བཙན་བྱོལ་གྱི་སློབ་གྲྭ་གཞན།

དུས་རབས་ཉི་ཤུ་པའི་ནང་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ། ཨིན་ཇིས་གཙོས་པའི་སྟོབས་ཆེན་རྒྱལ་ཁབ་མང་པོ་ཞིག་གི་མངའ་འོག་ཏུ་ཚུད་པའི་ཡུལ་ལུང་མང་པོ་ཞིག་ལ་རང་དབང་ཐོབ་པ་དང༌། རྒྱ་ནག་དང་ཨུ་རུ་སུས་གཙོས་པའི་སྟོབས་ཆེན་རྒྱལ་ཁབ་འགས་སྔ་མོ་ནས་རང་བཙན་ཡིན་པའི་ཡུལ་ལུང་མང་པོ་བཙན་ཐབས་ཀྱིས་མངའ་ཁོངས་སུ་བསྡུས་པ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གསར་ཚུགས་ཀྱིས་འཛམ་གླིང་གི་ལས་དོན་མང་པོ་མཉམ་བགྲོས་བྱེད་པ་སོགས་འཛམ་གླིང་གི་སྒྲོམ་གཞིར་འཕོ་འགྱུར་ཆེན་པོ་བྱུང་བའི་བརྒྱུད་རིམ་ཁྲོད། ལོ་ངོ་སྟོང་ཕྲག་དུ་མའི་རིང་གངས་རིའི་ར་བས་བསྐོར་བའི་མཐོ་སྒང་སྟེང་མི་རབས་ནས་མི་རབས་བར་འཚོ་སྡོད་བྱེད་པའི་གདོང་དམར་བོད་མི་རྣམས་ལ་ལོ་རྒྱུས་སྟེང་བྱུང་མྱོང་མེད་པའི་ཆགས་འཇིག་གི་གནས་སུ་གྱར་སྐབས། ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མི་འབུལ་ཕྲག་ཉེ་བ་བཙན་བྱོལ་དུ་བསྐྱོད་དགོས་པའི་ཐ་སྐྱོའི་གནས་ཚུལ་བྱུང༌།
བོད་མི་རྣམས་བཙན་བྱོལ་དུ་སླེབས་པའི་དུས་ཐོག་མ་ཉིད་ནས་བཟུང༌། ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་བླ་ན་མེད་པའི་དབུ་འཁྲིད་འོག མི་རིགས་རང་གི་སྲོལ་རྒྱུན་ཤེས་ཡོན་གྱི་རྨང་གཞིའི་ཐོག་དེང་རབས་ཤེས་ཡོན་གནད་སྨིན་སྦྱོར་སྤྲོད་བྱ་རྒྱུ་དེ་ལས་དོན་ཀུན་ལས་གལ་གནད་ཆེ་ཤོས་སུ་བཟུང་སྟེ། དབུས་བོད་སློབ་འཛིན་སྐྱོང་ཚོགས་པ་དང་བོད་ཁྱིམ་གཉིས་སོགས་སློབ་གྲྭའི་འཛིན་སྐྱོང་ཚོགས་སྡེ་དུ་མ་གསར་འཛུགས་ཀྱིས་མི་རིགས་ཀྱི་ལས་དབང་བསྐྱར་གསོ་བྱ་བའི་ལས་དོན་ཐོག་སྙིང་རུས་ཆེན་པོས་དཀའ་སྤྱད་འབད་སྒྲུབ་བྱས་པའི་ཉེར་ལེན་ལ་བརྟེན་ནས་ལོ་རབས་བརྒྱད་ཅུ་ཙམ་ནས་བཟུང་བོད་མིའི་ཡིག་རྨོངས་སེལ་ཚད་དང༌། དེང་རབས་ཤེས་ཡོན་ཁྱབ་གདལ། ཤེས་ལྡན་མི་སྣའི་དཔུང་སྡེ་གསར་སྐྲུན། སྤྱི་ཚོགས་ཀྱི་རིག་གནས་ཡར་འཕེལ་སོགས་གང་ཅིའི་ཐད་གྲུབ་འབྲས་རླབས་ཆེན་ཐོབ་ཡོད།
དེ་ལྟར་ཕྱི་ལོ་༡༩༦༠ ནས་ད་བར་རྒྱ་གར་གཞུང་དང་བཙན་བྱོལ་བོད་གཞུང་གིས་ཐད་ཀར་བཙུགས་པའི་གཞུང་འཛུགས་སློབ་གྲྭ་དང༌། ཤེས་ཡོན་ཚོགས་སྡེ། རོགས་ཚོགས། ས་གནས་ཚོགས་སྡེ་སོགས་ཀྱིས་བཙུགས་པའི་གཞུང་འཛུགས་མིན་པའི་སློབ་གྲྭ་བཅས་ཁྱོན་བསྡོམས་སློབ་གྲྭ་༡༠༠ ལྷག་གསར་འཛུགས་གནང་ཡོད་པའི་ཁོངས་སུ། སློབ་གྲྭ་མང་པོ་ཞིག་ཡུལ་དུས་གནས་སྟངས་དབང་གིས་སྒོ་བརྒྱབ་དགོས་པའང་བྱུང་ཡོད། དེང་སྐབས་ཤེས་རིག་ལས་ཁུངས་ཀྱི་སྡོམ་ཐོའི་ནང་གསལ་སློབ་གྲྭ་༧༧ ཐོག ཚོགས་སྒེར་གྱི་སློབ་གྲྭ་མི་ཉུང་བ་ཞིག་ཡོད། འཛིན་སྐྱོང་འགོ་ཁོངས་མི་འདྲ་བའི་གཞུང་སྒེར་གྱི་སློབ་གྲྭ་གང་ཡིན་ཡང་སློབ་འཛུགས་ཀྱི་གཞི་རྩའི་དམིགས་ཡུལ་དང༌། བསླབ་གཞིའི་ནང་དོན། སློབ་སྟོན་གྱི་ཁ་ཕྱོགས་དང་ལྟ་གྲུབ་སོགས་གང་ཅིའི་ཐད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་དང༌། བཙན་བྱོལ་བོད་གཞུང་གི་སྲིད་བྱུས་ལམ་སྟོན་འོག་འགྲོ་མུས་ཡིན།
བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་ངོས་འཛིན་ཡོད་པའི་གོང་གསལ་སློབ་གྲྭ་༧༧ རྣམས་ལ། རང་གཞུང་ནས་འཆར་ཅན་གཟིགས་རྟོག་གནང་མུས་མ་ཟད། སློབ་གྲྭ་དེ་དག་གི་ཤེས་ཡོན་དང་འཛིན་སྐྱོང་གནས་སྟངས། དགེ་སློབ་གྲངས་ཐོ། ཡིག་རྒྱུགས་གྲུབ་འབྲས། ལོ་འཁོར་ལས་བསྡོམས་བཅས་བོད་གཞུང་ཤེས་རིག་ལས་ཁུངས་བརྒྱུད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་འབུལ་མུས་ཡིན།
