟར་སྤྱི་ཚོགས་ཞབས་ཞུའི་ཚོགས་པ་གངས་ཅན་བདེ་རྩ་ཞེས་པའི་ཚོགས་སྡེ་འདི་གསར་འཛུགས་གནང་ཐུབ་པ་བྱུང༌།
དེ་རྗེས་ཕྱི་ལོ་༡༩༧༧ ལོར་བལ་ཡུལ་གཞུང་གི་རྩ་ཁྲིམས་༢༠༣༤ དོན་ཚན་༤ པའི་ནང༌། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དེབ་སྐྱེལ་བྱེད་ཕྱོགས་རྩ་ཁྲིམས་གཏན་འབེབས་བྱུང་ཡོད་ནའང༌། དེ་ནི་བལ་ཡུལ་གྱི་ཡུལ་མིའི་གནས་བབ་དང་ཐོབ་ཐང་ཡོད་མཁན་རྣམས་ཀྱི་ཆེད་ཡིན་པ་ལས་བོད་མི་སྐྱབས་བཅོལ་བའི་ཆེད་མ་ཡིན་པར་བརྟེན། སྐབས་དེར་བལ་གཞུང་དབུས་འཛིན་སྐྱོང་ནས་བོད་མི་སྐྱབས་བཅོལ་བའི་བདེ་སྡུག་གཟིགས་སྐྱོང་སླད་ཚོགས་པ་དེབ་སྐྱེལ་དགོས་པའི་དམིགས་བསལ་གྲོས་ཆོད་འཇོག་གནང་མཛད་དོན་ལྟར། ཕྱི་ལོ་༡༩༧༩ ཕྱི་ཟླ་༡ ཚེས་༧ དང་ནེ་ལོ་༢༠༣༥ པུ་ཤ་ཟླ་བའི་ག་ཏེ་ཚེས་༢༣ ཉིན་གངས་ཅན་བདེ་རྩ་(Snow Lion Foundation)ཞེས་པའི་ཚོགས་པ་འདི་ལོ་༦ དང་ཟླ་བ་༡༡ རྗེས་སུ་བལ་གཞུང་ལ་ལིཏ་པུར་རྫོང་ལས་ཁུངས་སུ་དེབ་སྐྱེལ་གྱིས་སྔ་མོ་ཕྱི་ལོ་༡༩༧༢ ལོར་ཐོག་མར་ཚོགས་པའི་བཅའ་ཁྲིམས་དང་སྒྲིག་གཞི་གཏན་འབེབས་གནང་བ་ཆ་ཚང་དམིགས་བསལ་ངོས་ལེན་ཐོག་ཁྲིམས་མཐུན་དེབ་སྐྱེལ་ཡིག་ཨང་༡༥།༣༠༣༤།༣༦ ཐོག་བཀའ་འཁྲོལ་ཐོབ་ཡོད། དེབ་སྐྱེལ་སྒྲིག་གཞིའི་དགོངས་དོན་བཞིན་ཚོགས་པ་ལོ་རེ་བཞིན་དེབ་སྐྱེལ་ཞུ་དགོས་པ་ལག་བསྟར་གནང་བཞིན་ཡོད་འདུག
༢། ཚོགས་པ་ངོ་སྤྲོད།
གངས་ཅན་བདེ་རྩ་ཚོགས་པའི་ཚོགས་ཆེན་དང༌། འགན་འཛིན་ལྷན་ཚོགས། འགན་འཛིན་དྲུང་ཆེའི་ལས་ཁུངས་སམ། གཏན་འཇགས་ལས་བྱེད་དང་རྩིས་ཁང་བཅས་ནི། ལས་ཁུངས་འདིའི་ཆ་ལག་གལ་ཆེ་ཤོས་གསུམ་ཡིན།
ཚོགས་ཆེན་གྱི་ནང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་འགན་འཛིན་དྲུང་ཆེའི་ཐོག་དམིགས་བསལ་ཚོགས་མི་གཅིག་བཅས་གཤམ་གསལ་སྐུ་ཚབ་བཅུ་བཞི་ཡོད་པ་གཤམ་གསལ།
༡། འཇོ་ཁེལ་བསམ་གྲུབ་གླིང་བཟོ་གྲྭའི་སྐུ་ཚབ།
༢། འཇོ་ཁེལ་བསམ་སྒྲུབ་གླིང་མི་མང་འཐུས་མི།
༣། ཤར་ཁུམ་བདེ་ལེགས་གླིང་མི་མང་འཐུས་མི།
༤། སྤོག་ར་བཀྲིས་དཔལ་འཁྱིལ་བཟོ་གྲྭའི་སྐུ་ཚབ།
༥། སྤོག་ར་བཀྲིས་དཔལ་འཁྱིལ་མི་མང་འཐུས་མི།
༦། རྡོར་ཐང་ནོར་འཛིན་གླིང་མི་མང་འཐུས་མི།
༧། སྤོག་ར་བྱམས་པ་གླིང་མི་མང་འཐུས་མི།
༨། བལ་ཡུལ་སི་ཀྲི་སི་གདན་ཚོང་ཀམ་པ་ནིའི་སྐུ་ཚབ།
༩། བལ་གཞུང་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ།
༡༠ བལ་ཡུལ་རྒྱ་གྲམ་དམར་པོའི་སྐུ་ཚབ།
༡༡ སུད་སི་ཡར་རྒྱས་དང་མཐུན་འགྱུར་ལས་ཁུངས།
༡༢། གངས་ཅན་བདེ་རྩའི་ཁྱབ་ཁོངས་ཤེས་ཡོན་སྡེ་ཚན་གྱི་སྐུ་ཚབ།
༡༣། འཇོ་ཁེལ་མཉམ་ལས། ཟུར་ཉན།
༡༤། རྩིས་ཞིབ་པ།
དམིགས་བསལ་ཆེ་མཐོང་ཚོགས་མི་སྐུ་ཞབས་ཨོན་ཊ་ལགས།
གངས་ཅན་བདེ་རྩའི་ཚོགས་ཆེན་སྐབས་ལོ་ལྟར་ལོ་འཁོར་ལས་བསྡོམས་ཨིན་བོད་སྐད་ཡིག་ཤན་སྦྱར་ཐོག་སྙན་སེང་ཞུ་མུས་དང་འབྲེལ། ཚོགས་མིའི་དོགས་གཅོད་དྲི་བ་ཁག་ལ་འགན་འཛིན་དྲུང་ཆེ་ནས་ལན་འདེབས་གསལ་བཤད་བྱེད་མུས་ཡིན། ཚོགས་ཆེན་འདི་ནས་ལོ་ལྟར་ཚོགས་འདུའི་གཙོ་སྐྱོང་འོས་འདེནས་གནང་རྒྱུ་དང༌། དེ་བཞིན་བལ་ཡུལ་གཞུང་འབྲེལ་ངོས་ལེན་ཡོད་པའི་རྩིས་ཞིབ་པ་འདེམས་བསྐོ་དང་ཞབས་གླ་སོགས་གཏན་འབེབས་གནང་སྲོལ་ཡོད་པ་ལྟར། ཕྱི་ལོ་༢༠༠༧ ལོར་ཚོགས་ཆེན་ནས་ཨ་ནི་ལ་ཤི་རེ་སེ་ཐ་Anila Shrestha རྩིས་ཞིབ་པར་བསྐོ་བཞག་གནང༌།
འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིའི་ནང་བལ་གཞུང་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་དང༌། བལ་ཡུལ་རྒྱ་གྲམ་དམར་པོ། སུད་སིའི་སྐུ་ཚབ་བཅས་ཡོད། ཕྱི་ལོ་༢༠༠༨ ལོའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ནི།
༡། སྐུ་ཞབས་བཀྲིས་ཕུན་ཚོགས་ལགས། (ཚོགས་གཙོ།)
༢། ཤེ་ཤ་ན་ར་ཡན་པོའུ་ཌེལ། བལ་ཡུལ་ནང་སྲིད་སྐུ་ཚབ། (ཚོགས་གཙོ།)
༣། ཨུ་མེ་ཤ་པྲ་ས་ཏ་ཌ་ཀལ། རྒྱ་གྲམ་དམར་པོའི་སྐུ་ཚབ། (ཚོགས་མི།)
