དཀར་ཆག
༡། འགོ་འཛུགས།
༢། མཐུན་རྐྱེན་འཛུགས་སྐྲུན།
༣། སློབ་འཇུག་དང་ཡིག་རྒྱུགས་གནས་སྟངས།
༤། ལག་ཤེས་སྦྱོང་བརྡར།
༥། ཤེས་ཡོན་ལས་རིམ་དང་གྲུབ་འབྲས།
༦། སྤྱི་ཚོགས་བདེ་དོན།
༧། གཞུང་འབྲེལ་གཟིགས་སྐོར།
༡། འགོ་འཛུགས།
མ་སུ་རི་བོད་ཕྲུག་ཁྱིམ་སྡེ་ཚོགས་པ་ནི། རྒྱ་གར་བྱང་ཕྱོགས་ཨུཏཱར་ཁཱནཌ་མངའ་སྡེའི་ལྡེ་ར་ལྡུན་གྲོང་ཁྱེར་ཉེ་ཁུལ་གྱི་མ་སུ་རི་ཞེས་པའི་རི་གྲོང་དུ་ཆགས་ཡོད། ཕྱི་ལོ་༡༩༥༩ ལོར་བོད་མི་རྣམས་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་རྗེས། ཉག་ཕྲ་བའི་དུས་སྐབས་དེར་བོད་མི་རིགས་ཀྱི་ཆོས་དང༌། རིག་གཞུང༌། སྐད་ཡིག གོམས་གཤིས་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བཟང་པོ་རྣམས་མི་ཉམས་རྒྱུད་འཛིན་སླད། ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རྣམས་རང་གི་རིག་གཞུང་སྲུང་སྐྱོབ་དང་རང་ཡུལ་རང་དབང་ལ་ཉེ་བར་མཁོ་བ་ཤེས་ཡོན་ཡིན་པ་རྗེན་གཟིགས་ཀྱིས་ཕྱི་ལོ་༡༩༦༠ ཟླ་༣ པར་མ་སུ་རིར་བཙན་བྱོལ་བོད་མིའི་སློབ་གྲྭ་ཐོག་མར་དབུ་འཛུགས་ཐོག རྒྱ་གར་དབུས་གཞུང་ལ་འབོད་སྐུལ་གྱིས་བོད་མིའི་སྡོད་སྒར་ཁག་ཏུ་བོད་རིགས་སློབ་གྲྭ་ཟུར་འཛུགས་གནང་རྒྱུའི་ལམ་སྟོན་དང་ཐུགས་འཁུར་བླ་མེད་འོག དྷ་རམ་ས་ལ་དང་སིམ་ལ། ཌལ་ཧོར། རྡོར་གླིང་བཅས་སུ་སློབ་གྲྭ་གསར་འཛུགས་ཀྱིས་བོད་ཕྲུག་རྣམས་དེང་དུས་ཀྱི་སློབ་སྦྱོང་ཐོབ་པའི་སྐལ་བ་ལྡན་ཡོད། ཡིན་ནའང༌། དྷ་ས་དང་མ་སུ་རི་བཅས་སུ་བུ་ཕྲུག་གི་གྲངས་འབོར་ཆེས་མང་ཞིང་སློབ་གྲྭའི་མཐུན་རྐྱེན་ཞན་པས་ལྕོགས་ཐབས་མེད་པར་བརྟེན། ལྷ་ལྕམ་ཕྲེང་རིང་རིན་ཆེན་སྒྲོལ་མ་དམ་པ་དེ་ཉིད་ལ་སློབ་ཕྲུག་སྡོད་ཁང་གསར་འཛུགས་ཀྱི་ཐུགས་འགན་བཞེས་དགོས་པའི་ཕྱག་རྟགས་ཕེབས་པ་དང་ཆབས་ཅིག་ྋགོང་ས་མཆོག་སྐུ་སྒེར་ནས་ཧིན་སྒོར་༦༨༧༣༦ གསོལ་སྩལ་གནང་བར་བརྟེན། ཕྱི་ལོ་༡༩༦༢ ཟླ་༡༡ ཚེས་༧ ཉིན་ཁྱིམ་ཚང་གསུམ་གྱི་ས་ཁང་གསར་གཟིགས་ཐོག་ཁྱིམ་ཚང་དང་པོའི་ཕ་མར་གདན་གཉེར་ཚང་ཐུབ་བསྟན་དོན་གྲུབ་དང་བཀྲ་ཤིས་གཡང་འཛོམས། ཁྱིམ་ཚང་གཉིས་པའི་ཕ་ཚབ་བློ་བཟང་ཕུན་ཚོགས་དང་ངག་དབང་འབྱུང་གནས། ཁྱིམ་ཚང་གསུམ་པའི་ཕ་མར་བསོད་ནམས་རབ་བརྟན་དང་ཚེ་རིང་འཛོམས་པ་བཅས་བསྐོ་བཞག་གིས་བོད་རིགས་དྭ་ཕྲུག་ཉམ་ཐག་༦༨ ལ་གཟིགས་སྐྱོང་གནང་འགོ་བཙུགས། ཕྱི་ལོ་༡༩༦༣ ཟླ་༤ ཚེས་༢༢ ཉིན་བོད་ཕྲུག་ཁྱིམ་སྡེ་ཚོགས་པ་འདི་བཞིན་རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་ཞུས་ཐོབ་བྱུང་སྟེ་ཚོགས་པ་འདི་ཉིད་དངོས་སུ་དབུ་བརྙེས། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོའི་མཚན་བཞེས་གནང་བ་དང༌། བློན་ཆེན་ལྕམ་སྐུ་ཨིན་དྷི་ར་གྷན་དྷི་དང༌། སྐབས་དེའི་རྒྱ་གར་ཕྱི་སྲིད་བློན་ཆེན་ལྕམ་སྐུ་ལཱག་ཤཱི་མཱི་ནོན། ཡུ་པིའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལྕམ་སྐུ་སུཇཱིཏཱ་ཀཱིར་པཱ་ལཱནི། ཡབ་གཞིས་ལྕམ་སྐུ་ཚེ་རིང་སྒྲོལ་མ། ལྕམ་སྐུ་ཕྲེང་རིང་རིན་ཆེན་སྒྲོལ་མ། ཡབ་ཚང་ལྕམ་སྐུ་བདེ་ཆེན་སྒྲོལ་མ་བཅས་ནས་ཚོགས་མིའི་མཚན་བཞེས་གནང་ཐོག་ཕྱི་ལོ་༡༩༦༣ ཟླ་༤ ཚེས་༢༣ ཉིན་འགན་འཛིན་ལྷན་ཚོགས་ཐེངས་དང་པོ་སྐོང་ཚོགས་གནང་བ་བཅས། བོད་ཕྲུག་ཁྱིམ་སྡེ་ཚོགས་པ་དངོས་སུ་དབུ་བརྙེས་པར་ངོས་འཛིན་ཐོབ་པ་ནས་ད་ཡོད་གཞི་རྒྱ་ཆེ་བའི་མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་སྒྲིག་འཛུགས་འདི་དངོས་སུ་དབུ་བརྙེས། སྐབས་དེར་སློབ་ཕྲུག་རྣམས་མ་སུ་རི་གཏན་སློབ་ནང་ཉིན་སློབ་ཀྱི་ངོ་བོར་བཏང་བ་དང། ལོ་དེར་བཞུགས་སྒར་རྡ་ས་ནས་རང་རིགས་དྭ་ཕྲུག་ཁག་གཅིག་འབྱོར་བར་སྡོད་གནས་ཆེད་ཁྱིམ་ཚང་ཁག་༥ གསར་གཟིགས་ཐོག་ཕྲུ་གུ་ཚོའི་འཕྲོད་བསྟེན་ཆེད་སྨན་ཁང་ཆུང་ཆུང་ཞིག་ཀྱང་གསར་འཛུགས་གནང༌། ཕྱི་ལོ་༡༩༦༤ དགེ་རྒན་གཅིག་བསྐོ་བཞག་གིས་ལག་ཤེས་ཚེམ་བུའི་སྡེ་ཚན་ཞིག་གསར་འཛུགས་དང༌། ལོ་དེའི་ཟླ་༡༠ ཚེས་༡༩ ཉིན་ཐོག་མར་དགེ་རྒན་༣ བསྐོ་བཞག་གནང་ཐོག བོད་ཁྱིམ་ནས་ཉིན་སློབ་བསྐྱོད་བཞིན་པའི་སློབ་ཕྲུག་ཁོངས་བློ་རིག་བཟང་བ་༢༥ དྲག་འདེམས་ཀྱིས་སློབ་གྲྭ་ཆུང་ཆུང་ཞིག་དབུ་འཛུགས་གནང་བ་ནི་མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་ཐོག་མའི་རྣམ་པ་དེ་ཡིན། དེང་སྐབས་མ་སུ་རི་བོད་ཕྲུག་ཁྱིམ་སྡེ་འདིར་ཁྱིམ་ཚང་ཆེ་བ་གྲངས་༢༩ དང༌། ཨེས་ཨོ་ཨེསེ་ཁྱིམ་ཚང་ཆུང་བ་གྲངས་༡༡ བུ་དང་བུ་མོའི་ཉལ་ཁང་ཆེ་བ་ཁག་༢ ལག་ཤེས་སློབ་གཉེར་ཁང་༡ རྒན་གསོ་ཁང་༡ བཅས་དང༌། རཱ་ཇི་པུར་ཡན་ལག་སློབ་གྲྭར་ཨེས་ཨོ་ཨེས་ཁྱིམ་ཚང་ཆུང་བ་གྲངས་༡༤ བུ་དང་བུ་མོའི་ཉལ་ཁང་ཆེ་ཁག་གྲངས་༣ རྒན་གསོ་ཁང་༢ ལས་བྱེད་བགྲེས་ཡོལ་ཁང་༡ ལྡི་ལིར་མགྲོན་ཁང་༡ གཞི་རིམ་འོག་མའི་སློབ་གྲྭ་༢ སྔོན་འགྲོའི་སློབ་གྲྭ་༢ སྡེ་ཚན་བཞི་ལྡན་གྱི་ལག་ཤེས་སློབ་གཉེར་ཁང་༡ བཅས་མ་ལག་ལྡན་པའི་མཐུན་རྐྱེན་གང་ལེགས་ལྡན་ཡོད། ཕྱི་ལོ་༢༠༠༨ ལོར་བོད་ཁྱིམ་སློབ་གྲྭ་འདིའི་ནང་སློབ་ཕྲུག་གྲངས་༡༣༥༠ དང༌། དགེ་རྒན་གྲངས་༨༩ ཡོད། འགྲོ་སྡོད་ལམ་སྟོན་དང་འཕྲོད་བསྟེན་གཙང་སྦྲ་གཟིགས་རྟོགས་ཆེད་ལས་བྱེད་གྲངས་༧༩ ཟས་གོས་ཐབས་འཚོལ་སོགས་ཀྱི་ཆེད་ལས་བྱེད་གྲངས་༦༩ བཅས་ཡོད། སློབ་གྲྭ་འདིའི་ཁོངས་སུ་མེད་པར་བོད་སློབ་ཁག་ནང་བསྐྱོད་བཞིན་པའི་རང་རིགས་ཕ་མ་ཉམ་ཐག་ཅན་གྱི་ཕྲུ་གུ་གྲངས་༣༦༠ ལ་བོད་ཁྱིམ་འདི་ནས་འཚོ་སྣོན་དང་སློབ་དོད་རོགས་སྐྱོར་གང་འོས་གནང་བཞིན་ཡོད། ད་ཡོད་རྒན་གསོ་ཁང་ཁག་གསུམ་ནང་རྒས་གཅོང་ཉམ་ཐག་ཕོ་མོ་གྲངས་༡༥༢ ལ་ཟླ་རེར་འཚོ་སྣོན་སྤྲོད་བཞིན་ཡོད། གཞན་ཡང་རྒྱ་གར་མཐོ་སློབ་ཁག་ནང་སློབ་གཉེར་བྱེད་མཁན་སློབ་ཕྲུག་༣༠༠ ལྷག་ལ་ཟས་སྡོད་སློབ་ཡོན་སྤྲོད་བཞིན་ཡོད།
༢། མཐུན་རྐྱེན་འཛུགས་སྐྲུན།
ཕྱི་ལོ་༡༩༦༤ ལོར་མ་སུ་རིར་བཙན་བྱོལ་ནང་གི་དགོན་པ་དང་པོ་བཤད་སྒྲུབ་ཆོས་འཕེལ་གླིང་དང༌། བོད་ཕྲུག་ཁྱིམ་སྡེའི་ཡིག་ཚང་དང༌། སྔར་ཡོད་ཁྱིམ་ཚང་སྟེང་ཁྱིམ་ཚང་༡༢ གསར་འཛུགས་གནང༌། སྐབས་དེར་ཕྲུ་གུ་ཚོའི་དགུན་དུས་གྱོན་ཆས་ཆེད་ཁྱིམ་ཚང་ཕ་མ་ཚོར་བལ་ལན་བསླ་རྒྱུའི་སློབ་སྦྱོང་སྤྲད་དེ་ཐོན་སྐྱེད་རང་གསོ་ཐུབ་པ་བྱས། ལོ་དེར་སློབ་ཕྲུག་གྲངས་འབོར་རིམ་འཕར་དབང་གིས་སླར་ཡང་ཁྱིམ་ཚང་ཁག་༥ གསར་བཞེངས་གནང༌། ཕྱི་ལོ་༡༩༦༥ ལོ་ནས་རྒྱལ་བའི་བཀའ་དགོངས་ལྟར་བྱིས་པ་ཚོ་གཅིག་པུར་མ་ཡིན་པར་རང་རིགས་བཙན་བྱོལ་ནང་སྤུན་ཉེ་བུ་ཕྲུག་ལྟ་སྐྱོང་བྱེད་མི་མེད་པར་གཟིགས་སྐྱོང་གནང་རྒྱུ་ཡང་གལ་ཆེར་དགོངས་བཞེས་ཀྱིས་རྒས་གཅོང་ཉམ་ཐག་བཟའ་མི་༤ ལ་སྡོད་ཁང་གསར་རྒྱག་གནང༌། ཕྱི་ལོ་༡༩༦༧ ལོར་སློབ་ཕྲུག་གྲངས་འབོར་ལ་གཞིགས་ཏེ་ཁྱིམ་ཚང་༥ གསར་རྒྱག་དང༌། ཕྱི་ལོ་༡༩༦༩ ལོར་ས་གནས་སུ་གྲོ་ཞིབ་དུས་ཐོག་ཐོབ་མིན་དཀའ་ངལ་ཡོད་མུས་ལ་སོང་སློབ་ཕྲུག་ཚོའི་ཆེད་གྲོ་ཞིབ་འཐག་ལས་ཁང་ཞིག་དང༌། ཕྱི་ལོ་༡༩༧༠ ལོར་བོད་ཕྲུག་ཚོར་ལས་རིག་སྦྱོང་བརྡར་ཆེད་སྲོལ་རྒྱུན་རི་མོའི་སྡེ་ཚན་ཞིག་གསར་འཛུགས་གནང༌། ཕྱི་ལོ་༡༩༧༡ ལོར་བོད་ཁྱིམ་གྱི་སློབ་ཕྲུག་མ་སུ་རི་གཏན་སློབ་ཏུ་ཉིན་སློབ་བསྐྱོད་མཁན་སློབ་མ་༢ ཐོག་མར་གཞི་རིམ་སློབ་གྲྭ་ནས་སློབ་མཐར་ཕྱིན། ལོ་དེར་རྡ་ས་བོད་ཁྱིམ་དུ་ལམ་བཟོ་བའི་བོད་ཕྲུག་ཁྱོན་ཆེ་སླེབས་སྟབས། བོད་ཁྱིམ་ནས་མཐུན་འགྱུར་རོགས་རམ་དགོས་གལ་ལ་བརྟེན་ཁྱིམ་ཚང་བདུན་གསར་རྒྱག་གི་རོགས་སྐྱོར་གནང༌། ཕྱི་ལོ་༡༩༧༥ ལོར་དྲུང་ཆེ་ཕྲེང་རིང་རིན་ཆེན་སྒྲོལ་མ་ལགས་བགྲེས་ཡོལ་ཕེབས་ཚབ་ཕྱག་མཛོད་ཚང་སྲས་མོ་མཁའ་འགྲོ་མཆོག་བསྐོ་བཞག་གནང་བ་བཞིན་ཐུགས་འགན་བཞེས། ཕྱི་ལོ་༡༩༧༧ ཟླ་༥ ནང་ལྡེ་ར་ལྡུན་གྲོང་ཁྱེར་ཉེ་འགྲམ་དུ་ཡོད་པའི་རཱ་ཇི་པུར་ས་གནས་བོད་མི་རྣམས་ཀྱི་ཕྲུ་གུ་སློབ་གྲྭར་གཏོང་ཡུལ་མེད་པའི་བཀའ་ངལ་ལ་དགོངས་བཞེས་ཀྱིས་ཐོག་མར་དགེ་རྒན་༤ བསྐོ་བཞག་ཐོག་ས་གནས་ཡུལ་མིའི་ཕྲུ་གུ་གྲངས་༢༠ ཡི་ཆེད་རཱ་ཇི་པུར་བོད་ཁྱིམ་སློབ་གྲྭ་ཆེད་འཛུགས་ཀྱི་དབུ་འབྱེད་མཛད་སྒོ་བསྐྱངས་གནང་མཛད་པ་དང༌། མ་སུ་རིར་ལས་བྱེད་གསོལ་ཚང་ཁང་དང་མགྲོན་ཁང་བཅས་གསར་བཞེངས་གནང༌། ཕྱི་ལོ་༡༩༧༨ ལོར་མ་སུ་རི་སྨན་ཁང་རྒྱ་བསྐྱེད་དང༌། སྐབས་དེར་རཱ་ཇི་པུར་དུ་སྨན་ཁང་ཆུང་ཆུང་ཞིག་གསར་དུ་བསྐྲུན། ཕྱི་ལོ་༡༩༧༩ ལོར་ཕྱི་ནང་བོད་མི་འབྲེལ་ལམ་ཚུགས་ཏེ་བོད་ནང་སློབ་སྦྱོང་གི་གོ་སྐབས་མེད་པར་བརྟེན་བོད་ཕྲུག་སློབ་གཉེར་བ་ཐེངས་དང་པོ་འབྱོར། ཕྱི་ལོ་༡༩༨༢ ལོར་མ་སུ་བོད་ཁྱིམ་དུ་ཨེསེ་ཨོ་ཨེས་བྱིས་པའི་གྲོང་སྡེ་གསར་འཛུགས་ཞུས་ཏེ་ཁྱིམ་ཚང་༨ ཨེསེ་ཨོ་ཨེས་མ་ཡིན་པའི་ཁྱིམ་ཚང་༢ གསར་རྒྱག་གནང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བཙན་བྱོལ་གཞུང་གི་སྒྲིག་འཛུགས་སྲ་བརྟན་ཡར་ངོའི་ཟླ་ལྟར་འཕེལ་བ་དང་དུས་མཚུངས། མ་སུ་རི་བོད་ཁྱིམ་ཡང་ཡར་རྒྱས་ཕྱོགས་སུ་གོམ་པ་མདུན་བསྐྱོད་ཀྱིས་སློབ་ཕྲུག་གྲངས་འབོར་འཕར་བ་དང་ཕྱོགས་མཚུངས་རྒྱ་གར་གཞུང་དང་རོགས་ཚོགས་རྣམ་པའི་རོགས་རམ་འོག་རང་རིགས་ཉམ་ཐག་དང་དྭ་ཕྲུག་ཕྱེད་དྭ་ཕྲུག བོད་ནས་གསར་དུ་འབྱོར་བའི་ཕྲུ་གུ་བཅས་གྲངས་མང་ལ་གཟིགས་རྟོག་གནང་རྒྱུའི་ཕྱི་ནང་མཐུན་རྐྱེན་ཇེ་བཟང་དུ་ཕྱིན་པར་བརྟེན། ཕྱི་ལོ་༡༩༨༤ ལོར་སློབ་གྲྭ་རྒྱ་བསྐྱེད་ཀྱི་འཛིན་ཁང་༡༢ དང་བོད་ཁྱིམ་ལས་ཁང་རྒྱ་བསྐྱེད་གནང༌། ཕྱི་ལོ་༡༩༨༥ ཨེསེ་ཨོ་ཨེས་ཁྱིམ་ཚང་༣ གསར་རྒྱག་ཞུས། ཕྱི་ལོ་༡༩༨༧ ལོར་མི་གྲངས་སུམ་སྟོང་ཙམ་ཤོང་བའི་ཚོགས་ཁང་གསར་བསྐྲུན་དང༌། འཛིན་ཁང་ཁང་མིག་༡༢ གསར་སྐྲུན་རྒྱ་བསྐྱེད་གནང༌། རྒྱ་གར་དབུས་འབྲིང་སློབ་ཤེས་ཡོན་ལྷན་ཚོགས་(CBSE)ཁོངས་གཏོགས་འཛིན་རིམ་བཅུ་པ་ངོས་འཛིན་ཡོང་ཐབས་ཞུས། ལོ་དེར་བོད་ཁྱིམ་དྲུང་ཆེ་ཕྱག་མཛོད་ཚང་སྲས་མོ་མཁའ་འགྲོ་མཆོག་འཕོས་ཚབ་ཏུ་གསང་གླིང་ཚེ་རིང་རྡོ་རྗེ་མཆོག་དྲུང་ཆེར་ཕེབས། ཕྱི་ལོ་༡༩༨༨ ལོར་དྲུང་ཆེ་གསང་གླིང་ཚེ་རིང་རྡོ་རྗེ་མཆོག་འཕོས་ཚབ་ཏུ་གྲ་ནང་རྣམ་རྒྱལ་ཚེ་རིང་མཆོག་དྲུང་ཆེར་ཕེབས། ལོ་དེར་བོད་ཁྱིམ་སློབ་གྲྭ་དེ་བཞིན་རྒྱ་གར་དབུས་གཞུང་གི་འཛིན་རིམ་བཅུ་པ་ཅན་གྱི་སློབ་གྲྭར་ངོས་འཛིན་ཆོག་མཆན་ཐོབ། ཕྱི་ལོ་༡༩༨༩ ལོར་སླར་ཡང་ཁྱིམ་ཚང་གཅིག་གསར་འཛུགས་ཞུས་པ་དང༌། འཛིན་རིམ་བཅུ་པ་ཡན་གྱི་སྡོད་ཁང་གསར་སྐྲུན་གནང༌། ཕྱི་ལོ་༡༩༩༢ ལོར་བོད་ཁྱིམ་སློབ་གྲྭ་རྒྱ་བསྐྱེད་ཀྱི་ཚན་རིག་བརྟག་དཔྱད་ཁང་དང༌། གཟུགས་མཐོང་བརྙན་འཕྲིན་ཁང༌། དཔེ་མཛོད་ཁང༌། འཛིན་རིམ་མཐོ་བའི་འཛིན་ཁང༌། རྩེད་ཆས་ཁང་བཅས་ཁང་ཁུངས་༡༧ ཡོད་པའི་ཐོག་བརྩེགས་བཞི་ཅན་རྩེད་ཐང་དང་བཅས་གསར་རྒྱག་གྲུབ། ལོ་དེར་བོད་ཁྱིམ་སློབ་གྲྭ་ནས་འཛིན་རིམ་བཅུ་གཉིས་སློབ་ཐོན་ཐེངས་དང་པོའི་མཐར་ཕྱིན་མཛད་སྒོ་བསྐྱངས། ཕྱི་ལོ་༡༩༩༣ ལོར་དྲུང་ཆེ་གྲ་ནང་རྣམ་རྒྱལ་ཚེ་རིང་མཆོག་འཕོས་ཚབ་ཏུ་ལྕམ་སྐུ་འགོ་རབ་པདྨ་བདེ་ཆེན་མཆོག་དྲུང་ཆེར་ཕེབས། ཕྱི་ལོ་༡༩༩༥ ལོར་མ་སུ་རིར་ཐོག་བརྩེགས་བཞི་ཅན་གྱི་བུ་མོའི་སྡོད་ཁང་དང༌། ཁྱིམ་ཚང་གཅིག་གསར་བསྐྲུན་ཞུས། ཕྱི་ལོ་༡༩༩༦ ལོར་དྲུང་ཆེར་འགོ་རབ་པདྨ་བདེ་ཆེན་མཆོག་འཕོས་ཚབ་ལྕམ་སྐུ་དྭགས་པོ་སྐལ་བཟང་གཡུ་སྒྲོན་མཆོག་དྲུང་ཆེར་ཕེབས། ལོ་དེར་ཁྱིམ་ཚང་གཅིག་གསར་རྒྱག་གནང་བ་དང༌། ཕྱི་ལོ་༡༩༩༧ ལོར་དྲུང་ཆེ་སྐལ་བཟང་གཡུ་སྒྲོན་མཆོག་འཕོས་ཚབ་ཏུ་སྐུ་ངོ་ཐུབ་བསྟན་རྡོ་རྗེ་མཆོག་དྲུང་ཆེར་ཕེབས། ལོ་དེར་ཀམ་པུ་ཊར་༣༥ གསར་གཟིགས་ཀྱིས་བོད་སློབ་ཁག་ནང་དེང་དུས་དང་མཐུན་པའི་ཀམ་པུ་ཊར་ཤེས་ཡོན་སྤྲོད་རྒྱུའི་ལམ་སྲོལ་ཐོག་མ་སྲོལ་གཏོད་མཛད། ཕྱི་ལོ་༡༩༩༨ ལོར་དཔེ་མཛོད་གཅིག་ནང་སློབ་ཕྲུག་ཆེ་ཆུང་ཚང་མར་གོ་སྐབས་ཐོབ་མིན་དཀའ་ངལ་ལ་གཞིགས་ཏེ། གཞི་རིམ་འོག་མའི་སློབ་ཕྲུག་ཚོར་དམིགས་ཏེ་ཕྲུ་གུ་ཚོའི་བློ་རིག་དང་འཚམས་པའི་དཔེ་དེབ་སྔོན་ཡོད་སྟེང་གསར་གཟིགས་ཀྱིས་གཞི་རིམ་འོག་མའི་དཔེ་མཛོད་ཁང་གསར་དུ་སྒོ་དབྱེ་མཛད། དེ་བཞིན་འཁྲིད་ཆས་བཟོ་སྐྲུན་ཁང་དང༌། མདུན་ལམ་སློབ་སྟོན་པ་ཆེད་བསྐོས་ཀྱིས་མདུན་ལམ་སློབ་སྟོན་ཁང་ཡང་སྒོ་འབྱེད་གནང༌། དེ་སྔོན་སྔོན་འགྲོ་དང་གཞི་རིམ་སློབ་གྲྭ་གཉིས་མཉམ་དུ་ཡོད་སྟབས་སློབ་ཕྲུག་ཆེ་ཆུང་གཉིས་ཀྱི་སློབ་ཡུན་སོགས་ཕྱོགས་གང་ས་ནས་མཐུན་མིན་ལ་སོང་ཚད་དང་ལྡན་པའི་སྔོན་འགྲོའི་སློབ་གྲྭའི་སྡེ་ཚན་ཟུར་དུ་འཛུགས་རྒྱུ་གལ་ཆེར་དགོངས་ཏེ། ཕྱི་ལོ་༡༩༩༩ ལོར་སྔོན་འགྲོའི་སློབ་གྲྭའི་སྡེ་ཚན་ཟུར་འཛུགས་གནང་སྟེ་བྱིས་པ་ཚོར་དེང་དུས་ཀྱི་སློབ་སྦྱོང་སྤྲོད་རྒྱུའི་ལམ་སྲོལ་དང་མཐུན་པའི་སློབ་གྲྭ་དབུ་འབྱེད་བྱས། ཕྱི་ལོ་༢༠༠༨ ཟླ་༡༠ ཚེས་༤ ཉིན་སུད་སི་ཨེས་ཨོ་ཨེས་རོགས་ཚོགས་ཀྱི་དཔལ་འབྱོར་རོགས་རམ་འོག་ཁྱིམ་ཚང་གསར་པ་༥ ལེགས་གྲུབ་ཀྱིས་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་གདན་ཞུས་ཀྱིས་དབུ་འབྱེད་གནང༌། ཕྱི་ལོ་༢༠༠༢ ལོར་དྲུང་ཆེ་སྐུ་ངོ་ཐུབ་བསྟན་རྡོ་རྗེ་འཕོས་ཚབ་ཏུ་ཨརྱ་པདྨ་དགྲ་འདུལ་མཆོག་དྲུང་ཆེར་ཕེབས། ཕྱི་ལོ་༢༠༠༣ ལོར་ཤེས་ཡོན་གལ་ཆེར་དགོངས་སྟེ་ཤེས་ཡོན་སྡེ་ཚན་ཟུར་འཛུགས་ཐོག་ཤེས་ཡོན་འགན་འཛིན་གསར་བསྐོ་མཛད་པ་དང༌། སློབ་སྤྱིའི་ཞབས་སྟེགས་གསར་བསྐོ་མཛད། ཕྱི་ལོ་༢༠༠༤ ལོར་སྐུ་ངོ་པདྨ་དགྲ་འདུལ་མཆོག་འཕོས་ཚབ་ཏུ་སྐུ་ངོ་ངག་དབང་འཕེལ་རྒྱས་མཆོག་དྲུང་ཆེར་ཕེབས། ལོ་དེར་སླར་ཡང་ཀམ་པུ་ཊར་གྲངས་༢༢ གསར་གཟིགས་ཀྱིས་གཞི་རིམ་འོག་མའི་སློབ་ཕྲུག་ཚོའི་ཆེད་འཛིན་གྲྭ་ཆེད་འཛུགས་ཞུས་པ་དང༌། ལོ་དེར་བོད་ཁྱིམ་སློབ་གྲྭའི་ནང་རྩོད་པའི་ལམ་ནས་རིགས་ལམ་སློབ་འཁྲིད་ཀྱི་ལམ་སྲོལ་གསར་གཏོད་གནང་བ་ནི་སློབ་གྲྭ་ཁག་གི་མིག་དཔེ་ལྟ་བུར་གྱུར་ཡོད། ཕྱི་ལོ་༢༠༠༥ ལོར་སྐུ་ཞབས་ངག་དབང་འཕེལ་རྒྱས་མཆོག་འཕོས་ཚབ་སྐུ་ཞབས་བཀྲ་ཤིས་ཕུན་ཚོགས་མཆོག་དྲུང་ཆེར་ཕེབས་ཏེ་ད་བར་བོད་ཁྱིམ་གྱི་དྲུང་ཆེའི་ཐུགས་འགན་བཞེས་མུས་ཡིན། མདོར་ན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་གི་ལམ་སྟོན་འོག་འདས་པའི་དབུ་ལས་ཚོས་འབད་བརྩོན་ལ་བརྟེན་ནས་ད་ཆ་ཕྱི་ལོ་༢༠༠༨ ལོར་བར་མ་སུ་རི་བོད་ཕྲུག་ཁྱིམ་སྡེ་ཚོགས་པ་ནས་མཐོ་སློབ་སློབ་ཡོན་མཐུན་འགྱུར་ཞུས་ཏེ་མཐོ་སློབ་སློབ་ཐོན་བྱུང་བ་གཤམ་གསལ་རེའུ་མིག་ལྟར་རོ། །
ཕྱི་ལོ། | མཐོ་སློབ་སློབ་ཐོན་སློབ་ཕྲུག |
༡༩༧༡ ནས་༡༩༩༠ | ༣༣༥ |
༡༩༩༠ ནས་༡༩༩༤ | ༡༣༦ |
༡༩༩༥ | ༥༦ |
༡༩༩༦ | ༣༩ |
༡༩༩༧ | ༤༦ |
༡༩༩༨ | ༦༥ |
༡༩༩༩ | ༤༢ |
༢༠༠༠ | ༥༠ |
༢༠༠༡ | ༥༡ |
༢༠༠༢ | ༦༨ |
༢༠༠༣ | ༧༩ |
༢༠༠༤ | ༡༢༠ |
༢༠༠༥ | ༢༥༥ |
༢༠༠༦ | ༢༢༩ |
༢༠༠༧ | ༢༣༤ |
༢༠༠༨ | ༢༤༡ |
བསྡོམས། | ༡༨༧༤ |
བཅས་ཕྱི་ལོ་༡༩༧༡ ནས་༢༠༠༨ བར་གྱི་འདས་པའི་ལོ་ངོ་༣༨ རིང་སློབ་གྲྭ་འདི་ཉིད་མཐར་ཕྱིན་ཏེ་མཐོ་སློབ་ཁག་ནང་ཞུགས་པའི་སློབ་ཕྲུག་༡༨༧༤ བྱུང་ཡོད་པ་འདིའི་ནང༌། འཛིན་རིམ་བརྒྱད་པ་དང་བཅུ་པ་སོགས་ནས་སློབ་ཕྲུག་རང་རང་གི་འདོད་བློ་དང་འཚམས་པའི་ལག་ཤེས་སྦྱོང་བརྡར་ནང་ཞུགས་མཁན་སློབ་ཕྲུག་གི་གྲངས་འབོར་ཚུད་མེད། བོད་ཁྱིམ་སློབ་གྲྭའི་ནང་དཔེ་མཛོད་ཆེ་བ་ཞིག་ཡོད་པའི་ནང་ཨིན་ཇིའི་སྒྲུང་དེབ་སོགས་དེབ་གྲངས་༣༥༡༥ ཙམ་དང༌། བོད་ཡིག་སྒྲུང་དེབ་སོགས་དེབ་གྲངས་༢༤༠༠ ཧིན་དི་སྒྲུང་དེབ་དེབ་གྲངས་༡༥༠ དཔྱད་གཞིའི་དེབ་ཨིན་བོད་བསྡོམས་དེབ་གྲངས་༣༠༠༠ ཡས་མས་བཅས་དང༌། དཔེ་མཛོད་ཆུང་བའི་ནང་ཨིན་ཇིའི་སྒྲུང་དེབ་སོགས་དེབ་གྲངས་༣༣༠༠ ཙམ་དང༌། བོད་ཡིག་སྒྲུང་དེབ་སོགས་དེབ་གྲངས་༡༠༠ ཧིན་དི་སྒྲུང་དེབ་དེབ་གྲངས་༢༠ དཔྱད་གཞིའི་དེབ་ཨིན་བོད་བསྡོམས་དེབ་གྲངས་༡༠༠༠ གསར་ཤོག་ཁག་འདྲ་མིན་༡༠ ཙམ་བཅས་ཡོད། ཚོགས་སྡེ་འདི་ནས་སློབ་མཐར་ཕྱིན་པའི་སློབ་ཕྲུག་གྲངས་༡༤༨༠ ཙམ་བྱུང་བ་རྣམས་གཞུང་སྒེར་གྱི་ལས་རིགས་སྣ་ཚོགས་ནང་ཞབས་འདེགས་སྒྲུབ་བཞིན་ཡོད། མ་སུ་རི་བོད་ཁྱིམ་དབུ་ཚུགས་པ་ནས་དྲུང་ཆེ་རིམ་བྱོན་གྱི་མཚན་གཞུང་དང་ལས་ཡུན་གཤམ་གསལ།