མི་སྒེར་དང་ཚོགས་སྡེ་ནས་འཛུགས་སྐྱོང་བྱས་པའི་སློབ་གྲྭ་རྣམས་འཛུགས་མཁན་བོད་མི་ཡིན་མིན་དང༌། འཛིན་སྐྱོང་དང་ལམ་སྲོལ་ཅི་འདྲ་ཡོད་མེད་ལ་མ་ལྟོས་པར། བཙན་བྱོལ་བོད་མིའི་རིག་གཞུང་སྲུང་སྐྱོབ་དང་བོད་ཕྲུག་རྣམས་ལ་གཞི་རིམ་ཤེས་ཡོན་གྱི་མཐུན་རྐྱེན་སྦྱོར་སྤྲོད་བྱེད་པའི་གཞི་རྩའི་དམིགས་ཡུལ་དང་དམ་བཅའ་ལས་མ་འདས་པའི་སློབ་གྲྭ་ཞིག་ཡིན་ཕྱིན། སློབ་གྲྭའི་སློབ་ཚན་དང༌། ཤེས་ཡོན་ལམ་སྲོལ། འཛིན་སྐྱོང༌། དཔལ་འབྱོར། ངོས་འཛིན་སོགས་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་དང་ཡུལ་དུས་གནས་སྟངས་དབང་གིས་གནས་སྟངས་འདྲ་མིན་ཡོད་པས། བོད་གཞུང་ཤེས་རིག་ལས་ཁུངས་ནས་སློབ་ཁག་གཞན་དང་སྤྱི་མཚུངས་གཟིགས་རྟོག་དང་ངོས་འཛིན་གནང་ཐབས་དཀའ་ནའང༌། སྒེར་སྐྱོང་སློབ་གྲྭ་དེ་དག་ཀྱང་བཙན་བྱོལ་བོད་མིའི་ཤེས་ཡོན་སློབ་སྤེལ་ལས་དོན་གྱི་ཆ་ཤས་འབྲལ་ཐབས་མེད་པ་ཞིག་ཡིན། སློབ་གྲྭ་དེ་དག་ནང་སློབ་ཕྲུག་གྲངས་འབོར་སྐོར་ཕྱི་ལོ་༡༩༩༨ ལོའི་བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་གྱི་སྙན་ཐོའི་ནང་གསལ་བ་ལྟར་ན། རྒྱ་བལ་འབྲུག་གསུམ་གྱི་བཙན་བྱོལ་བོད་མིའི་མི་འབོར་ཁྲོད་བརྒྱ་ཆ་༤༡ ཙམ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ནང་སློབ་གཉེར་བྱེད་བཞིན་པའི་སློབ་ཕྲུག་ཡིན་པ་དང༌། སློབ་ཕྲུག་དེ་དག་ལས་བརྒྱ་ཆ་༨༨་༨༢ ཙམ་དབུས་བོད་སློབ་འཛིན་ཚོགས་དང༌། བོད་ཁྱིམ་གཉིས། སམ་བྷོ་ཊ། བལ་ཡུལ་གངས་ཅན་བདེ་རྩ་བཅས་ཀྱི་ཁྱབ་ཁོངས་སློབ་གྲྭའི་ནང་ཡོད་ཅིང༌། དེ་འཕྲོས་སློབ་ཕྲུག་རྣམས་མི་སྒེར་དང་དགོན་པ། ཚོགས་སྡེ། ས་གནས་ཡུལ་མི་བཅས་ཀྱི་སློབ་གྲྭའི་ནང་དུ་གཏོང་མུས་ཡིན།
ཕྱི་ལོ་༢༠༠༨ ཟླ་༡༢ ཚེས་༣༡ ཉིན་འདི་ག་ཤེས་རིག་ལས་ཁུངས་ཀྱི་སྡོམ་རྩིས་ལྟར་ན། ལོ་དེར་གཞི་རིམ་སློབ་གྲྭ་༧༧ ནང་ཁྱོན་བསྡོམས་སློབ་ཕྲུག་༢༨༡༦༨ ཡོད་པའི་ཁྲོད། འཛིན་རིམ་དྲུག་པ་ནས་བཅུ་གཉིས་བར་གྱི་སློབ་མ་༡༤༦༠༩ ཡོད་པ་དང༌། སྔོན་འགྲོའི་སློབ་མ་༣༤༨༣ གཞི་རིམ་འོག་མའི་སློབ་མ་༡༠༠༧༦ བཅས་འདུས་ཡོད།
ལེའུ་འདིའི་ནང་གོང་གསལ་ཤེས་རིག་ལས་ཁུངས་ཀྱི་གཟིགས་རྟོག་དང་ངོས་འཛིན་འོག་མ་ཚུད་པའི་སྒེར་སྐྱོང་སློབ་གྲྭ་ཁག་ངོ་སྤྲོད་ཞུ་རྒྱུ་ཡིན། སྒེར་སྐྱོང་སློབ་གྲྭ་དེ་རིགས་ལས་ཆོས་སྡེ་ཁག་གིས་འཛུགས་སྐྱོང་གནང་བའི་སེར་མོ་བའི་གཞི་རིམ་སློབ་གྲྭ་ཅི་རིགས་ཡོད་པ་རྣམས་ནི། ཆོས་སྡེ་སོ་སོའི་སྒྲིག་འཛུགས་ཀྱི་ཆ་ལག་ཡིན་སྟབས་ཁུངས་སོ་སོའི་ལོ་རྒྱུས་སུ་གཟིགས་རྒྱུ་དང༌། རྡོར་གླིང་དང་སྒང་ཏོག་ཏུ་ཡོད་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་ཁང་ལྟ་བུ་རྣམས་སློབ་གྲྭའི་ལོ་རྒྱུས་འདིའི་ཁོངས་ཚུད་མེད།
འདིར་བཀོད་སློབ་ཁག་གཞན་ནི། བཙན་བྱོལ་བོད་གཞུང་གི་ཐད་ཀར་གཟིགས་རྟོག་འོག་ཡོད་པའི་སློབ་གྲྭ་༧༧ ཁོངས་སུ་མ་ཚུད་པའི་བོད་མི་སྐྱབས་བཅོལ་བའི་ཕྲུ་གུར་གཞི་རིམ་ཤེས་ཡོན་སྦྱོར་སྤྲོད་གནང་མཁན་སྒེར་སྐྱོང་སློབ་གྲྭ་ཁག་ལ་གོ་ཞིང༌། སློབ་གྲྭ་དེ་དག་སུས་བཙུགས་ཡོད་རུང་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་མཐུན་ངོས་འཛིན་ཡོད་པ་དང༌། བཙན་བྱོལ་བོད་མིའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཁག་གི་ཐད་ཀར་འཛིན་སྐྱོང་འོག་མེད་པའི་རིགས་ཡིན། སློབ་ཁག་དེ་དག་ཕལ་ཆེ་བ་འདི་ག་ལས་ཁུངས་འབྲེལ་འདྲིས་མེད་སྟབས་ལོ་རྒྱུས་ཞིབ་འགོད་བྱ་ཐབས་བྲལ་ནའང༌། དེ་དག་ཉུང་ཤས་ཤིག་གི་ལོ་རྒྱུས་མདོར་བསྡུས་སུ་བཀོད་པ་གཤམ་གསལ།

༡། རྒྱ་གར་ནང་ཡོད་པའི་སློབ་གྲྭ་གཞན།

༡།     དྷ་ས་ཡོངས་གླིང་སྔོན་འགྲོའི་སློབ་གྲྭ།