༤། ལྕམ་སྐུ་ལི་ལིན་བྷར་གི་ཝོན་ཨཀས། (ཚོགས་མི།)
༥། སྐུ་ཞབས་ཚེ་རིང་དོན་གྲུབ་ལགས། སེ་ཀྲི་སི་འགན་འཛིན། (ཚོགས་མི།)
༦། སྐུ་ཞབས་དབང་འདུས་ཕུན་ཚོགས་ལགས། ཤེས་ཡོན་སྐུ་ཚབ། (ཚོགས་མི།)
༧། སྐུ་ཞབས་ཚེ་རིང་སྟོབས་རྒྱལ་ལགས། གངས་ཅན་བདེ་རྩའི་འགན་འཛིན་དྲུང་ཆེ།
སྐུ་ཞབས་ཨོན་ཊ་ལགས། དམིགས་བསལ་ཆེ་མཐོང་ཚོགས་མི་བཅས་སོ།།
གོང་གསལ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ཟླ་བ་གསུམ་རེའམ་བཞི་རེའི་ནང་ངེས་པར་ལྷན་འཛོམས་གནང་སྟེ་གངས་ཅན་བདེ་རྩའི་ལས་འཆར་བཀོད་བྱུས་དང་སྲིད་བྱུས་གཏན་འབེབས་ཐོག་དངུལ་རྩིས་བཀའ་འཁྲོལ། དགོས་ངེས་ནམ་བྱུང་ལ་དམིགས་བསལ་ལྷན་འཛོམས་གནང་སྟེ་དུས་ནས་དུས་སུ་དཔལ་འབྱོར་གྱི་སྟངས་འཛིན་གནང་གི་ཡོད།
གངས་ཅན་བདེ་རྩའི་འཛིན་སྐྱོང་ལམ་ལུགས་ནི། གནས་ཡུལ་རྒྱལ་ཁབ་ཀྱི་ལམ་ལུགས་ལྟར་ཚོགས་པའི་དྲུང་ཆེས་འགན་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་དགོངས་དོན་ལག་བསྟར་གནང་སྟེ། འགན་ལྷན་ལ་འགན་འཁུར་ལན་འདེབས་དང༌། འགན་ལྷན་གྱིས་ཚོགས་ཆེན་ལ་འགན་འཁུར་ལན་འདེབས་གནང་དགོས་པ་ལས། ཚོགས་པ་དེབ་སྐྱེལ་བྱས་པའི་རྩ་འཛིན་ལམ་སྟོན་ནང་གངས་ཅན་བདེ་རྩ་ཚོགས་པ་ནས་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སྲིད་བྱུས་ལམ་སྟོན་རྩ་འཛིན་ཞུ་དགོས་སྐོར་གང་ཡང་གསལ་མེད་ནའང༌། བལ་སྡོད་བོད་རིགས་ཡོངས་རྫོགས་ཀྱི་བསམ་འདུན་བཞིན་གངས་ཅན་བདེ་རྩའི་དྲུང་ཆེ་བསྐོ་འཛུགས་ཐད་བོད་གཞུང་ཤེས་རིག་ལས་ཁུངས་ལ་གྲོས་སྡུར་དང་སྤྱན་འབུལ། སྐབས་རེར་ཐད་བསྐོས་ཡོང་བའི་རེ་བསྐུལ་ཀྱང་ཞུས་ཡོད། བོད་གཞུང་ཤེས་རིག་ལས་ཁུངས་ནས་གངས་ཅན་བདེ་རྩའི་སྒྲིག་གཞི་ལམ་སྟོན་ལྟར་ཟུར་སྐྱོང་གི་ངོ་བོར་རྩ་འཛིན་རྒྱུན་གནས་དགོས་པའི་ལམ་སྟོན་གནང་ཡང༌།ཕྱི་ལོ་༢༠༠༤ ལོར། ཚོགས་པ་རང་ཉིད་བོད་མིའི་སྒྲིག་འཛུགས་ཀྱི་ཡ་གྱལ་བསྙོན་མེད་ཡིན་པའི་ཆ་ནས་ཕྱི་ལོ་༡༩༩༦ ཟླ་༡༡ ཚེས་༣༠ བར་རང་གཞུང་ནང་སྲིད་ལས་ཁུངས་ཁྱབ་ཁོངས་ངོས་འཛིན་གནང་ཡོད། ཕྱི་ལོ་༡༩༩༦ ཟླ་༡༢ ཚེས་༡ ནས་བཟུང་རང་གཞུང་བཀའ་ཤག་ནས་ཤེས་རིག་ལས་ཁུངས་ཁྱབ་ཁོངས་བཅུག་ཡོད་པས། དེ་ནས་བཟུང་བཙན་བྱོལ་བོད་མི་སྤྱིའི་ཤེས་ཡོན་དང་གནས་སྟངས་ཐད་རང་གཞུང་ཤེས་རིག་ལས་ཁུངས་ལ་རང་རྟོགས་ཀྱིས་འགན་འཁུར་ལན་འདེབས་དང་སྲིད་བྱུས་སློབ་སྟོན་ཞུ་བཞིན་ཡོད།
ཚོགས་པ་འདིའི་འགན་འཛིན་དྲུང་ཆེ་དང༌། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཁག་གི་ལས་དུས་གནས་ཚུལ་རགས་བསྡུས་ཤིག་བཀོད་པ་གཤམ་གསལ།
༡) ཕྱི་ལོ་༡༩༧༢ ལོར་ལྕམ་སྐུ་ཡུ་ཀེལ་ལར་(Mrs. U Keller ( SATA/SDC,Nepal )) གངས་ཅན་བདེ་རྩའི་དྲུང་ཆེའམ་འཛིན་སྐྱོང་འགན་འཛིན་དུ་བསྐོ་བཞག་གནང༌།
༢) ཕྱི་ལོ་༡༩༧༣ ལོར་ས་ཊ་ནས་ལས་བྱེད་བརྗེ་ལེན་གྱིས་སྐུ་ཞབས་ཝལ་ཊར་ཇུ་ཛི་(Mr. Walter Jutzi)ནས་འགན་འཛིན་གནང་བ་དང༌། ཕྱི་ལོ་༡༩༧༥ ལོར་སུད་སི་ས་ཊའི་སྐུ་ཚབ་སྐུ་ཞབས་པི་ཀུན་ཛི་(Mr. P. Kunzi)ཡིས་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་བཞེས།
༣) ཕྱི་ལོ་༡༩༧༥ ནས་སྐུ་ཞབས་ཀརྨ་བཀྲ་ཤིས་ཀྱིས་གངས་ཅན་བདེ་རྩའི་དྲུང་ཆེར་བསྐོ་བཞག་གནང༌།
༤) ཕྱི་ལོ་༡༩༧༥ ནས༡༩༧༨ པར་སུད་སི་ས་ཊའི་སྐུ་ཚབ་ལྕམ་སྐུ་ཨེ་ནི་མརི་ཡ་ཨེཆ་སིཔར་(Mr.Annemarie H. Spahr (SATA))ནས་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་གནང༌། དེ་རྗེས་ཕྱི་ལོ་༡༩༨༢ ནས་ད་བར་གངས་ཅན་བདེ་རྩའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་བཀྲ་ཤིས་ཕུན་ཚོགས་ཀྱིས་གནང་མུས་ཡིན།
༥) ཕྱི་ལོ་༡༩༨༩ ནས་གངས་ཅན་བདེ་རྩའི་འགན་འཛིན་དྲུང་ཆེ་སྐུ་ཞབས་ཀརྨ་བཀྲ་ཤིས་ཀྱིས་བཙན་བྱོལ་བོད་གཞུང་གིས་རེ་འདུན་ལྟར་བལ་ཡུལ་ཤེས་རིག་ལས་འཛིན་གྱིས་འགན་འཁུར་ཡང་གཅིག་ལྕོགས་གནང་སྟེ། མཐར་ཕྱི་ལོ་༡༩༩༧ ལོར་སྐུ་ཞབས་ཀརྨ་བཀྲ་ཤིས་ཀྱིས་གཞུང་འབྲེལ་གནས་སྤོས་ཐོག་དགོངས་ཞུ་གནང༌།