ཨང༌། | མཚན་གཞུང༌། | འགོ་འཛུགས། | མཇུག་གྲིལ། |
༡ | ཕྲེང་རིང་རིན་ཆེན་སྒྲོལ་མ། | ༡༩༦༢ | ༡༩༧༥ |
༢ | མཁའ་འགྲོ་ཕྱག་མཛོད་ཚང༌། | ༡༩༧༥ | ༡༩༨༧ |
༣ | གསང་གླིང་ཚེ་རིང་རྡོ་རྗེ། | ༡༩༨༧ | ༡༩༨༨ |
༤ | གྲ་ནང་རྣམ་རྒྱལ་ཚེ་རིང༌། | ༡༩༨༨ | ༡༩༩༣ |
༥ | སྒོ་རབ་པདྨ་བདེ་ཆེན། | ༡༩༩༣ | ༡༩༩༦ |
༦ | དྭགས་པོ་སྐལ་བཟང་གཡུ་སྒྲོན། | ༡༩༩༦།༣།༨ | ༡༩༩༧།༧།༦ |
༧ | ཐུབ་བསྟན་རྡོ་རྗེ། | ༡༩༩༧།༧།༦ | ༢༠༠༢།༥།༡༡ |
༨ | ཨརྱ་པདྨ་རྡོ་རྗེ། | ༢༠༠༢།༥།༡ | ༢༠༠༤།༤།༡༢ |
༩ | ངག་དབང་འཕེལ་རྒྱལ། | ༢༠༠༤།༤།༡༢ | ༢༠༠༥།༡༢།༦ |
༡༠ | བཀྲ་ཤིས་ཕུན་ཚོགས། | ༢༠༠༥།༡༢།༦ | ་་་་་་་་་་་་་་་་་་་་་་་ |
༣། སློབ་འཇུག་དང་ཡིག་རྒྱུགས་གནས་སྟངས།
འདས་པའི་ལོ་ངོ་༡༥ ནང་རང་ཡུལ་བོད་ནས་སློབ་སྦྱོང་དོན་དུ་གཉེར་བའི་ཕྲུག་གྲངས་༢༠༨༦ རྒྱ་དམར་གྱི་དམ་དྲག་འོག་ནས་ཐབས་ལམ་སྣ་ཚོགས་བརྒྱུད་གསར་དུ་སློབ་ཞུགས་བྱུང་བའི་གྲངས་འབོར་རེའུ་མིག་གཤམ་གསལ། ཕྱི་ལོ་༡༩༩༤ ནས་༢༠༠༨ བར་བོད་ནས་གསར་དུ་སློབ་ཞུགས་བྱས་པའི་སློབ་ཕྲུག་ཕོ་མོའི་གྲངས་ཐོ་གཤམ་གསལ། བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་གྱི་སྡོམ་ཐོ་ལྟར་ན། མ་སུ་རི་བོད་ཁྱིམ་སློབ་གྲྭ་འདིར་སློབ་ཕྲུག་བུ་༨༦༡ དང་བུ་མོ་༧༥༣ བཅས་ཁྱོན་བསྡོམས་༡༦༡༤ ཡོད་པ་ལས་སློབ་ཕྲུག་༨༢ མ་གཏོགས་ཚང་མ་གཏན་སློབ་ཡིན་ཞིང༌། སློབ་ཕྲུག་ཚང་མ་བོད་རིགས་ཤ་སྟག་ཡིན། དགེ་རྒན་༧༥ དང་ལས་བྱེད་༡༢ བཅས་ཁྱོན་བསྡོམས་དགེ་ལས་༨༧ ཡོད། ཕྱི་ལོ་༡༩༨༩ ནས་༢༠༠༩ བར་འདས་པའི་ལོ་ངོ་༢༡ རིང་མ་སུ་རི་བོད་ཁྱིམ་སློབ་གྲྭའི་ནང་སློབ་ཕྲུག་གྲངས་འབོར་འབོར་གནས་སྟངས་གཤམ་གསལ།
མ་སུ་རི་བོད་ཕྲུག་ཁྱིམ་སྡེ་འགོ་བཙུགས་པ་ནས་ཕྱི་ལོ་༢༠༠༨ བར་སློབ་གྲྭའི་ནང་འཛིན་གྲྭ་མཐའ་འཁྱོལ་བའི་སློབ་ཕྲུག་གྲངས་༡༤༠༨ ཙམ་བྱུང་ཡོད་པ་དང༌། རཱ་ཇི་པུར་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བཅུ་པ་༢༠༠༤ ལོར་ངོས་ལེན་བྱུང་བ་ནས་ཕྱི་ལོ་༢༠༠༨ བར་སློབ་གྲྭའི་ནང་འཛིན་གྲྭ་མཐའ་འཁྲོལ་བའི་སློབ་ཕྲུག་གྲངས་༡༦༢ ཙམ་བྱུང་ཡོད།
མ་སུ་རི་སློབ་གྲྭ་མ་ལག་གཉིས་འགོ་ཚུགས་པ་ནས་ཕྱི་ལོ་༡༩༩༦ ནས་༢༠༠༩ བར་གཞི་རིམ་གོང་མ་འཛིན་རིམ་བཅུ་པ་དང་བཅུ་གཉིས་པའི་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་གནས་སྟངས་གཤམ་གསལ།