བཞུགས་སྒར་དྷ་ས་ཡོངས་གླིང་སྔོན་འགྲོའི་སློབ་གྲྭ་ནི། དབུས་གཙང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱི་ཐུགས་ཁུར་འོག་ཕྱི་ལོ་༡༩༨༤ ཟླ་༦ ཚེས་༡ ཉིན་ཟློས་གར་ལམ་ཆེན་སྐྱིད་གྲོང་ཇོ་ལྷག་པའི་ནང་རྒྱལ་བའི་ཡོངས་འཛིན་ྋསྐྱབས་རྗེ་རྡོ་རྗེ་འཆང་གླིང་རིན་པོ་ཆེ་མཆོག་གི་དྲན་རྟེན་དུ་དབུ་བརྙེས། དེ་རྗེས་སློབ་གྲྭའི་ས་ཁང་དང་མཐུན་རྐྱེན་མཁོ་སྒྲུབ་ཆེད་བཙུན་དགོན་དགའ་ལྡན་ཆོས་གླིང་ནས་ས་ཆ་ཕི་ཊི་ཁ་གང་མ་༨༠༨༥ ཉོས་ཤིང༌། སློབ་གྲྭ་གསར་འཛུགས་བྱས་ནས་ཟླ་དྲུག་ཙམ་རིང་ས་ཆའི་གནས་བབ་དང༌། ཕྲུ་གུའི་འཕྲོད་བསྟེན་བཅས་ལ་དམིགས་ཏེ་ཤར་པ་བློ་བཟང་དང༌། རྒྱ་གར་ས་བདག་བཅས་ནས་ས་ཆ་ཀར་ནལ་གཉིས་ཙམ་ཉོས། ས་རིན་དང་ཨར་ལས་འགོ་འཛུགས་ཆེད་དཔལ་ལྡན་སྐུ་སྒེར་ཡིག་ཚང་དང༌། བཞུགས་སྒར་གཞོན་ནུའི་དབུས་རྒྱུན་ལས་ཁང༌། ཤེས་རིག་པར་ཁང༌། དྷ་ས་མཉམ་འབྲེལ་ཡིག་ཚང༌། ར་ཆུ་བསོད་ནམས་སོགས་ཚོགས་སྒེར་ཁག་གིས་ཞལ་འདེབས་དང་མ་དངུལ་སྔ་གཡར་གནང་ཞིང༌། ལྷག་པར་རྒྱལ་བའི་ཡོངས་འཛིན་ྋསྐྱབས་རྗེ་རྡོ་རྗེ་འཆང་གླིང་རིན་པོ་ཆེ་མཆོག་གིས་མ་དངུལ་སྔ་འདོན་དང་ལམ་སྟོན་བཀའ་སློབ་བཀའ་དྲིན་བསྐྱངས་འདུག
ཕྱི་ལོ་༡༩༨༤ ཟླ་༩ ཚེས་༢༧ ཉིན་ད་ལྟའི་ས་ཆའི་སྟེང་ཁང་པ་ཞིག་བརྒྱབ་པའི་ནང་ལོ་ཤས་རིང་འཛིན་ཁང་དང༌། གཉེར་ཚང༌། ཐབ་ཚང་གཅིག་ལྕོགས་བྱ་དགོས་བྱུང༌། ཕྱི་ལོ་འཇར་མན་གྱི་ཨ་མ་ཝེ་སྒར་ལགས་ཀྱི་རོགས་དངུལ་གང་ཙམ་ཐོབ་རུང་འཛིན་ཁང་གསར་རྒྱག་གི་མ་དངུལ་འདང་ངེས་མ་བྱུང་སྟབས་འཛིན་ཁང་ཨ་མ་དེའི་ཐོག་རྒྱག་མ་ཐུབ་པར་ལོ་གསུམ་ཙམ་རིང་གྱང་རོ་ལྟ་བུར་ལུས། སྐབས་དེར་གང་ཅིའི་འགྲོ་གྲོན་ཐད་དཀའ་ངལ་ཧ་ཅང་ཆེ་བས་སློབ་གྲྭའི་འཛིན་ཁང་དགོང་དྲོ་མཚན་ཚོགས་ལ་གླ་གཡར་དང༌། སྒེར་པ་ཨ་མདོ་བཀྲ་ཤིས་ལྷན་གློག་བརྙན་སྟོན་པ་སོགས་ཀྱི་ཐབས་ཤེས་ལ་བརྟེན་ནས་དགེ་ལས་ཀྱི་ཟླ་ཕོགས་དང་འཛིན་སྐྱོང་འགྲོ་གྲོན་འབད་སྒྲུབ་བྱས་འདུག ཕྱི་ལོ་༡༩༨༧ ལོར་སི་ཝི་ཌན་ཨ་ཨེམ་རོགས་ཚོགས་(SOIR-IM, Sweden)ཀྱིས་འཛིན་ཁང་གསར་རྒྱག་དང༌། ཨིན་ལན་བྱིས་པའི་རོགས་ཚོགས་(SCF, England)ཀྱིས་སློབ་ཕྲུག་ཚོའི་ཉིན་གུང་གསོལ་ཚིགས་རོགས་རམ་ཞལ་བཞེས་ཐོབ་པ་ནས་བཟུང༌། སློབ་གྲྭ་འདིའི་འཛུགས་སྐྲུན་དང་མཐུན་རྐྱེན་གང་ཅིར་ཡར་རྒྱས་བྱུང་སྟེ། ཕྱི་ལོ་༡༩༩༠ ལོར་ཨ་ཨེམ་རོགས་ཚོགས་ཀྱི་རོགས་རམ་འོག་འཛིན་ཁང་ཐོག་བརྩེགས་གཉིས་པའང་གསར་རྒྱག་དང༌། ཉལ་ཁང་གི་དཀའ་ངལ་སེལ་སླད་ས་ཆ་ཀར་ནལ་གཅིག་ཙམ་གསར་ཉོ་བྱས་པའི་ཐོག ཕྱི་ལོ་༡༩༩༨ ལོར་ཤེས་རིག་ལས་ཁུངས་བརྒྱུད་ཉི་ཧོང་ཨ་མ་ཡུ་ཀོ་ཀ་ཏོ་ལགས་ཀྱི་རོགས་དངུལ་ཐོག་སྐུ་སྒེར་ཡིག་ཚང་གི་སྔ་འདོན་རོགས་རམ། སློབ་གྲྭ་རང་གི་མ་དངུལ་བཅས་བསྡོམས་སྒོར་འབུམ་༣༥ ཙམ་གྱི་ལས་གཞིའི་ཁོངས་སུ་ཚོགས་ཁང་དང༌། ཉལ་ཁང༌། སྡོད་ཤག་བཅས་ཐོག་བརྩེགས་གསུམ་ཅན་གསར་རྒྱག་གནང༌། ཕྱི་ལོ་༢༠༠༧ ལོར་ཁང་ཐོག་གསུམ་པ་དེའང་ཨ་ཨེམ་རོགས་ཚོགས་དང༌། ཨ་རི་བ་ཝིསེཐིམ་དང་ཊོམ།(Westheim & Tom)འཇར་མན་གྱི་ཨ་མ་ཝེབ་ཀི་(Wiebke)བཅས་ཀྱི་རོགས་རམ་འོག་གསར་རྒྱག་གནང༌།
ཕྱི་ལོ་༡༩༩༥ ནས་བཟུང་ལོ་ལྟར་དགུན་ཁའི་གུང་གསེང་སྐབས་གཞི་རིམ་སློབ་གྲྭ་ཁག་ནས་ཕེབས་པའི་སློབ་ཕྲུག་རྣམས་ལ་ཨིན་ཇི་དང༌། བོད་ཡིག ཨང་རྩིས། ཚན་རིག་བཅས་རང་སྦྱོང་སྤྲོད་བཞིན་ཡོད་པ་མ་ཟད། བོད་ནས་གསར་འབྱོར་བ་མང་པོར་བུ་ཕྲུག་མལ་འབྱར་འཇོག་ས་མེད་པའི་རྐྱེན་གྱིས་ལས་ཀ་མ་རག་པའི་དཀའ་ངལ་འཕྲད་མུས་ལ་བརྟེན། ཕྱི་ལོ་༢༠༠༠ ནས་བུ་བཅོལ་ཁང་ཆུང་བ་ལོ་གཅིག་དང་ཕྱེད་ཀ་ནས་བུ་ཕྲུག་བདག་ཉར་བྱ་འགོ་བཙུགས། ཐོག་མའི་སློབ་གྲྭའི་དམིགས་ཡུལ་ལྟར་ཕ་མ་རང་ངོས་ནས་ཕྲུ་གུའི་ཤེས་ཡོན་ཐོག་འགན་ཁུར་གནང་དགོས་སྟབས། སློབ་དོད་སྒོར་༡༠ ནས་འགོ་བཙུགས་ཏེ། ད་ལྟ་ཡུལ་དུས་གནས་བབ་དང་བསྟུན་ཕྲུ་གུ་རེར་སྒོར་༤༠༠ ནས་༤༢༥ བར་ཟླ་རེར་བསྡུས་ཏེ། ཞོགས་པ་ཆུ་ཚོད་༨་༣༠ ནས་ཕྱི་དྲོ་ཆུ་ཚོད་༤་༣༠ བར་བུ་ཕྲུག་ཉར་གྱི་ཡོད།