༦) དེའི་ཚབ་ཏུ་ཕྱི་ལོ་༡༩༩༧ ལོ་ནས་སྐུ་ཞབས་འཕྲིན་ལས་རྣམ་རྒྱལ་གྱིས་བཙན་བྱོལ་བོད་གཞུང་གི་བལ་ཡུལ་ཤེས་རིག་ལས་འཛིན་དང༌། གངས་ཅན་བདེ་རྩའི་འགན་འཛིན་དྲུང་ཆེའི་འགན་འཁུར་གཅིག་ལྕོགས་གནང་ཡོད་ནའང༌། ཕྱི་ལོ་༢༠༠༣ ལོར་སྐུ་ཞབས་འཕྲིན་ལས་རྣམ་རྒྱལ་ཨ་རིར་ནང་མི་ཟླ་སྒྲིལ་དུ་ཕེབས་རྗེས། བཙན་བྱོལ་བོད་གཞུང་བཀའ་ཤག་གི་སྲིད་བྱུས་དགོངས་དོན་བཞིན། གཞུང་འབྲེལ་སྡེ་ཚན་དང་གཞུང་འབྲེལ་མ་ཡིན་པའི་སྡེ་ཚན་གཉིས་གསལ་ཁ་བཏོད་ནས་དབྱེ་འབྱེད་གནང་ཐོག ཕྱི་ལོ་༢༠༠༣ ལོར་སྐུ་ཞབས་ཚེ་རིང་ལྷག་པ་ལགས་བཙན་བྱོལ་བོད་གཞུང་གི་བལ་ཡུལ་ཤེས་རིག་ལས་འཛིན་དང་བལ་ཡུལ་ལག་ཤེས་སྦྱོང་བརྡར་ཁང་གི་ངེས་སྟོན་པར་བསྐོ་བཞག་གནང་ཡོད་ཀྱང༌། ད་ལྟའི་ཆར་ས་མིག་འདི་བཙན་བྱོལ་བོད་གཞུང་ནས་ཕྱིར་བསྡུ་གནང་ཟིན།
༧) ཕྱི་ལོ་༢༠༠༣ ནས་གངས་ཅན་བདེ་རྩའི་འགན་འཛིན་དྲུང་ཆེར་སྐུ་ཞབས་ཚེ་རིང་སྟོབས་རྒྱལ་ལགས་བསྐོ་བཞག་གནང་ནས་ད་བར་ཕྱག་ལས་གནང་མུས་ཡིན།
༣། ཁྱབ་ཁོངས་སློབ་ཁག
གངས་ཅན་བདེ་རྩའི་ཁྱབ་ཁོངས་སུ་ཐོག་མར་སློབ་གྲྭ་༤ ལས་མེད་ནའང༌། ད་ལྟའི་ཆར་སློབ་གྲྭ་༡༢ ཡོད། སྔོན་འགྲོ་འོག་མ་ནས་འཛིན་རིམ་བཅུ་གཉིས་བར་འཛིན་སྐྱོང་དང་དགོས་ངེས་ཀྱི་སྲིད་བྱུས་གཏན་འབེབས་ཐོག་དུས་ནས་དུས་སུ་སྒྲིག་གཞི་དང་ལམ་ལུགས་ངོ་སྤྲོད་ཀྱིས་ཕྱག་བསྟར་གནང་ཡོད།
ཕྱི་ལོ་༢༠༠༨ ནང་ཁྱབ་ཁོངས་སུ་ཁྱོན་བསྡོམས་སློབ་ཕྲུག་གྲངས་༢༥༤༨ དང༌། དགེ་རྒན་ལས་བྱེད་གྲངས་༢༦༢ བསྐོ་བཞག་བྱས་ཡོད། ཁྱབ་ཁོངས་སློབ་གྲྭ་སོ་སོའི་གནས་སྟངས་རགས་བསྡུས་ཙམ་བཀོད་པ་གཤམ་གསལ།
༡) བལ་ཡུལ་ཀ་ཐ་མན་གྲུ་ཀརྞ་རྣམ་རྒྱལ་མཐོ་སློབ།
གོ་ཀརྞ་རྣམ་རྒྱལ་མཐོ་སློབ་ཀྱི་ནང་འཛིན་གྲྭ་དྲུག་པ་ནས་བཅུ་གཉིས་བར་ཁྱོན་བསྡོམས་སློབ་ཕྲུག་གྲངས་༣༩༧ ཡོད་པའི་ཁོངས་ནས་ས་གནས་ཡུལ་མིའི་བུ་ཕྲུག་གྲངས་༨༥ དང་བོད་རིགས་སློབ་ཕྲུག་གྲངས་༣༡༢ ཡོད། དགེ་རྒན་ལས་བྱེད་བསྡོམས་གྲངས་༥༣ ཡོད། རྩིས་ལོ་༢༠༠༦།༠༧ ནང་རྣམ་རྒྱལ་མཐོ་སློབ་ལ་གངས་ཅན་བདེ་རྩ་ལས་ཁུངས་བརྒྱུད་སྦྱིན་བདག་གི་སློབ་ཡོན་བལ་སྒོར་༧༣༠༨༢༧༢།༨༥ བགོད་འགྲེམས་གནང་ཡོད། དེ་མིན་སློབ་གྲྭའི་འགྲོ་གྲོན་དང་རྒྱུན་གྲོན་ཡོངས་རྫོགས་སློབ་ཡོན་སྣེ་སེལ་བསྡུ་བཞེས་གནང་ནས་རང་ཁ་རང་གསོ་ཐུབ་པ་བྱེད་བཞིན་ཡོད།
༢) བལ་ཡུལ་མཆོད་རྟེན་སྲོང་བཙན་བལ་བཟའ་མཐོ་སློབ།
མཆོད་རྟེན་སྲོང་བཙན་བལ་བཟའ་མཐོ་སློབ་ནང་འཛིན་གྲྭ་སྔོན་འགྲོ་གོང་འོག་གཉིས་ནས་བཅུ་པ་བར་ཁྱོན་བསྡོམས་སློབ་ཕྲུག་གྲངས་༦༧༦ ཡོད་པའི་ཁོངས་ནས་ས་གནས་ཡུལ་མིའི་ཕྲུག་གུ་གྲངས་༢༠༩ དང་བོད་རིགས་སློབ་ཕྲུག་གྲངས་༤༧༠ ཡོད། དགེ་རྒན་ལས་བྱེད་ཁྱོན་བསྡོམས་གྲངས་༦༡ ཡོད།
རྩིས་ལོ་༢༠༠༦།༠༧ ནང་སྲོང་བཙན་བལ་བཟའ་མཐོ་སློབ་ལ་གངས་ཅན་བདེ་རྩ་ལས་ཁུངས་བརྒྱུད་སྦྱིན་བདག་གི་སློབ་ཡོན་བལ་སྒོར་༧༣༥༩༤༧༡།༨༩ བགོད་འགྲེམས་གནང་ཡོད། དེ་མིན་སློབ་གྲྭའི་འགྲོ་གྲོན་དང་རྒྱུན་གྲོན་ཡོགས་རྫོགས་སློབ་ཡོན་སྣེ་སེལ་བསྡུ་བཞེས་གནང་ནས་རང་ཁ་རང་གསོ་ཐུབ་པ་བྱུང་ཡོད།
༣) བལ་ཡུལ་འཕགས་ཤིང་རྣམ་རྒྱལ་འབྲིང་སློབ།
འཕགས་ཤིང་རྣམ་རྒྱལ་འབྲིང་སློབ་ནང་འཛིན་གྲྭ་སྔོན་འགྲོ་གོང་འོག་གཉིས་ནས་བརྒྱད་པ་བར་ཁྱོན་བསྡོམས་སློབ་ཕྲུག་གྲངས་༤༧༧ ཡོད་པའི་ཁོངས་ནས་ས་གནས་ཡུལ་མིའི་བུ་ཕྲུག་གྲངས་༡༨༣ དང་བོད་རིགས་སློབ་ཕྲུག་གྲངས་༣༣༥ ཡོད། དགེ་རྒན་ལས་བྱེད་ཁྱོན་བསྡོམས་གྲངས་༥༠ ཡོད།
རྩིས་ལོ་༢༠༠༦།༠༧ ནང་འཕགས་ཤིང་རྣམ་རྒྱལ་འབྲིང་སློབ་ལ་གངས་ཅན་བདེ་རྩ་ལས་ཁུངས་བརྒྱུད་སྦྱིན་བདག་གི་སློབ་ཡོན་བལ་སྒོར་༤༤༠༦༩༠༦།༦༠ བགོད་འགྲེམས་གནང་ཡོད། འཕྲོས་སློབ་གྲྭའི་འགྲོ་གྲོན་དང་རྒྱུན་གྲོན་ཡོངས་རྫོགས་སློབ་ཡོན་སྣེ་སེལ་བསྡུ་བཞེས་གནང་ནས་རང་ཁ་རང་གསོ་བྱེད་བཞིན་ཡོད།
༤) བལ་ཡུལ་འཇོ་ཁེལ་ཨ་ཏི་ཤ་ཉིན་སློབ།
འཇོ་ཁེལ་ཨ་ཏི་ཤ་ཉིན་སློབ་ནང་འཛིན་གྲྭ་སྔོན་འགྲོ་གོང་འོག་གཉིས་ནས་འཛིན་གྲྭ་ལྔ་པ་བར་ཁྱོན་བསྡོམས་སློབ་ཕྲུག་གྲངས་༨༨ ཡོད་པའི་ཁོངས་ནས་ས་གནས་ཡུལ་མིའི་བུ་ཕྲུག་གྲངས་༣ དང་བོད་རིགས་སློབ་ཕྲུག་གྲངས་༨༥ ཡོད། དགེ་རྒན་ལས་བྱེད་ཁྱོན་བསྡོམས་གྲངས་༡༢ ཡོད།
རྩིས་ལོ་༢༠༠༦།༠༧ ནང་འཇོ་ཁེལ་ཨ་ཏི་ཤ་ཉིན་སློབ་ལ་གངས་ཅན་བདེ་རྩ་ལས་ཁུངས་བརྒྱུད་སློབ་ཡོན་དང་རོགས་དངུལ་བལ་སྒོར་༡༢༢༧༤༦༩།༢༤ བགོད་འགྲེམས་གནང་ཡོད། འཕྲོས་སློབ་གྲྭའི་འགྲོ་གྲོན་དང་རྒྱུན་གྲོན་ཡོངས་རྫོགས་སློབ་ཡོན་སྣེ་སེལ་བསྡུ་བཞེས་གནང་ནས་རང་ཁ་རང་གསོ་བྱེད་བཞིན་ཡོད།
༥) སྤོག་ར་བྱམས་པ་གླིང་ལེགས་བཤད་ཚལ་གཞིས་སློབ།
སྤོག་ར་བྱམས་པ་གླིང་ལེགས་བཤད་ཚལ་གཞིས་སློབ་ནང་འཛིན་གྲྭ་སྔོན་འགྲོ་གོང་འོག་གཉིས་ནས་བདུན་པ་བར་ཁྱོན་བསྡོམས་སློབ་ཕྲུག་གྲངས་༢༢༦ ཡོད་པའི་ཁོངས་ནས་ས་གནས་ཡུལ་མིའི་བུ་ཕྲུག་གྲངས་༡༢༡ དང་བོད་རིགས་སློབ་ཕྲུག་གྲངས་༡༠༥ཡོད། དགེ་རྒན་ལས་བྱེད་ཁྱོན་བསྡོམས་གྲངས་༡༠ ཡོད།
རྩིས་ལོ་༢༠༠༦།༠༧ ནང་སྤོག་ར་བྱམས་པ་གླིང་ལེགས་བཤད་ཚལ་སློབ་གྲྭའི་རྒྱུན་གྲོན་དང་དགེ་ལས་ཀྱི་ཞབས་གླ་བསྡོམས་བལ་སྒོར་༡༩༠༢༩༧༩།༢༣ དང༌། རྒན་འཁོགས་འཚོ་སྣོན་བལ་སྒོར་༩༩༠༠༠ སློབ་ཡོན་བལ་སྒོར་༡༨༠༠༠ སློབ་གྲྭའི་ཉལ་ཁང་དང་གནས་མལ་ཟས་གྲོན་དང་ལས་བྱེད་ཞབས་གླ་བལ་སྒོར་༡༩༠༠༢༦༣།༨༨ བཅས་ཁྱོན་བསྡོམས་བལ་སྒོར་༣༩༢༠༢༤༣།༡༡ གངས་ཅན་བདེ་རྩ་ལས་ཁུངས་བརྒྱུད་བགོད་འགྲེམས་གནང་ཡོད།
༦) སྦོག་ར་དཔལ་འབྱོར་གླིང་འཇམ་དབྱངས་སློབ་གྲྭ
སྦོག་ར་དཔལ་འབྱོར་གླིང་འཇམ་དབྱངས་སློབ་གྲྭའི་ནང་འཛིན་གྲྭ་སྔོན་འགྲོ་གོང་འོག་གཉིས་ནས་འཛིན་གྲྭ་ལྔ་བ་བར་ཁྱོན་བསྡོམས་སློབ་གཉེར་བ་གྲངས་༦༨ ཡོད་པའི་ཁོངས་ནས་ས་གནས་ཡུལ་མིའི་བུ་ཕྲུག་གྲངས་༣༥ དང་བོད་རིགས་སློབ་ཕྲུག་གྲངས་༣༣ ཡོད། དགེ་རྒན་ལས་བྱེད་ཁྱོན་བསྡོམས་གྲངས་༦ ཡོད།
རྩིས་ལོ་༢༠༠༦།༠༧ ནང་སྤོག་ར་དཔལ་འབྱོར་གླིང་འཇམ་དབྱངས་སློབ་གྲྭའི་དགེ་རྒན་གཅིག་གི་ཞབས་གླ་དང་གཏན་འཇགས་དགེ་རྒན་ལས་བྱེད་ཀྱི་གསོག་དངུལ་བཅས་ཁྱོན་བསྡོམས་བལ་སྒོར་༡༨༢༡༧༠ གངས་ཅན་བདེ་རྩ་ལས་ཁུངས་ནས་བགོད་འགྲེམས་གནང་ཡོད། དེ་འཕྲོས་འགྲོ་གྲོན་དང་རྒྱུན་གྲོན་ཡོངས་རྫོགས་སྤོག་ར་གློ་སྒྲིག་བདེ་དོན་ལྷན་ཚོགས་ནས་ཐབས་འཚོལ་གནང་མུས་ཐོག་སློབ་གྲྭའི་རྒྱུན་གྲོན་རང་ཁ་རང་གསོ་བྱེད་ཀྱི་ཡོད།
༧) སྤོག་ར་བཀྲ་ཤིས་དཔལ་འཁྱིལ་གངས་ཏི་སེ་གཞིས་སློབ།
སྤོག་ར་བཀྲ་ཤིས་དཔལ་འཁྱིལ་གངས་ཏེ་སེ་གཞིས་སློབ་ནང་འཛིན་གྲྭ་དང་པོ་ནས་བདུན་པ་བར་བསྡོམས་སློབ་ཕྲུག་བུ་༨༥ དང་བུ་མོ་༡༠༢ བཅས་ཁྱོན་བསྡོམས་སློབ་གཉེར་བ་གྲངས་༡༨༧ ཡོད་པའི་ཁོངས་ནས་ས་གནས་ཡུལ་མིའི་བུ་ཕྲུག་གྲངས་༣༠ དང་བོད་རིགས་སློབ་ཕྲུག་གྲངས་༡༥༧ ཡོད། དགེ་རྒན་ལས་བྱེད་གྲངས་༢༠ ཡོད།
རྩིས་ལོ་༢༠༠༦།༠༧ ནང་སྤོག་ར་བཀྲ་ཤིས་དཔལ་འཁྱིལ་གངས་ཏེ་སེ་གཞིས་སློབ་ཀྱི་རྒྱུན་གྲོན་དང་སློབ་གྲྭའི་དགེ་རྒན་ཞབས་གླ་བཅས་བསྡོམས་བལ་སྒོར་༡༨༧༤༣༨༢།༩༩ དང་སློབ་གྲྭའི་ཉལ་ཁང་གི་གནས་མལ་དང་ཟས་གྲོན་བལ་སྒོར་༩༤༥༠༨༡།༤༥ དང༌། རྒན་འཁོགས་འཚོ་སྣོན་བལ་སྒོར་༣༤༠༢༠༠ བཅས་ཁྱོན་བསྡོམས་བལ་སྒོར་༣༡༥༩༦༦༤།༤༤ གངས་ཅན་བདེ་རྩ་ལས་ཁུངས་ནས་འགྲོ་གྲོན་ནར་གཏོང་གནང་ཡོད།
༨) ཤབ་རུག་ཤར་སྨད་དབང་འཕེལ་སློབ་གྲྭ
ཤབ་རུག་ཤར་སྨད་དབང་འཕེལ་ཞོར་སློབ་ནང་འཛིན་གྲྭ་སྔོན་འགྲོ་གོང་འོག་གཉིས་ནས་ལྔ་པ་བར་བསྡོམས་སློབ་ཕྲུག་བུ་གྲངས་༦༩ དང་བུ་མོ་གྲངས་༤༦ བཅས་ཁྱོན་བསྡོམས་སློབ་གཉེར་བ་གྲངས་༡༡༥ ཡོད་པའི་ཁོངས་ནས་ས་གནས་ཡུལ་མིའི་བུ་ཕྲུག་གྲངས་༦༩ དང་བོད་རིགས་སློབ་ཕྲུག་གྲངས་༤༦ ཡོད། དགེ་རྒན་ལས་བྱེད་བསྡོམས་གྲངས་༧ ཡོད།
རྩིས་ལོ་༢༠༠༦།༠༧ ནང་ཤབ་རུག་ཤར་སྨད་དབང་འཕེལ་ཞོར་སློབ་ཀྱི་རྒྱུན་གྲོན་དང་སློབ་གྲྭའི་དགེ་རྒན་ཞབས་གླ་བཅས་བསྡོམས་བལ་སྒོར་༥༠༡༦༨༤།༡༣ དང༌། སློབ་གྲྭའི་ཉལ་ཁང་གི་གནས་མལ་དང་ཟས་གྲོན་བལ་སྒོར་༦༧༩༥༣༨།༣༡ རྒན་འཁོགས་འཚོ་སྣོན་བལ་སྒོར་༩༢༤༠༠ བཅས་ཁྱོན་བསྡོམས་བལ་སྒོར་༡༢༨༣༦༢༢།༤༤ གངས་ཅན་བདེ་རྩ་ལས་ཁུངས་ནས་འགྲོ་གྲོན་ནར་གཏོང་གནང་ཡོད།