སློབ་གྲྭ་འདིའི་འཛིན་སྐྱོང་དང༌། འཛིན་གྲྭ་ཚུགས་དུས། སློབ་ཚན་གྱི་རྣམ་གྲངས། སློབ་སྦྱོང་སྤྲོད་ཕྱོགས། དགེ་རྒན་དང་ལས་བྱེད་ཚོས་ཕྲུ་གུ་བདག་སྐྱོང་བྱེད་སྟངས། གུང་སེང་གཏོང་ཕྱོགས། མདོར་ན་ཕྲུ་གུའི་ལུས་སེམས་འཚར་ལོངས་དང་སློབ་སྦྱོང་ཡར་རྒྱས་ཆེད་ཕྲུ་གུའི་ཕ་མ་མང་ཚོགས་འདོད་བློ་ཁེངས་ཤིང་བསྔགས་བརྗོད་གནང་ཡུལ་ཞིག་ཆགས་ཡོད། དེང་སྐབས་སྤྲོ་འཆམ་ལ་ཕེབས་མཁན་དང་ཡུལ་མིའི་བུ་ཕྲུག་སློབ་འཇུག་གནང་མཁན་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད་པས། ད་ལྟའི་ཆར་སློབ་གྲྭའི་ནང་ཡུལ་མིའི་བུ་ཕྲུག་བརྒྱ་ཆ་༨ ཙམ་ཡོད། ཉལ་ཁང་ནང་བཅའ་སྡོད་བུ་ཕྲུག་༡༥ ཙམ་ཡོད་པ་ཕལ་མོ་ཆེ་ཧི་མ་ལ་ཡ་རི་རྒྱུད་ཀྱི་ཡུལ་མི་བུ་ཕྲུག་ཡིན། དགུན་དུས་རིང་བུ་ཕྲུག་༣༠ ནས་༤༠ བར་ཡོད། ད་ལྟའང་སློབ་ཕྲུག་ལོ་གཅིག་དང་ཕྱེད་ཀ་ནས་ལོ་དྲུག་བར་ཅན་གྱི་བུ་ཕྲུག་གྲངས་༢༦༠ ཙམ་དང༌། དགེ་ལས་བསྡོམས་༢༠ ཡོད་པ་ཕལ་ཆེ་བ་བུད་མེད་ཡིན།
དྷ་ས་ཡོངས་གླིང་སློབ་གྲྭ་འདི་ཉིད་བཙུགས་ནས་ལོ་ངོ་༢༥ འཁོར་བའི་དུས་ཡུན་རིང༌། ཁྱོན་བསྡོམས་སློབ་ཕྲུག་༢༢༥༤ ཙམ་ལ་བདག་སྐྱོང་དང་གཞི་རིམ་ཤེས་ཡོན་གྱི་གོ་སྐབས་སྦྱོར་སྤྲོད་བྱས་ཡོད་ཅིང༌།
༢།     སྒང་ཏོག་དབེན་ཅན་སློབ་གྲྭ།
འབྲས་ལྗོངས་སྒང་ཏོག་དབེན་ཅན་སློབ་གྲྭ་འདི་ཉིད་འབྲས་ལྗོངས་ཆོས་རྒྱལ་སྲིད་སྐྱོང་སྤྲུལ་སྐུ་མཆོག་ནས་༡༩༠༨ ལོར་དབེན་ཅན་གསང་སྔགས་གླིང་དགོན་པའི་ཉེ་འདབས་སུ་ཐོག་མར་ཕྲུ་གུ་ཚོར་ཡི་གེ་འབྲི་ཀློག་ཆེད་གསར་འཛུགས་གནང་འདུག རིམ་གྱིས་འབྲས་ལྗོངས་ཀྱི་དགོན་སྡེ་ཁག་ནས་བུ་ཕྲུག་མང་པ་བསྡུ་བཞེས་གནང་འདུག།
ཕྱི་ལོ་༡༩༥༩ ལོར་བོད་གཞུང་མང་བཙན་བྱོལ་དུ་འབྱོར་རྗེས། བོད་མིའི་གཞིས་སྒར་མང་ཆེ་བའི་ཉེ་འགྲམ་དུ་བོད་མིའི་སློབ་གྲྭ་ཟུར་འཛུགས་བཀའ་དྲིན་ཆེ་སྩལ་ཡོད་རུང༌། འབྲས་ལྗོངས་ས་ཁུལ་དུ་བོད་མི་ཕོན་ཆེར་ཡོད་ནའང་སྐབས་དེར་སློབ་གྲྭ་ཟུར་འཛུགས་གནང་མེད་སྟབས་དབེན་ཅན་སློབ་གྲྭ་འདིའི་ནང་སློབ་ཕྲུག་རྣམས་སློབ་བཞེས་ཡོང་ཐབས་སུ་འབྲས་ལྗོངས་ཆོས་རྒྱལ་དང༌། དེ་བཞིན་རྒྱ་གར་དབུས་བོད་སློབ་འཛིན་ཚོགས་སུ་འབོད་སྐུལ་ཞུས་འདུག་པ་དང༌། ཁོང་རྣམ་པས་ཀྱང་དེ་དོན་དགོངས་བཞེས་ཀྱིས་དབེན་ཅན་སློབ་གྲྭར་བོད་མི་སྐྱབས་བཅོལ་བའི་ལག་འཁྱེར་ཡོད་པའི་ཕྲུ་གུ་ཡོད་དོ་ཅོག་སློབ་ཡོན་གང་ཡང་འབུལ་མ་དགོས་པར་སློབ་འཇུག་གནང༌། དེ་བཞིན་རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ནས་ཀྱང་རོགས་སྐྱོར་སློབ་གྲྭའི་ཁོངས་སུ་འཇུག་བཞེས་ཀྱིས་རོགས་སྐྱོར་གནང༌།
ཕྱི་ལོ་༡༩༧༠ ཡས་མས་སུ་སློབ་གྲྭ་འདིའི་སློབ་ཕྲུག་བརྒྱ་ཆ་༦༠ ལྷག་ཙམ་བོད་མི་སྐྱབས་བཅོལ་བ་ཡིན་པ་མ་ཟད། ཉལ་ཁང་ནང་གཏན་སྡོད་སློབ་ཕྲུག་མང་ཆེ་བ་བོད་མི་སྐྱབས་བཅོལ་བ་ཡིན་འདུག དེ་རྗེས་སྣ་ཐོད་ལའི་བོད་མི་ལམ་བཟོ་བ་མང་པོ་ཞིག་ཀོ་ལེ་གྷལ་སོགས་སུ་གཞིས་སྡོད་དུ་གཏོང་གནང་དང༌། འབྲས་ལྗོངས་ས་ཁུལ་དུ་བོད་ཡིག་གི་ཚབ་ཏུ་ལྷོ་ཡིག་སློབ་སྤེལ་བྱ་དགོས་པའི་ཁྲིམས་གཞི་གསར་ཐོན་ལག་བསྟར་བྱས་པར་བརྟེན། བོད་མིའི་སློབ་ཕྲུག་ཕལ་ཆེ་བ་སློབ་གྲྭ་ནས་མི་ཐོན་ཐབས་མེད་བྱུང་བས་སློབ་གྲྭ་འདིར་བོད་མིའི་སློབ་ཕྲུག་གི་གྲངས་འབོར་ཇེ་ཉུང་དུ་ཕྱིན་པ་དང༌། བོད་ཕྲུག་གསར་འཇུག་བྱེད་མཁན་མེད་པ་བཅས་ལ་བརྟེན། དབུས་བོད་སློབ་འཛིན་ཚོགས་ནས་བོད་ཕྲུག་ཚོའི་ཆེད་དུ་དབེན་ཅན་སློབ་གྲྭར་རོགས་དངུལ་གནང་བཞིན་པ་དེའང་རྩ་ཆད་དུ་གྱུར་འདུག
དེང་སྐབས་དབེན་ཅན་སློབ་གྲྭ་འདི་ཉིད་འབྲས་ལྗོངས་མངའ་གཞུང་གི་འཛིན་སྐྱོང་འོག་ཡོད་ཅིང༌། སློབ་གྲྭ་དེར་ཚན་རིག་དང༌། སྒྱུ་རྩལ། ཚོང་རིག་བཅས་སྡེ་ཚན་གསུམ་གྱི་ཆེད་ལས་སློབ་ཚན་ཐོག་སློབ་གཉེར་བྱ་བའི་མཐུན་རྐྱེན་ལྡན་པའི་གཞི་རིམ་གོང་མའི་སློབ་གྲྭ་ཞིག་ཏུ་གྱུར་ཡོད། སློབ་གྲྭའི་འདིའི་ནང་སློབ་འཇུག་བྱ་རྒྱུར་གཞུང་གི་སློབ་གྲྭ་སྤྱི་མཚུངས་ལྟར་ཕོ་མོ་རིགས་རུས་དབྱེར་མེད་ཀྱིས་སློབ་བཞེས་གནང་གིན་ཡོད། སློབ་ཕྲུག་ཕོ་མོ་ཚང་མས་དུས་རྒྱུན་དུ་ཕྱུ་པ་གྱོན་དགོས། དེང་སྐབས་བོད་རིགས་སློབ་ཕྲུག་རེ་ཟུང་ཙམ་ལས་མེད།
༣། སྒང་ཏོག་དཔལ་ཁང་སློབ་གྲྭ།