༩) ཝ་ལུང་བསམ་འཕེལ་གླིང་ཉིན་སློབ།
ཝ་ལུང་བསམ་འཕེལ་གླིང་ཉིན་སློབ་ནང་འཛིན་གྲྭ་སྔོན་འགྲོ་ནས་ལྔ་པར་བསྡོམས་སློབ་ཕྲུག་བུ་གྲངས་༡༤ དང་བུ་མོ་གྲངས་༡༤ བཅས་ཁྱོན་བསྡོམས་སློབ་ཕྲུག་གྲངས་༢༨ ཡོད་པའི་ཁོངས་ནས་ས་གནས་ཡུལ་མིའི་བུ་ཕྲུག་གྲངས་༦ དང་བོད་རིགས་སློབ་ཕྲུག་གྲངས་༢༢ ཡོད། དགེ་རྒན་ལས་བྱེད་གྲངས་༣ ཡོད།
རྩིས་ལོ་༢༠༠༦།༠༧ ནང་ཝ་ལུང་བསམ་འཕེལ་གླིང་ཉིན་མོའི་ཞོར་སློབ་ཀྱི་རྒྱུན་གྲོན་དང་སློབ་གྲྭའི་དགེ་རྒན་ཞབས་གླ་བཅས་བསྡོམས་བལ་སྒོར་༢༨༢༣༩༩༠༤ དང༌། ས་གནས་སློབ་གཉེར་བར་འཚོ་སྣོན་བལ་སྒོར་༢༦༠༠༠ རྒན་འཁོགས་འཚོ་སྣོན་བལ་སྒོར་༨༥༨༠༠ དེ་བཞིན་ཝ་ལུང་སློབ་གཉེར་བ་དང་ཀ་སྦུག་དང་རྡོར་གླིང༌། སྤོག་རེ་བྷོང་དང་སྒང་ཏོག་སོགས་ཀྱི་སློབ་ཡོན་བགོད་འགྲེམས་གནང་བ་བལ་སྒོར་༢༢༡༥༢༠ བཅས་ཁྱོན་བསྡོམས་བལ་སྒོར་༦༡༨༧༡༩།༠༤ གངས་ཅན་བདེ་རྩ་ནས་ནར་གཏོང་གནང་ཡོད།
༡༠) གློ་ཚེ་རོག་དཔལ་དབྱངས་ཅན་ལྷ་མོའི་ཉིན་སློབ།
གློ་ཚེ་རོག་དཔལ་དབྱངས་ཅན་ལྷ་མོའི་ཉིན་སློབ་ནང་འཛིན་གྲྭ་སྔོན་འགྲོ་གོང་འོག་གཉིས་ནས་བཞི་པ་བར་ཁྱོན་བསྡོམས་སློབ་ཕྲུག་གྲངས་༤༣ ཡོད་པའི་ཁོངས་ནས་ས་གནས་ཡུལ་མིའི་བུ་ཕྲུག་གྲངས་༡༠ དང་བོད་རིགས་སློབ་ཕྲུག་གྲངས་༣༣ ཡོད། དགེ་རྒན་ལསབྱེད་བསྡོམས་གྲངས་༥ ཡོད།
རྩིས་ལོ་༢༠༠༦།༠༧ ནང་གློ་ཚེ་རོག་དཔལ་དབྱངས་ཅན་ལྷ་མོའི་ཉིན་སློབ་དང་བུ་གསོ་ཁང་གི་རྒྱུན་གྲོན་དང་སློབ་གྲྭའི་དགེ་རྒན་ཞབས་གླ་བཅས་བསྡོམས་བལ་སྒོར་༧༥༧༢༥༩།༠༨ དང༌། ཤིང་འབྲས་ཀུ་ཤུ་འདེབས་ལས་ཀྱི་རྒྱུན་གྲོན་བལ་སྒོར་༡༨༠༠༠༠༠ རྒན་འཁོགས་འཚོ་སྣོན་བལ་སྒོར་༢༢༢༠༠ བཅས་ཁྱོན་བསྡོམས་བལ་སྒོར་༧༩༧༤༨༩།༠༨ གངས་ཅན་བདེ་རྩ་ལས་ཁུངས་ནས་འགྲོ་གྲོན་ཐབས་འཚོལ་གནང་ཡོད།
༡༡ ཤར་ཁུམ་གངས་ཇོ་མོ་གླང་མ་གཞིས་སློབ།
ཤར་ཁུམ་གངས་ཇོ་མོ་གླང་མ་གཞིས་སློབ་ནང་འཛིན་གྲྭ་སྔོན་འགྲོ་གོང་འོག་གཉིས་ནས་འཛིན་རིམ་ལྔ་པ་བར་བསྡོམས་སློབ་ཕྲུག་གྲངས་༡༥༥ ཡོད་པའི་ཁོངས་ནས་ས་གནས་ཡུལ་མིའི་བུ་ཕྲུག་གྲངས་༡༤༦ དང་བོད་རིགས་སློབ་ཕྲུག་གྲངས་༩ ཡོད། དགེ་རྒན་ལས་བྱེད་བསྡོམས་གྲངས་༡༢ ཡོད།
རྩིས་ལོ་༢༠༠༦།༠༧ ནང་ཤར་ཁུམ་གངས་ཇོ་མོ་གླང་མ་གཞིས་སློབ་ཀྱི་རྒྱུན་གྲོན་བལ་སྒོར་༡༠༢༣༦༠༤།༩༡ དང༌། སློབ་གྲྭའི་ཉལ་ཁང་གི་གནས་མལ་འགྲོ་གྲོན་བལ་སྒོར་༩༡༦༣༤༨།༣༣ རྒན་འཁོགས་འཚོ་སྣོན་བལ་སྒོར་༣༡༨༩༠༠ བཅས་ཁྱོན་བསྡོམས་བལ་སྒོར་༢༢༥༨༨༥༣།༢༤ གངས་ཅན་བདེ་རྩ་ལས་ཁུངས་ནས་ནར་གཏོང་གནང་ཡོད།
༡༢ མ་ནང་བློ་འཕེལ་གླིང་སློབ་གྲྭ
མ་ནང་བློ་འཕེལ་གླིང་སློབ་གྲྭའི་ནང་འཛིན་གྲྭ་སྔོན་འགྲོ་གོང་གཉིས་ནས་འཛིན་གྲྭ་གསུམ་པ་བར་ཁྱོན་བསྡོམས་སློབ་ཕྲུག་གྲངས་༧༤ ཡོད་པའི་ཁོངས་ནས་ས་གནས་ཡུལ་མིའི་བུ་ཕྲུག་༢༢ དང་བོད་རིགས་སློབ་ཕྲུག་༥༢ དགེ་རྒན་ལས་བྱེད་བསྡོམས་༡༢ བཅས་ཡོད།
རྩིས་ལོ་༢༠༠༦།༠༧ ནང་མ་ནང་སློབ་གྲྭའི་དགེ་རྒན་ཞབས་གླ་བཅས་བསྡོམས་བལ་སྒོར་༦༠༥༤༩༧།༥༠ དང༌། སློབ་གྲྭའི་ཉལ་ཁང་གི་གནས་མལ་དང་ཟས་གྲོན་བལ་སྒོར་༡༧༠༠༤༩༥།༥༠ སློབ་གྲྭའི་རྒྱུན་གྲོན་དང་སློབ་ཡོན་འཚོ་སྣོན་བཅས་བལ་སྒོར་༢༨༣༩༩༠།༥༤ བཅས་ཁྱོན་བསྡོམས་བལ་སྒོར་༢༨༨༥༦༣༢།༩༢ གངས་ཅན་བདེ་རྩ་ལས་ཁུངས་ནས་འགྲོ་གྲོན་ཐབས་འཚོལ་གནང་ཡོད།
གོང་གསལ་ཁྱབ་ཁོངས་སློབ་གྲྭ་ཁག་ལ་གཟིགས་རྟོག་གནང་རྒྱུ་མ་ཟད། གངས་ཅན་བདེ་རྩས་རྒྱ་གར་དང་བལ་ཡུལ་སོགས་ཀྱི་ཆེས་མཐོའི་སློབ་གཉེར་ཁང་གི་ནང་སློབ་གཉེར་བྱེད་པའི་སློབ་མ་དང་སྦྱིན་བདག་རྣམས་ཀྱི་རེ་འདོད་དང་འབོད་བསྐུལ་ལྟར་སློབ་ཡོན་ཐབས་འཚོལ་དང༌། བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་བཅས་བགོད་འགྲེམས་གནང་གི་ཡོད།
༤། ཤེས་ཡོན་ཡར་རྒྱས་ལས་རིམ།
བལ་གཞུང་ཤེས་རིག་ལས་ཁུངས་ཀྱི་སློབ་ཚན་དང་སློབ་དེབ་སྡེ་ཚན་ནས་འཛིན་རིམ་དགུ་པ་དང་བཅུ་པ་གཉིས་ཀྱི་ནང་བོད་ཀྱི་སྐད་ཡིག་གདམ་ཁའི་སློབ་ཚན་དུ་འཇོག་གནང་ཐོག་སློབ་དེབ་རྩོམ་བྲིས་པ་དགོས་པའི་གཞུང་འབྲེལ་ཡོངས་ཁྱབ་གསལ་བསྒྲགས་གནང་དོན་ལྟར་རྣམ་རྒྱལ་མཐོ་སློབ་དང༌། སྲོང་བཙན་བལ་བཟའ་མཐོ་སློབ། རྒྱལ་ནོར་རྒྱལ་སྤྱིའི་དཔེ་སྟོན་སློབ་གྲྭའི་བོད་དགེ་དང། གངས་ཅན་བདེ་རྩའི་འཛིན་སྐྱོང་བ་བཅས་མི་བཞི་ནས་འཚངས་སྙན་ཕུལ་བར་ལས་ཐོབ་བྱུང་འཕྲལ། འཛིན་རིམ་དགུ་པ་དང་བཅུ་པའི་བོད་ཀྱི་སྐད་ཡིག་གདམ་ཁའི་སློབ་དེབ་ཕྱོགས་བསྒྲིགས་ཞུས་པ་བོད་གཞུང་ཤེས་རིག་ལས་ཁུངས་ལ་མཐའ་མའི་བསྐྱར་ཞིབ་གནང་བར་ཕུལ་ཏེ་གཏན་འབེབས་ཐུབ་པ་བྱུང་ཡོད།
དེང་འཛམ་གླིང་ནང་ཚན་རིག་ཡར་རྒྱས་ཀྱི་ཉེར་ལེན་ལ་བརྟེན་ནས་ཕྱི་དངོས་པོའི་མཐུན་རྐྱེན་བཟང་དུ་ཕྱིན་ཡོད་ནའང༌། དེ་དང་ཆབས་ཅིག་མི་དང་མིའི་དབར་གྱི་འབྲེལ་ལམ་ཇེ་དམ་དང༌། འགྲན་རྩོད་ཇེ་ཆེར་སོང་བས་བསམ་བློའི་ནང་བློ་བདེ་བག་ཕེབས་ཡོང་དཀའ་བ་དངོས་ཡོད་ཡིན་སྟབས། ནང་པའི་ཆོས་ཀྱི་རྩ་བ་འགྲོ་བ་མིའི་ཡ་རབས་བཟང་སྤྱོད་དང༌། བྱུང་ན་གཞན་ལ་ཕན་ཐོགས་བྱེད་དགོས་པ་དང༌། དེ་ལྟར་བྱེད་མ་ཐུབ་ནའང་གཞན་ལ་གནོད་པ་སྐྱེལ་རྒྱུ་མེད་པ་དང༌། རང་རྒྱལ་གཞན་ཕམ་མིན་པར་རང་ལས་གཞན་གཅེས་པའི་སྙིང་རྗེ་དང༌། གཏོང་ཕོད་ཀྱི་བསམ་བློ་ཡོད་པ་དང༌། དེ་བཞིན་དམིགས་བསལ་བོད་ཀྱི་ཆོས་དང་རིག་གཞུང་ཡ་རབས་བཟང་སྤྱོད་རྣམས་སོར་གནས་ཡོང་སླད། བོད་ཀྱི་སྐད་ཡིག་གལ་འགངས་ཆེ་ཤོས་ཡིན་གཤིས། གངས་ཅན་བདེ་རྩའི་ཁྱབ་ཁོངས་སློབ་གྲྭ་ཁག་དང་སྤོག་ར་ཨེས་ཨོ་ཨེས་གཞི་རིམ་གོང་མའི་སློབ་གྲྭ་བཅས་ཀྱི་ནང་བོད་ཡིག་ནང་ཁུལ་རྒྱལ་ཡོངས་ཡིག་རྒྱུགས་གཏོང་མུས་ལྟར། འདི་ལོ་ཡང་འཛིན་རིམ་བརྒྱད་པའི་ནང་སློབ་གཉེར་བ་གྲངས་༡༦༥ དང་འཛིན་རིམ་བཅུ་པའི་ནང་སློབ་གཉེར་བ་གྲངས་༡༥༡ དང་འཛིན་རིམ་བཅུ་གཉིས་ཀྱི་ནང་སློབ་གཉེར་བ་གྲངས་༥༨ བཅས་ཁྱོན་བསྡོམས་སློབ་ཕྲུག་གྲངས་༣༧༤ ནས་བོད་ཡིག་རྒྱལ་ཡོངས་ཡིག་རྒྱུགས་བཏང་ཡོད།
དེ་བཞིན་ཀ་ཐ་མན་གྲུ་མངའ་ཁུལ་རྣམ་རྒྱལ་མཐོ་འབྲིང་གཉིས་དང༌། སྲོང་བཙན་བལ་བཟའ་མཐོ་སློབ་དང༌། སྤོག་ར་ཨེས་ཨོ་ཨེས་མཐོ་སློབ་བཅས་སློབ་ཁག་བཞིའི་འཛིན་རིམ་༨།༡༠།༡༢ བཅས་སོ་སོའི་ནང་ཨང་དང་པོར་བལ་སྒོར་༡༠༠༠ དང༌། ཨང་གཉིས་པར་བལ་སྒོར་༨༠༠ ཨང་གསུམ་པར་བལ་སྒོར་༥༠༠ ཐམ་པ་བཅས་བོད་ཡིག་རྒྱལ་ཡོངས་ཡིག་རྒྱུགས་ཨང་རིམ་ཐོབ་པ་རྣམས་ལ་ལོ་ལྟར་ྋགོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་གངས་ཅན་བདེ་རྩའི་ལས་ཁུངས་ནས་བྱ་དགའ་འབུལ་བཞིན་ཡོད།
བལ་ཡུལ་སློབ་གྲྭ་ཁག་གི་ཕྱི་ལོ་༢༠༠༦ ལོའི་ཡིག་རྒྱུགས་གྲུབ་འབྲས་རེའུ་མིག
སློབ་གྲྭའི་མིང༌། | རྒྱུགས་ཞུགས། | རྒྱུགས་འཕྲོད་པ། | མ་འཕྲོད་པ། | རྒྱུགས་འཕྲོད་བརྒྱ་ཆ། |
རྣམ་རྒྱལ་མཐོ་སློབ། | ༣༩༣ | ༣༥༢ | ༤༡ | ༨༩་༥༧ |
སྲོང་བཙན་བཐོ་སློབ། | ༦༤༣ | ༦༠༡ | ༤༢ | ༩༣་༤༧ |
རྣམ་རྒྱལ་འབྲིང་སློབ། | ༤༦༥ | ༤༢༠ | ༤༥ | ༩༠་༣༢ |
ཨ་ཏི་ཤ་ཉིན་སློབ། | ༨༨ | ༧༦ | ༡༢ | ༨༦་༣༦ |
ལེགས་བཤད་ཚལ། | ༢༡༩ | ༡༨༤ | ༣༥ | ༨༤་༠༢ |
འཇམ་དབྱངས་སློབ་གྲྭ། | ༦༨ | ༦༥ | ༣ | ༩༥་༥༩ |
གངས་ཆེན་ཏེ་སེ། | ༡༨༦ | ༡༥༦ | ༣༠ | ༨༣་༨༧ |
ཤར་སྨད་དབང་འཕེལ། | ༡༠༥ | ༩༠ | ༡༥ | ༨༥་༧༡ |
བསམ་འཕེལ་གླིང༌། | ༢༨ | ༢༣ | ༥ | ༨༢་༡༤ |
དབྱངས་ཅན་སློབ་གྲྭ། | ༣༩ | ༣༠ | ༩ | ༧༦་༩༢ |
གངས་ཇོ་མོ་གླང་མ། | ༡༥༢ | ༡༢༨ | ༢༤ | ༨༤་༢༡ |
བློ་འཕེལ་གླིང༌། | ༧༤ | ༦༡ | ༡༣ | ༨༢་༤༣ |
ཁྱོན་བསྡོམས། | ༢༤༦༠ | ༢༡༨༦ | ༢༧༤ | ༨༨་༨༦ |
༥། འཕྲོད་བསྟེན་སྐོར།