འབྲས་ལྗོངས་སྒང་ཏོག་ཁུལ་གྱི་རྣམ་སྣང་ཞེས་པའི་ས་གནས་སུ་ཆགས་ཡོད་པའི་དཔལ་ལྡན་ཁང་གསར་སློབ་གྲྭ་ནི། སྒང་ཏོག་ས་གནས་སུ་གནས་བཞུགས་སྐུ་ཞབས་ཉི་མ་དོན་གྲུབ་དང་སྐུ་ཟླ་དབྱངས་ཅན་སྒྲོལ་དཀར་གཉིས་ཀྱིས་ཕྱི་ལོ་༡༩༩༨ ཟླ་༣ ཚེས་༡ ཉིན་གསར་འཛུགས་བྱས།
སློབ་གྲྭ་འདིའི་ནང་སྔོན་འགྲོ་ནས་གཞི་རིམ་བར་མ་འཛིན་རིམ་བརྒྱད་པ་བར་གྱི་མཐུན་རྐྱེན་ཡོད་ཅིང༌། སློབ་གྲྭའི་ནང་འཛུལ་ཞུགས་བྱེད་མཁན་སློབ་མ་ནི་བོད་རིགས་ཁོ་ན་ཙམ་མ་ཡིན་པར། བོད་དང་རིག་གཞུང་གཅིག་པའི་ཧི་མ་ལ་ཡ་རི་རྒྱུད་བུ་ཕྲུག་དབྱེར་མེད་ངང་སློབ་འཇུག་བྱེད་མུས་ཡིན། སློབ་ཚན་གཙོ་བོ་ནི་ཨིན་ཇི་དང༌། བོད་ཡིག རྩིས་རིག ཚན་རིག སྤྱི་ཚོགས་ཚན་རིག་སོགས་ཡོད། བོད་ཡིག་བསླབ་གཞི་ནི་རང་གཞུང་ཤེས་རིག་ལས་ཁུངས་ཀྱིས་རྩོམ་སྒྲིག་གནང་བའི་གཞི་རིམ་བོད་ཡིག་སློབ་དེབ་རྣམས་བཀོལ་སྤྱོད་དང་ཁྲིད་སྤེལ་བྱེད་མུས་ཡིན།
སློབ་གྲྭ་འདི་ཉིད་སློབ་མཐར་ཕྱིན་པའི་སློབ་མ་རྣམས་འབྲས་ལྗོངས་བཀྲ་ཤིས་རྣམ་རྒྱལ་སློབ་གྲྭ་དང༌། དཔལ་འབྱོར་རྣམ་རྒྱལ་བུ་མོའི་སློབ་གྲྭ། སྐྱིད་བདེ་ཁང་སོགས་ལ་བསྐྱོད་བཞིན་ཡོད།
ད་ལྟའི་ཆར་སློབ་གྲྭ་འདིར་ཁྱོན་བསྡོམས་སློབ་ཕྲུག་༣༥༠ དང༌། དགེ་རྒན་༡༨ ལས་བྱེད་༤ བཅས་ཡོད།

༢། བལ་ཡུལ་ནང་ཡོད་པའི་སློབ་གྲྭ་གཞན།

༡།     ཧི་མ་ལ་ཡ་རྒྱལ་སྤྱིའི་དཔེ་སྟོན་འབྲིང་སློབ།(Himalayan International Model Higher Secondary School)
སློབ་གྲྭ་འདི་ནི་བལ་ཡུལ་གྱི་རྒྱལ་ས་ཀ་ཐུ་མན་གྲུ་མཆོད་རྟེན་བྱ་རུང་ཁ་ཤོར་ཉེ་ཁུལ་དུ་བཙུགས་ཡོད། ཐོག་མར་གསར་འཛུགས་ཀྱི་ལོ་དུས་མ་ངེས་ཀྱང༌། ད་ལྟའི་བོད་མི་མང་སྤྱི་འཐུས་ལས་ཐོག་པ་སྐུ་ཞབས་རྒྱལ་ནོར་ཚེ་དབང་ལགས་ཀྱིས་གསར་འཛུགས་གནང་བ་ཞིག་ཡིན་འདུག སློབ་གྲྭ་འདིར་སྔོན་འགྲོ་ནས་འཛིན་རིམ་བཅུ་གཉིས་བར་ཡོད་ཅིང༌། འཛིན་རིམ་སོ་སོའི་བོད་རིགས་སློབ་མ་རྣམས་ལ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་གཏན་འབེབས་གནང་བའི་བོད་ཡིག་སློབ་དེབ་སློབ་ཁྲིད་བྱེད་མུས་ཡིན། ད་ལྟའི་སློབ་སྤྱི་ལྕམ་སྐུ་ཇེཏ་རའེ་(Jait Rai)ཡིན།
དེང་སྐབས་ཁྱོན་བསྡོམས་སློབ་ཕྲུག་༥༢༠ ཡོད་པའི་ཁྲོད། གཏན་སྡོད་སློབ་མ་༢༦༠ ཡོད་ལ། བོད་མིའི་སློབ་ཕྲུག་གྲངས་༨༠ ཡོད།
༢།     བྷུད་དྷ་ཤེས་ཡོན་བསྟི་གནས།(Buddha Academy)
སློབ་གྲྭ་འདི་ནི་བལ་ཡུལ་གྱི་རྒྱལ་ས་ཀ་ཐུ་མན་གྲུ་མཆོད་རྟེན་བྱ་རུང་ཁ་ཤོར་ཉེ་ཁུལ་དུ་ཡོད་ཅིང༌། ཕྱི་ལོ་༡༩༨༨ ལོར་ཐོག་མར་གསར་འཛུགས་བྱས། འཛུགས་མཁན་མ་ངེས། སློབ་གྲྭ་འདིར་སྔོན་འགྲོ་ནས་འཛིན་རིམ་བཅུ་པ་བར་ཡོད་ཀྱང༌། འཛིན་རིམ་ཚང་མའི་ནང་བོད་ཡིག་སློབ་ཁྲིད་ཚད་ལྡན་ཞིག་ཡོང་གི་མེད། བོད་ཡིག་སློབ་དེབ་ནི་སྐུ་ཞབས་ངག་དབང་འོད་ཟེར་ལགས་ཀྱིས་རྩོམ་སྒྲིག་གནང་བའི་ཧི་མ་ལ་ཡ་མི་རིགས་ཀྱི་སྐད་ཡིག་(Himali Bhasha)ཅེས་པའི་སློབ་དེབ་བཀོལ་སྤྱོད་བྱེད་མུས་ཡིན། ད་ལྟའི་སློབ་སྤྱི་སྐུ་ཞབས་རྡོ་རྗེ་རྣམ་རྒྱལ་ལགས་ཡིན།
དེང་སྐབས་དགེ་རྒན་༣༡ དང་ལས་བྱེད་༤༣ བཅས་ཁྱོན་བསྡོམས་༧༤ ཡོད་པའི་ཁྲོད་བོད་རིགས་དགེ་རྒན་༦ ཡོད། སློབ་ཕྲུག་༥༦༠ ཡོད་པའི་ཁྲོད་གཏན་སྡོད་སློབ་མ་༣༨༥ ཡོད་ལ། བོད་རིགས་སློབ་ཕྲུག་གྲངས་༧ ཡོད།
༣།     རི་བོ་ཀེ་ལ་ཤ་སློབ་གྲྭ།(Mount Kailash School)
སློབ་གྲྭ་འདི་ནི་བལ་ཡུལ་གྱི་རྒྱལ་ས་ཀ་ཐུ་མན་གྲུ་མཆོད་རྟེན་བྱ་རུང་ཁ་ཤོར་ཉེ་ཁུལ་དུ་ཡོད་ཅིང༌། ཕྱི་ལོ་༡༩༨༨ ལོར་ཐོག་མར་གསར་འཛུགས་བྱས། འཛུགས་མཁན་མ་ངེས། སྔོན་འགྲོ་ནས་འཛིན་རིམ་བཅུ་པ་བར་ཡོད་ཅིང༌། ད་ལྟའི་སློབ་སྤྱི་བྱམས་པ་དབང་འདུས་ལགས་ཡིན། ཕྱི་ལོ་༢༠༠༩ ལོར་སློབ་ཕྲུག་གྲངས་༢༧༥ ཡོད་པའི་ཁྲོད་བོད་རིགས་སློབ་མའི་གྲངས་ཚད་བརྒྱ་ཆ་༦༠ ཟིན་ཞིང༌། དེ་མིན་སློབ་ཕྲུག་རྣམས་ཧི་མ་ལ་ཡ་རི་རྒྱུད་ཡུལ་མིའི་ཕྲུ་གུ་ཡིན། འཛིན་རིམ་བརྒྱད་པ་བར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་ཡིག་སློབ་དེབ་སློབ་ཁྲིད་བྱེད།
སློབ་གྲྭ་འདི་གསར་འཛུགས་བྱས་པ་ནས་ད་བར་འཛིན་རིམ་བཅུ་པ་ཐོན་ཐེངས་༡༤ སློབ་མཐར་ཕྱིན་ཡོད། དེང་སྐབས་དགེ་ལས་༢༦ ཡོད་པའི་ཁྲོད་བོད་རིགས་དགེ་ལས་༡༣ ཡོད།
༤།     མཚོ་མ་དྲོས་ཤེས་ཡོན་བསྟི་གནས།(Monsarova Academy)
སློབ་གྲྭ་འདི་ནི་བལ་ཡུལ་གྱི་རྒྱལ་ས་ཀ་ཐུ་མན་གྲུ་མཆོད་རྟེན་བྱ་རུང་ཁ་ཤོར་ཉེ་ཁུལ་དུ་ཡོད་ཅིང༌། ཐོག་མར་གསར་འཛུགས་བྱས་པའི་ལོ་དུས་དང་འཛུགས་མཁན་མ་ངེས་ཀྱང༌། དེ་སྔ་བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་ཡིན་པར་གྲགས། སློབ་གྲྭ་སྔོན་འགྲོ་ནས་འཛིན་རིམ་ལྔ་པ་བར་ཡོད་ཅིང༌། ད་ལྟའི་སློབ་སྤྱི་ཚུལ་ཁྲིམས་བཟང་མོ་ལགས་ཡིན། ཕྱི་ལོ་༢༠༠༩ ལོར་སློབ་ཕྲུག་གྲངས་༣༠༣ ཡོད་པའི་ཁྲོད་གཏན་སྡོད་སློབ་མ་གྲངས་༢༧ ཡོད། བོད་རིགས་སློབ་མའི་གྲངས་ཚད་ནི་བརྒྱ་ཆ་༩༠ ཡས་མས་ཡིན་འདུག དེ་མིན་སློབ་ཕྲུག་རྣམས་བལ་ཡུལ་ཧི་མ་ལ་ཡ་རི་རྒྱུད་གྱི་ཤར་པ་དང༌། རྟ་མང་སོགས་ཡུལ་མིའི་ཕྲུ་གུ་ཡིན། བོད་ཡིག་སློབ་ཚན་སྐབས་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་ཡིག་སློབ་དེབ་སློབ་ཁྲིད་བྱེད།
དེང་སྐབས་སློབ་གྲྭ་འདིར་དགེ་ལས་༡༧ ཡོད་པའི་ཁྲོད་བོད་རིགས་དགེ་ལས་༡༤ ཡོད།
༥།     བཀྲ་ཤིས་གཏན་སློབ། (Tashi Boarding School)
སློབ་གྲྭ་འདི་ནི་བལ་ཡུལ་གྱི་རྒྱལ་ས་ཀ་ཐུ་མན་གྲུ་མཆོད་རྟེན་བྱ་རུང་ཁ་ཤོར་ཉེ་ཁུལ་དུ་ཡོད་ཅིང༌། ཐོག་མར་གསར་འཛུགས་བྱས་པའི་ལོ་དུས་དང་འཛུགས་མཁན་མ་ངེས་ཀྱང༌། སྔོན་འགྲོ་ནས་འཛིན་རིམ་བདུན་པ་བར་ཡོད་པ་ཚང་མར་རིན་མེད་སློབ་སྟོན་བྱེད་ཀྱི་ཡོད། ད་ལྟའི་སློབ་སྤྱི་བཀྲ་ཤིས་ཚེ་རིང་བླ་མ་ལགས་ཡིན། ཕྱི་ལོ་༢༠༠༩ ལོར་སློབ་ཕྲུག་གྲངས་༡༡༠ ཡོད་པའི་ཁྲོད་སློབ་ཕྲུག་༡༠༠ ཙམ་གཏན་སློབ་ཡིན། དེ་འཕྲོས་ཉིན་སློབ་སློབ་ཕྲུག་རྣམས་ཧི་མ་ལ་ཡ་རི་རྒྱུད་ཡུལ་མིའི་ཕྲུ་གུ་ཡིན། འཛིན་རིམ་བརྒྱད་པ་བར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་སློབ་དེབ་སློབ་ཁྲིད་བྱེད།
སློབ་གྲྭ་འདི་གསར་འཛུགས་བྱས་པ་ནས་ད་བར་འཛིན་རིམ་བཅུ་པ་ཐོན་ཐེངས་༡༤ སློབ་མཐར་ཕྱིན་ཡོད། དེང་སྐབས་དགེ་ལས་༡༣ ཡོད་པའི་ཁྲོད་བོད་རིགས་དགེ་རྒན་༦ ཡོད།
༦།     མཉྫུ་གོ་ཥ་ཤེས་ཡོན་བསྟི་གནས།(Manjugoksha Academy)
སློབ་གྲྭ་འདི་ནི་བལ་ཡུལ་གྱི་རྒྱལ་ས་ཀ་ཐུ་མན་གྲུ་མཆོད་རྟེན་བྱ་རུང་ཁ་ཤོར་ཉེ་ཁུལ་དུ་ཡོད་ཅིང༌། ཐོག་མར་གསར་འཛུགས་བྱས་པའི་ལོ་དུས་དང་འཛུགས་མཁན་མ་ངེས་ཀྱང༌། སྔོན་འགྲོ་ནས་འཛིན་རིམ་བཅུ་པའི་གནས་ཚད་བར་ཡོད་ཅིང༌། ད་ལྟའི་སློབ་སྤྱི་ཡེ་ཤེས་རྒྱལ་མཚན་ལགས་ཡིན། ཕྱི་ལོ་༢༠༠༩ ལོར་སློབ་ཕྲུག་གྲངས་༣༥༧ ཡོད་པའི་ཁྲོད་སློབ་ཕྲུག་༡༦༧ གཏན་སྡོད་སློབ་མ་ཡིན་ཞིང༌། བོད་རིགས་སློབ་ཕྲུག་༡༦༠ ཡོད། དེ་འཕྲོས་ཉིན་སློབ་སློབ་ཕྲུག་རྣམས་ཧི་མ་ལ་ཡ་རི་རྒྱུད་ཡུལ་མིའི་ཕྲུ་གུ་ཡིན། བོད་ཡིག་སློབ་ཚན་རྒྱུན་ལྡན་ཁོངས་སུ་བཅུག་སྟེ་འཛིན་རིམ་པར་བཅུ་པ་བར་སློབ་ཁྲིད་བྱེད་མུས་ཡིན། སློབ་དེབ་ནི་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་རྩོམ་སྒྲིག་གནང་བའི་བོད་ཡིག་སློབ་དེབ་གཙོ་བོར་བཟུང་ཡོད།
སློབ་གྲྭ་འདིར་དེང་སྐབས་དགེ་རྒན་༡༠ ཡོད་པའི་ཁྲོད་བོད་ཡིག་དགེ་རྒན་༢ ཡོད།
༧།     མར་ཤང་དི་མཐོ་རིམ་གཏན་སློབ།(Marshangdi Boarding High School)
སློབ་གྲྭ་འདི་ནི་བལ་ཡུལ་གྱི་རྒྱལ་ས་ཀ་ཐུ་མན་གྲུ་ཁྱབ་ཁོངས་ནཱ་ཡ་བ་ཛེར་(Nayabazer)ཞེས་པའི་ས་ཁུལ་དུ་ཡོད་ཅིང༌། ཐོག་མར་གསར་འཛུགས་བྱས་པའི་ལོ་དུས་དང་འཛུགས་མཁན་མ་ངེས་ཀྱང༌། སྔོན་འགྲོ་ནས་འཛིན་རིམ་བཅུ་པ་བར་ཡོད། ད་ལྟའི་སློབ་སྤྱི་བསོད་ནམས་དབང་འདུས་ལགས་ཡིན། ཕྱི་ལོ་༢༠༠༩ ལོར་སློབ་གྲྭ་འདིར་སློབ་ཕྲུག་༢༢༠ ཡོད་པའི་ཁྲོད་གཏན་སྡོད་སློབ་ཕྲུག་༡༦༥ དང༌། ཉིན་སློབ་༥༥ བཅས་ཡོད། སློབ་ཕྲུག་ཁོངས་སུ་བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་༣ ལས་མེད་ཅིང༌། དེ་འཕྲོས་སློབ་ཕྲུག་རྣམས་ཧི་མ་ལ་ཡ་རི་རྒྱུད་ཡུལ་མིའི་ཕྲུ་གུ་ཡིན།