དེ་ཡང་ཐོག་མར་ཕྱི་ལུགས་ཀྱི་སྔོན་འགྲོའི་སྨན་ཁང་དང་སྨན་པ། སྨན་ཞབས་ལས་བྱེད་པའི་སྐོར་བརྗོད་ན། འཕྲོད་བསྟེན་གྱི་དགོས་མཁོ་ནི་མིའི་མི་ཚེའི་ནང་གལ་གནད་ཆེ་ཤོས་ཞིག་ཡིན་པས། ཀ་ཐ་མངའ་ཁུལ་འཇོ་ཁེལ་དང་མཆོད་རྟེན་ཁུལ་དུ་གཞི་རིམ་འཕྲོད་བསྟེན་སྨན་ཁང་གཉིས་འཛིན་སྐྱོང་བྱེད་མུས་ཡིན། ལོ་འདིར་སྨན་ཞབས་པ་བཞི་དང་སྨན་པ་གཉིས་ཀྱི་ཞབས་གླ་བལ་སྒོར་༦༢༠༨༢༨ ཕྱིན་ཡོད། དེ་བཞིན་འཕྲོད་བསྟེན་སྨན་ཁང་གཉིས་ཀྱི་རྒྱུན་གྲོན་བལ་སྒོར་༤༧༠༣༧།༨༢ དང༌། འཇོ་ཁེལ་རྒན་གསོ་ཁང་གི་སྨན་རིན་དང་སྨན་སྦྱིན་སོགས་བསྡོམས་སྨན་རིན་བལ་སྒོར་༢༦༧༤༠༣།༧༩ བཅས་ཀ་ཐ་མངའ་ཁུལ་འཇོ་ཁེལ་དང་མཆོད་རྟེན་གཉིས་ཀྱི་གཞི་རིམ་འཕྲོད་བསྟེན་སྨན་ཁང་གི་ལོ་འཁོར་འགྲོ་གྲོན་ཁྱོན་བསྡོམས་བལ་སྒོར་༩༣༥༥༦༩།༦༡ ཕྱིན་ཡོད། གཞི་རིམ་འཕྲོད་བསྟེན་སྨན་ཁང་གཉིས་ནས་ནད་པ་གྲངས་༡༢༠༠ ལྷག་ལ་སྨན་བཅོས་ཀྱི་མཐུན་འགྱུར་ཞབས་ཞུ་གནང་བཞིན་ཡོད།
བོད་སྨན་གྱི་སློབ་སྦྱོང་དང་སྨན་པ་ལས་བྱེད་ནི། རྡོར་ཐང་ནོར་འཛིན་གླིང་གཞིས་ཆགས་སུ་བོད་སྨན་སློབ་སྦྱོང་བྱེད་མཁན་བུ་གྲངས་གཉིས་དང་བུ་མོ་གྲངས་གཅིག་བཅས་སློབ་གཉེར་བ་གསུམ་ལ་བོད་སྨན་སྦྱོང་བརྡར་ཐོག་འཚོ་སྣོན་དང་སྨན་དགེའི་ཞབས་གླ་བཅས་བལ་སྒོར་༨༤༧༢༡ ཕུལ་བ་མ་ཟད། ས་གནས་གཞིས་མི་དང་ཡུལ་མི་རྣམས་ལ་བོད་སྨན་མཐུན་རྐྱེན་མཁོ་སྒྲུབ་ཞུས་ཐོག་ལོ་འདིར་བོད་སྨན་བལ་སྒོར་༧༡༨༡༩ སྨན་སྦྱིན་དུ་ཕུལ་ཡོད།
༦། སྤྱི་ཚོགས་ཞབས་ཞུའི་ལས་རིམ།
གངས་ཅན་བདེ་རྩའི་དམིགས་ཡུལ་དགོངས་དོན་སྐུ་ན་བགྲེས་པ་དང་དབང་པོ་སྐྱོན་ཅན་དངོས་ཡོད་དཀའ་ངལ་ཡོད་རིགས་ལ་གུས་བཀུར་དང་བཅས་འཚོ་སྣོན་བགོད་འགྲེམས་ཞུ་མུས་ཐོག ཕྱི་ལོ་༢༠༠༦།༠༧ ལོ་ནས་གངས་ཅན་བདེ་རྩའི་འགན་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་དགོངས་དོན་བཞིན་ས་གནས་ཁག་བཅོ་ལྔའི་རྒས་འཁོགས་གྲངས་༣༣༤ ལ་འཚོ་སྣོན་འཕར་ཆ་དང་སྦྲགས་ཁོངས་སོ་སོར་ནར་གཏོང་གནང་ཡོད།
༧། དཔལ་འབྱོར་ཡོངས་ཁུངས་དང་འགྲོ་གྲོན་གནས་སྟངས།
ཕྱི་ལོ་༡༩༧༢ ལོར་བལ་ཡུལ་ནང་ཡོད་པའི་བོད་མི་སྐྱབས་བཅོལ་བ་རྣམས་རང་ཁ་རང་གསོ་ཐུབ་པའི་གཞི་རིམ་གྱི་དམིགས་ཡུལ་འདི་བཟུང་ནས་སུད་སི་ས་ཀྲ་ནས་གངས་ཅན་བདེ་རྩའི་ལས་ཁུངས་འདི་དབུ་འཛུགས་གནང་ཡོད་ནའང༌། དེ་ནས་ད་བར་བོད་མིའི་དགོས་མཁོ་དང་བསྟུན་ཏེ་འཕོ་འགྱུར་མང་པོ་ཕྱིན་ཡོད།
ཕྱི་ལོ་༢༠༠༦།༠༧ ནང་ཁུལ་ནས་ཞལ་འདེབས་དང་འགྲོ་གྲོན་གནང་མཁན་ཁག
༡། བོད་གཞུང་ཤེས་རིག་ལས་ཁུངས།
༢། བོད་གཞུང་ནང་སྲིད་ལས་ཁུངས།
༣། བོད་གཞུང་འཕྲོད་བསྟེན་ལས་ཁུངས།
༤། འཇོ་ཁེལ་བཟོ་གཞིས་ལས་ཁུངས།
༥། བཀྲ་ཤིས་དཔལ་འཁྱིལ་བཟོ་གཞིས་ལས་ཁུངས།
༦། བཀྲ་ཤིས་དཔལ་འཁྱིལ་མཉམ་ལས།
༧། གློ་སྒྲིག་བདེ་དོན་འཛིན་སྐྱོང་ཚོགས་ཆུང༌།
གོང་གསལ་ཁག་ཕུད། ཐེབས་རྩ་ཚོགས་པ་འདིར་ཞལ་འདེབས་དང་རོགས་རམ་གནང་མཁན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་སྡེ་ཚན་སྤྱི་སྒེར་ཁག་མང་པོ་ཡོད།
༨། གཞིས་ཆགས་སོ་སོར་འགྲོ་གྲོན་ཕྱིན་པ་གཤམ་གསལ།
ཕྱི་ལོ་༢༠༠༦།༢༠༠༧ ལོའི་གངས་ཅན་བདེ་རྩའི་རོགས་དངུལ་འགྲོ་གྲོན་གནས་སྟངས་གཤམ་གསལ།
ཨང༌། | གཞིས་ཆགས་ཀྱི་མིང༌། | བལ་སྒོར། | |
༡། | ཤར་ཁུམ་གཞིས་ཆགས། | ༢༢༥༨༨༥༣།༢༤ | |
༢། | སྤོག་ར་བཀྲ་ཤིས་དཔལ་འཁྱིལ་གཞིས་ཆགས། | ༣༩༢༠༦༦༤།༤༤ | |
༣། | རྡོར་པ་ཊོན་གཞིས་ཆགས། | ༣༣༢༨༨༩།༠༠ | |
༤། | སྤོག་ར་བྱམས་པ་གླིང་གཞིས་ཆགས། | ༣༩༢༠༢༤༣།༡༡ | |
༥། | དགོན་སྡེ་ཁག་གསུམ། | ༢༢༡༢༤༢།༦༢ | |
༦། | སྤོག་ར་དཔལ་འབྱོར་གླིང་གཞིས་ཆགས། | ༡༨༢༡༧༠།༠༠ | |
༧། | སྤོག་ར་བཀྲ་ཤིས་གླིང་གཞིས་ཆགས། | ༢༥༦༨༠༠།༠༠ | |
༨། | ཤབ་རུག་གཞིས་ཆགས། | ༡༢༨༣༦༢༢།༤༤ | |
༩། | ཝ་ལུང་གཞིས་ཆགས། | ༦༡༨༧༡༩།༠༤ | |
༡༠། | གློ་ཚེ་རོག་གཞིས་ཆགས། | x | |
༡༡། | མ་ནང་བློ་འཕེལ་གླིང་སློབ་གྲྭའི་འགྲོ་གྲོན། | ༢༥༨༥༦༣༢།༩༢ | |
༡༢། | ཀ་ཐ་མན་གྲུ་མངའ་ཁུལ། | ༢༠༨༡༥༠༢།༧༥ | |
༡༣། | སློབ་ཡོན། | ༣༧༥༤༦༡༩༦།༦༥ | |
༡༤། | འཛིན་སྐྱོང༌། | ༢༢༤༣༢༤༨།༨༠ | |
༡༦། | བྱེད་སྒོ་དང་ལས་རིམ་ཁག | ༣༣༠༨༣༠།༥༦ | |
ཁྱོན་བསྡོམས་སྒོར། | ༥༧༨༣༦༠༧༤།༦༥ |