སློབ་གྲྭ་འདིའི་འཛིན་རིམ་བརྒྱད་པ་བར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་ཡིག་སློབ་དེབ་སློབ་ཁྲིད་བྱེད། དེང་སྐབས་དགེ་ལས་ཅི་ཡོད་ཁ་གསལ་མ་ངེས།
གོང་གསལ་སློབ་གྲྭ་ཁག་ཕུད། བལ་ཡུལ་དུ་ད་དུང་ཐང་མགོན་དགོན་པའི་མང་གྷལ་དེ་ཝ་མཐོ་རིམ་སློབ་གྲྭ་དང༌། ཞེ་ཆེན་དགོན་པའི་དམའ་རིམ་སློབ་གྲྭ། བསམ་གཏན་གླིང་དགོན་པའི་མ་ཧཱ་ཡ་ན་ནང་པའི་ཤེས་ཡོན་ཡར་རྒྱས་ལྟེ་གནས། འབྲུ་ཐོབ་དགོན་པའི་འཇམ་དབྱངས་བདེ་ཆེན་ནང་ཆོས་སློབ་གྲྭ་སོགས་སློབ་གྲྭ་དུ་མ་ཞིག་ཡོད་ནའང༌། དགོན་སྡེ་སོ་སོའི་ཐོབ་ཁུངས་ལོ་རྒྱུས་སུ་གསལ་རྒྱུར་བརྟེན་འདིར་མ་བཀོད།

དཔར་སྐྲུན་མཇུག་བྱང༌།

༄༅། །བཙན་བྱོལ་བོད་མིའི་ལོ་ངོ་ལྔ་བཅུའི་ལོ་རྒྱུས་ནི་བོད་ཀྱི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཁྲོད་དུས་ཡུན་ཐུང་ངུ་ཞིག་ཡིན་རུང༌། དེ་ནི་ལས་དབང་གི་འགྱུར་མཚམས་སུ་འཚོ་བའི་མི་རབས་ཧྲིལ་པོ་གཅིག་གི་མི་ཚེའི་སྐྱིད་སྡུག་གིས་བྲིས་པའི་དངོས་བྲིས་ལོ་རྒྱུས་ཤིག་ཡིན་ལ། རྙོག་འཛིང་དང་འཕོ་འགྱུར་ཆེ་བའི་ཉེ་རབས་འཛམ་གླིང་ལོ་རྒྱུས་ཀྱི་ཆ་ཤས་ཤིག་ཀྱང་ཡིན།
དུས་ཡུན་དེ་ནི་ྋགོང་ས་བཅུ་བཞི་པ་ཆེན་པོས་འཇིག་རྟེན་ཀུན་ཁྱབ་ཀྱི་ཐུགས་འགན་ཕྲག་ཏུ་བཞེས་ཏེ་སྐྱེ་འགྲོ་སྤྱིའི་བདེ་དོན་སླད་འཚེ་མེད་ཞི་བའི་དེད་དཔོན་ཆེན་པོར་མངའ་གསོལ་བའི་མཐའ་ཡས་མཛད་འཕྲིན་གྱིས་གོ་ལ་ཧྲིལ་པོ་དོག་པོར་བྱས་པའི་དུས་རབས་ཤིག་ཡིན་ལ། རྒྱ་གཞུང་གི་གདུག་རྩུབ་སྲིད་བྱུས་འོག་བོད་ཀྱི་སྐད་རིག་སྣོད་བཅུད་ཆགས་འཇིག་གི་སོ་མཚམས་ལ་གྱར་བའི་གཉན་འཕྲང་ཅན་གྱི་དུས་རབས་ཤིག་ཀྱང་ཡིན།
དུས་ཡུན་དེ་ནི་ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ཁྲོད་མཐོ་སྒང་གི་མི་རིགས་འདིར་གོད་ཆག་ཆེ་ཤོས་ཕོག་པའི་དུས་རབས་ཤིག་ཡིན་ལ། མི་རིགས་ཀྱི་འཚོ་གནས་དང་ལར་ཞེན་ཆེད་ཟུངས་ཁྲག་མང་ཤོས་འཐོར་ཤིང་དཀའ་སྡུག་ཆེ་ཤོས་མྱངས་པའི་དུས་རབས་ཤིག་ཀྱང་ཡིན།
དུས་ཡུན་དེ་ནི་བོད་མི་རྣམས་མཁྲེགས་འཛིན་མགོ་བཏུམས་ཀྱི་རྨོངས་གཉིད་ལས་སད་དེ་དེང་རབས་འཛམ་གླིང་ལ་ཁ་ཕྱོགས་པའི་དུས་རབས་ཤིག་ཡིན་ལ། མེས་པོའི་རིག་གཞུང་གི་ནོར་མཛོད་ཕྱེ་སྟེ་འཛམ་གླིང་སྐྱེ་འགྲོའི་མིག་འབྱེད་དུ་གྱུར་པའི་སྔོན་མེད་ཀྱི་དུས་རབས་ཤིག་ཀྱང་ཡིན།
འདི་ལྟ་བུའི་གསོན་ཉམས་དོད་ཅིང་དགའ་སྐྱོ་ཟུང་འབྲེལ་གྱི་མི་ངོ་ལྔ་བཅུའི་ལོ་རྒྱུས་ཀྱི་རླབས་རྒྱུན་ཁྲོད། བྱེས་འབྱོར་བོད་མིའི་སྤྱི་ཚོགས་འཕེལ་རིམ་ལ་ཕྱི་མིག་ཅིག་བལྟས་ན། ཚེ་སྲོག་གི་བསྟི་གནས་མེད་པའི་སྲ་མཁྲེགས་ཀྱི་བྲག་རིའི་སྟེང་ངམ། མི་མེད་གཅན་གཟན་གྱི་རྒྱུ་ལམ་ལྷུན་སྟུག་ནགས་ཚལ་ཁྲོད། མི་མེད་དབེན་ཐང་དཀྱིལ། ལམ་མེད་མཐའ་འཁོབ་གནས་རེ་རེར། ང་ཚོའི་ཕ་མེས་རྣམས་ཀྱིས་འཚོ་གནས་ཀྱི་གཞིས་གྲོང་རེ་རེ་བསྐྲུན་ཞིང༌། རིག་གཞུང་གི་ཞིང་ས་རེ་རེ་རྨོས། དཀའ་སྤྱད་ཀྱི་ས་བོན་རེ་རེ་བཏབ་པས། ཡིད་དགའ་བའི་འབྲས་བུ་གཡུར་དུ་ཟ་བ་འཁྲུངས་པར་ཅིས་མི་མཚར།
འདི་ནི་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་བྱ་གདོང་དམར་བོད་ཀྱི་བུ་རྒྱུད་ཚོས་འདས་པའི་ལོ་ངོ་སྟོང་ཕྲག་རིང་དཀའ་སྤྱད་དང་ཉམས་ལེན་ལས་བྱུང་བའི་རང་གཤིས་ཡིན་ལ། རང་རྒྱལ་གཞན་ཕམ་གྱི་ལྟ་གྲུབ་རླུང་བཞིན་ལྡང་བའི་སྙིགས་དུས་མིའི་རིགས་ལ་ཕུལ་བའི་མཐའ་མཇུག་གི་ལེགས་སྐྱེས་ཀྱང་ཡིན།
མི་རིགས་འདིའི་མཁའ་ལས་ཡངས་པའི་ཁོག་རྒྱ་དང༌། མཐོ་ལས་ཟབ་པའི་ལྟ་གྲུབ། བཟོད་བརྩོན་སྦྱིན་སོགས་བཟང་སྤྱོད་ཀྱི་ཁྱད་ནོར་བཅས་ཀྱིས། རང་ཁེ་དང་བདག་འཛིན་གྱི་རྨང་རྡོས་བརྩིགས་པའི་ཉི་ཚེ་བའི་ལྟ་སྤྱོད་མཐའ་དག་ཉིན་དཀར་གྱི་གྲིབ་མའི་གནས་སུ་བཀོད།
ཨེ་མ། ཞི་བདེ་བག་ཕེབས་ཀྱིས་འཚོ་བའི་གཞིས་གྲོང༌། སོ་ནམ་ལོ་ལེགས་སྨིན་པའི་ཞིང་ས། བུང་བའི་ལྡིར་སྒྲས་ཁེངས་པའི་སློབ་གྲྭ། འཆད་རྩོད་ལས་གྱིས་བྲེལ་བའི་ཆོས་དགོན་བཅས། མི་ཡུལ་ས་མཐའ་ཀུན་ཏུ་ཁ་བ་རི་བའི་ཡུལ་ལྗོངས་ཀྱི་སྣང་བརྙན་གསོན་པོ་སྐྲུན་མཁན་སུ། གནའ་བོའི་ཆོས་རིག་གི་ནོར་བུའི་སྟེང་དེང་རབས་རིག་རྩལ་གྱིས་རྒྱན་ཆ་སྤྲས་མཁན་སུ། འདི་ནི་གངས་རིའི་ཡུལ་ནས་ཡོང་བའི་མགྲོན་པོ་ཁྱུ་གཅིག་གིས། བླ་ན་མེད་པའི་སྤོབས་པ་དང༌། ཕ་མཐའ་བྲལ་བའི་བློ་གྲོས། བར་མ་ཆད་པའི་དཀའ་སྤྱད་བཅས་ལ་བརྟེན་ནས་གསར་དུ་བཞེངས་པའི་ལོ་རྒྱུས་ཀྱི་ཟིན་བྲིས་ཤིག་ཡིན་གཤིས། ཞི་བདེ་དང་དྲང་བདེན་ལ་དགའ་བའི་འཛམ་གླིང་མི་མང་གིས་དུས་ནམ་ཡང་བརྗེད་མི་སྲིད།
བཅས་པའི་སྨྲས་པ་དང་འབྲེལ་བརྗོད་རྒྱུར། བཙན་བྱོད་བོད་མིའི་གཞི་རིམ་སློབ་གྲྭ་ཁག་གི་ལོ་ངོ་ལྔ་བཅུའི་ལོ་རྒྱུས་ནི། བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྤྱིའི་འཕེལ་རིམ་ལོ་རྒྱུས་ཀྱི་ཆ་ཤས་གལ་ཆེན་ཞིག་ཡིན་ཞིང༌། བོད་ཀྱི་ཉེ་རབས་ལོ་རྒྱུས་སྤྱི་དང་ཁྱད་པར་འཛམ་གླིང་གི་བཙན་བྱོལ་སྒྲིག་འཛུགས་ཁྲོད་སྔ་ན་མ་གྲགས་པའི་གྲུབ་འབྲས་དང་མཛད་རྗེས་ཆེན་པོ་ཞིག་ཡིན་པ་ཀུན་གྱིས་ངོས་འཛིན་བྱེད་མུས་ལྟར་ལགས། དེ་ལྟ་བུའི་ཤེས་ཡོན་སློབ་སྤེལ་གྱི་ལོ་རྒྱུས་རྩོམ་སྒྲིག་སྐབས། བཙན་བྱོལ་བོད་མིའི་ཤེས་ཡོན་སློབ་སྟོན་གྱི་ལས་གནས་ཐོག་ཡོད་པའི་ཚོགས་སྡེ་དང་སློབ་ཁག་ཡོངས་ཀྱིས་འདི་ག་ལས་ཁུངས་ཀྱི་འབོད་སྐུལ་ལྟར་རང་རང་གི་ལོ་རྒྱུས་བསྡུ་རུབ་དང་བསྐྱར་ཞིབ་ཀྱི་རང་འཁྲི་ལས་བགོས་འཐུས་གཙང་བསྒྲུབས་པར་བསྔགས་བརྗོད་ཞུ་རྒྱུ་དང༌། ཁྱད་པར་རྩོམ་སྒྲིག་གི་བརྒྱུད་རིམ་ཁྲོད་བཅར་འདྲི་དང༌། དོགས་གཅོད། གནས་ཚུལ་བརྩད་ཞིབ། རྒྱུ་ཆ་འཚོལ་སྡུད། བསྐྱར་ཞིབ་སོགས་ཀྱི་ལས་དོན་ཁྲོད་མཉམ་རོགས་གནང་མཁན་ཤེས་རིག་དེང་རབས་ཤེས་ཡོན་ཚན་པའི་ཤེས་ཡོན་ལས་འཛིན་པ་ཚེ་རིང་ཕུན་ཚོགས་ལགས་དང༌། སྲོལ་རྒྱུན་ཤེས་ཡོན་ཚན་པའི་ཤེས་ཡོན་རྟོག་ཞིབ་པ་ཚེ་རིང་བསམ་གྲུབ་ལགས། རྩོམ་སྒྲིག་ཚན་པའི་འགན་འཛིན་ཨཙརྱ་ཀརྨ་སྨོན་ལམ་ལགས། ལས་དོ་བློ་བཟང་ཚེ་རིང་ལགས། ཆོད་གན་དྲུང་ལས་དགེ་འདུན་དོན་ཡོད་ལགས། རྩོམ་སྒྲིག་ཚན་པའི་ལས་བྱེད་ཀུན་དགའ་རྒྱལ་མཚན་ལགས། རི་མོ་དང་ཇུས་འགོད་པ་ཚེ་བརྟན་ལགས། བཀའ་ཤག་ངེས་མེད་སྡེ་ཚན་དྲུང་འཕར་ཚེ་རྡོར་ལགས། ཞིང་གཤེགས་བོད་དགེ་བྱམས་པ་ཆོས་གྲགས་ལགས། རྡོར་གླིང་གཏན་སློབ་བོད་དགེ་འཇིགས་མེད་དབུ་རྒྱན་ལགས་བཅས་ནས་མཐུན་འགྱུར་གནང་བ་དང༌། དེ་བཞིན་ཤེས་རིག་བཀའ་བློན་སྐུ་ངོ་ཐུབ་བསྟན་ལུང་རིགས་མཆོག་དང༌། དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་མཆོག དྲུང་འཕར་རི་ཁ་བཀྲ་ཤིས་ནོར་བུ་ལགས། དྲུང་འཕར་དངོས་གྲུབ་རྡོ་རྗེ་ལགས་བཅས་ཀྱི་རྩོམ་སྒྲིག་གི་འགོ་མཇུག་བར་གསུམ་དུ་ཐུགས་ཁུར་ཆེན་པོས་གཟིགས་ཞིབ་དང་ལམ་སྟོན་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། མདོར་ན་དཔེ་དེབ་འདི་རྩོམ་སྒྲིག་གི་ལས་དོན་ཁྲོད་དངོས་ཤུགས་བརྒྱུད་གསུམ་ནས་མཉམ་ཞུགས་གནང་མཁན་འབྲེལ་ཡོད་ཚང་མར་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཞུ་རྒྱུ་བཅས། ད་ལྟའི་མི་རབས་ཀྱིས་ལྷག་བསམ་དག་པས་བཞེངས་པའི་ལོ་རྒྱུས་ཀྱི་ཟིན་ཐོ་འདིས། སྔོན་རབས་ཕ་མེས་རྣམས་ཀྱི་བཀའ་དྲིན་ལ་སྙིང་ནས་རྗེས་དྲན་དང༌། ཕྱིས་འབྱུང་མི་རབས་སྤྱི་དང་ཁྱད་པར་ྋའཕགས་མཆོག་ཕྱག་ན་པདྨོའི་ཐུགས་བསྐྱེད་བཀའ་དྲིན་ཕ་མཐའ་མ་མཆིས་པའི་དྲན་གསོའི་ཆ་ཤས་སུ་བསྔོ་བའི་དགེ་བས་འགྲོ་ཀུན་དགེ་ལེགས་སུ་བཀྲི་བར་གྱུར་ཅིག དགེའོ།། །།