རྩིས་ལོ་༢༠༠༦།༠༧ ནང་འགྲོ་གྲོན་གཏོང་སྒོ་ཁག
ཨང། | སྡེ་ཚན་ཁག་གི་མིང་། | བལ་སྒོར། | ||
༡། | བྱེད་སྒོ་དང་ལས་རིམ། | ༣་༤༨་༨༣༠།༥༦ | ||
༢། | ཉལ་ཁང་རྒྱུན་གྲོན། | ༦༡་༥༡་༧༢༧།༤༧༢ | ||
༣། | འཛིན་སྐྱོང༌། | ༢༢་༤༣་༢༤༨།༨༠ | ||
༤། | ཤེས་ཡོན་དང་སློབ་གྲྭའི་འགྲོ་གྲོན། | ༧༢་༢༣་༥༨༧།༤༢ | ||
༥། | སྨན་ཞབས་པའི་ཞབས་གླ་དང་སྨན་རིན། | ༡༠༩༡༨༠༨།༦༡ | ||
༦། | སློབ་ཡོན། | ༣༧༩༦༦༣༦༦།༠༣ | ||
༧། | རྒན་འཁོགས་འཚོ་སྣོན་དང་རྒས་གསོ་ཁང༌། | ༢༨༡༠༥༠༥།༧༦ | ||
ཁྱོན་བསྡོམས་སྒོར། | ༥༧༨༣༦༠༧༤།༦༥ |
གོང་གསལ་འགྲོ་དངུལ་རྣམས་ཆ་བགོས་བྱེད་ཕྱོགས་གཤམ་གསལ།
༡། བྱེད་སྒོ་དང་ལས་རིམ།(བརྒྱ་ཆ་༡)
ལས་རིམ་འདིའི་ནང་འཚོ་སྣོན་དང་འབྲེལ་བའི་རྒྱུན་གྲོན། སློབ་ཡོན་དང་འབྲེལ་བའི་རྒྱུན་གྲོན། དཔལ་འབྱོར་འདུ་འགོད། དངོས་ཆས་སྐུལ་ཟད། ལས་ཁུངས་ཁང་པ་ཉམས་གསོ། བོད་ཡིག་རྒྱལ་ཡོངས་ཡིག་རྒྱུགས་འགྲོ་གྲོན། ཞབས་རིམ་དང་ལོ་གསར་རྟེན་འབྲེལ་གྱི་མཆོད་འབུལ་ཁག་ཡོད།
༢། ཉལ་ཁང་རྒྱུན་གྲོན།(བརྒྱ་ཆ་༡༡)
འགྲོ་དངུལ་འདི་ཁོངས་སུ་ཤར་ཁུམ། བཀྲ་དཔལ། བྱམས་པ་གླིང༌། ཤབ་རུག མ་ནང་བཅས་ཉལ་ཁང་ལྔའི་རྒྱུན་གྲོན་ལ་བཏང་ཡོད།
༣། འཛིན་སྐྱོང་འགྲོ་གྲོན།(བརྒྱ་ཆ་༤)
འདི་ནི་ལས་ཁུངས་མ་ལག་ཁག་གི་འཛིན་སྐྱོང་འགྲོ་གྲོན་ཡོངས་རྫོགས་ཆེད་ཡིན།
༤། ཤེས་ཡོན་སློབ་གྲོན།(བརྒྱ་ཆ་༡༢)
ཤར་ཁུམ་དང༌། བཀྲ་ཤིས་དཔལ་འཁྱིལ། བྱམས་པ་གླིང༌། དགོན་སྡེ་གསུམ། དཔལ་འབྱོར་གླིང་དགེ་རྒན་གཅིག ཤབ་རུག ཤར་ཁུམ། ཝ་ལུང༌། གློ་ཚེ་རོགས། མ་ནང་བཅས་སློབ་གྲྭ་དགུའི་ཤེས་ཡོན་གྱི་རྒྱུན་གྲོན་ཆེད་ཡིན།
༥། འཕྲོད་བསྟེན་འགྲོ་གྲོན།(བརྒྱ་ཆ་༢)
འགྲོ་དངུལ་འདི་ནི་བལ་ཡུལ་ཀ་ཐ་མངའ་ཁུལ་འཕྲོད་བསྟེན་སྨན་ཁང་གཉིས་དང༌། རྡོར་ཐང་བོད་སྨན་གྱི་དགེ་སློབ་འཚོ་སྣོན་དང་ཞབས་གླ་སྨན་སྦྱིན་བཅས་ཀྱི་འགྲོ་གྲོན་ཡིན།
༦། སློབ་ཡོན།(བརྒྱ་ཆ་༦༥)
ཀ་ཐ་མངའ་ཁུལ་སློབ་ཁག་བཞིའི་སློབ་ཡོན་དང༌། བྱམས་པ་གླིང༌། ཝ་ལུང༌། མ་ནང་བཅས་སློབ་ཁག་བདུན་དང༌། མཐོ་སློབ་ཁག་དང་སྒེར་སློབ་ཁག་ནང་བསྐྱོད་བཞིན་པའི་སློབ་གཉེར་བ་སྒེར་ལ་སློབ་ཡོན་བགོད་འགྲེམས་ཞུ་རྒྱུ་བཅས།
༧། རྒན་འཁོགས་དང་འཚོ་སྣོན།བརྒྱ་ཆ་༥
འགྲོ་དངུལ་འདི་ནི་རྒན་འཁོགས་འཚོ་སྣོན་དང༌། ཤར་ཁུམ། བཀྲ་དཔལ། རྡོར་པ་ཊན། བྱམས་པ་གླིང༌། དགོན་སྡེ་གསུམ། དཔལ་འབྱོར་གླིང༌། བཀྲ་ཤིས་གླིང༌། ཤབ་རུག ཝ་ལུང༌། གློ་ཚེ་རོགས་དང་ཀ་ཐ་མངའ་ཁུལ་བཅས་རྒན་འཁོགས་གྲངས་༣༣༤ ལ་འཚོ་སྣོན་སྤྲོད་ཆེད་ཡིན།
མཐའ་དོན། བལ་ཡུལ་གངས་ཅན་བདེ་རྩ་ཞེས་པའི་གཞུང་འབྲེལ་མིན་པའི་ཤེས་ཚོགས་དགེ་རྩ་ཚོགས་པ་འདིས་འདས་པའི་ལོ་ངོ་༣༠ ལྷག་གི་རིང་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དགོངས་དོན་དང༌། བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སྲིད་བྱུས་ལམ་སྟོན་འོག་བལ་ཡུལ་དུ་གནས་སྡོད་སྐྱབས་བཅོལ་བོད་མིའི་ཕྲུ་གུ་རྣམས་ལ་བོད་ཀྱི་ཆོས་དང་རིག་གཞུང༌། སྐད་ཡིག་རིག་གནས་སོགས་སྲོལ་རྒྱུན་རིག་གཞུང་ཐོག་དེང་རབས་ཀྱི་ཚན་རྩིས་རིག་གནས་ཟུང་འབྲེལ་གྱིས་འདབ་གཤོག་ཟུང་ལྡན་གྱི་མི་རབས་གསར་པ་སྟོང་ཕྲག་མང་པོ་གསོ་སྐྱོང་བྱས་ཡོད་པ་མ་ཟད། སྤྱི་ཚོགས་ཁྲོད་ཉམ་ཐག་དང༌། དབུལ་ཕོངས། རྒས་གཅོང་སོགས་ལ་འཚོ་སྣོན་དང་སློབ་ཡོན་གྱི་རོགས་སྐྱོར་སོགས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་ཞབས་འདེགས་ཀྱི་བྱས་རྗེས་ཆེན་པོ་བཞག་ཡོད་ལ། མ་འོངས་པར་མུ་མཐུད་ཡར་རྒྱས་ཀྱི་ཕྱོགས་སུ་ཧུར་བརྩོན་གནང་མུས་རེད།
༩། ད་ལྟའི་གནས་བབས།
ད་ལྟའི་ཆར་གངས་ཅན་བདེ་རྩའི་་སློབ་གྲྭའི་སྤྱི་ཁྱབ་ཡིག་ཚང་ཁྱབ་ཁོངས་སུ་སློབ་གྲྭ་ཁག་ ༩ ཡོད་པ་དང་། དེ་ཡང་སྔོན་འགྲོ་འཛིན་རིམ་དང་པོ་ནས་གཞི་རིམ་གོང་མའི་འཛིན་རིམ་བཅུ་གཉིས་བར་གྱི་སློབ་ཕྲུག་ཁྱོན་གྲངས་ ༡༥༤༩ ཙམ་ཡོད།