ཕྱི་ལོ། | ༡༠ པའི་ཕྲུག་གྲངས། | རྒྱུགས་འཕྲོད། | ༡༢ པའི་ཕྲུག་གྲངས། | རྒྱུགས་འཕྲོད། |
༡༩༩༦ | ༦༣ | ༧༩་༠༣ | ༣༢ | ༨༤་༠༣ |
༡༩༩༧ | ༣༨ | ༨༤་༢༡ | ༣༩ | ༧༤་༣༥ |
༡༩༩༨ | ༦༩ | ༦༥་༢༡ | ༦༢ | ༩༥་༡༦ |
༡༩༩༩ | ༤༥ | ༩༡་༡༡ | ༤༠ | ༨༠་༠༠ |
༢༠༠༠ | ༧༦ | ༧༦་༣༡ | ༤༨ | ༨༥་༤༡ |
༢༠༠༡ | ༧༨ | ༦༦་༦༧ | ༤༢ | ༨༨་༠༩ |
༢༠༠༢ | ༡༡༨ | ༧༧་༡༠ | ༧༡ | ༨༨་༧༣ |
༢༠༠༣ | ༡༡༢ | ༥༨་༩༢ | ༦༡ | ༩༡་༨༠ |
༢༠༠༤ | ༡༠༦ | ༦༣་༢༡ | ༡༠༤ | ༨༨་༥༠ |
༢༠༠༥ | ༨༨ | ༥༥་༦༨ | ༨༡ | ༩༢་༦༠ |
༢༠༠༦ | ༨༨ | ༧༦་༡༤ | ༨༥ | ༨༧་༡༠ |
༢༠༠༧ | ༡༡༢ | ༨༨་༣༩ | ༨༨ | ༨༧་༥༠ |
༢༠༠༨ | ༡༣༥ | ༨༧་༤༡ | ༨༠ | ༩༦་༣༠ |
༢༠༠༩ | ༡༥༩ | ༨༩་༣༠ | ༩༠ | ༨༦་༦༧ |
མ་སུ་རི་བོད་ཕྲུག་ཁྱིམ་སྡེ་ཚོགས་པ་ནས་འདས་པའི་ལོ་ངོ་༡༥ རིང་བོད་སློབ་གཞན་ལ་མཐུན་འགྱུར་རོགས་རམ་བྱ་སླད་སློབ་འཇུག་དང་འཚོ་སྣོན། བོད་སློབ་ཁག་ཏུ་ཟས་གོས་གནས་མལ་དོད་བཅས་ཕྱོགས་གང་ཐད་ནས་རོགས་ཕན་ཅི་ཐུབ་ཞུས་པར་གཞུང་སྒེར་ཚང་མས་བསྔགས་བརྗོད་གནང་ཡུལ་དུ་གྱུར་ཡོད།
མ་སུ་རི་བོད་ཁྱིམ་ནས་འདས་པའི་ལོ་ངོ་༡༥ རིང་སློབ་འཇུག་དང་འཚོ་སྣོན། བོད་སློབ་ཁག་ཏུ་ཟས་དོད་བཅས་རོགས་རམ་གནང་བའི་གནས་སྟངས།
ཕྱི་ལོ། | སློབ་འཇུག་གྲངས། | འཚོ་སྣོན། | བོད་སློབ་ཁག་ཏུ་སློབ་དོད། | བསྡོམས། |
༡༩༩༤ | ༨༦ | ༩༨ | ༩ | ༡༩༣ |
༡༩༩༥ | ༥༤ | ༦༤ | ༡༥ | ༡༣༣ |
༡༩༩༦ | ༣༥ | ་་་་་་་ | ་་་་་་་་་ | ༣༥ |
༡༩༩༧ | ༨༡ | ་་་་་་་་ | ་་་་་་་་་ | ༨༡ |
༡༩༩༨ | ༩༤ | ༤༢ | ༤༠ | ༡༧༦ |
༡༩༩༩ | ༤༣ | ༢༤ | ༡༡ | ༧༨ |
༢༠༠༠ | ༦༠ | ༡༨ | ༢༢ | ༡༠༠ |
༢༠༠༡ | ༤༤ | ༢༦ | ༡༢ | ༨༢ |
༢༠༠༢ | ༥༧ | ༧ | ༢༣ | ༨༧ |
༢༠༠༣ | ༣༦ | ༦ | ༢༦ | ༦༨ |
༢༠༠༤ | ༤༨ | ༡༢༧ | ༢༨ | ༢༠༣ |
༢༠༠༥ | ༧༡ | ༩ | ༨ | ༨༨ |
༢༠༠༦ | ༢༥ | ༡༢ | ༣ | ༤༠ |
༢༠༠༧ | ༡༩ | ༡༣ | ༧ | ༣༩ |
༢༠༠༨ | ༣༤ | ༣༥ | ༢ | ༧༡ |
བསྡོམས། | ༧༩༦ | ༤༨༠ | ༢༠༦ | ༡༤༧༤ |
༤། ལག་ཤེས་སྦྱོང་བརྡར།
མ་སུ་རི་བོད་ཁྱིམ་ནས་ཕྱི་ལོ་༡༩༦༥ ལོར་ལམ་བཟོ་ཁག་ནས་འབྱོར་བའི་སློབ་ཕྲུག་ལོ་ན་ཆེ་རིགས་ཚོར་ལག་ཤེས་དགོས་གལ་གཟིགས་ཏེ་ཚེམ་བུའི་སྡེ་ཚན་ཞིག་འགོ་འཛུགས་བགྱིས་ཏེ། ཁོང་ཚོར་ཚེམ་བུའི་སྦྱོང་བརྡར་ཐོག་པང་གདན་འཐག་ལས་དང༌། བལ་ལན་བསླ་རྒྱུ་སོགས་ཀྱི་སྦྱོང་བརྡར་སྤྲད། དེ་རྗེས་ཕྱི་ལོ་༡༩༧༠ ལོར་བོད་ཀྱི་སྲོལ་རྒྱུན་རི་མོའི་སྡེ་ཚན་ཞིག་གསར་འཛུགས་ཞུས། ཕྱི་ལོ་༡༩༨༩ ལོར་སྣུམ་ཚོན་རི་མོའི་སྡེ་ཚན་ཞིག་ཀྱང་གསར་འཛུགས་ཞུས་པ་དང༌། ཕྱི་ལོ་༡༩༩༢ དེ་བཞིན་ལས་རིགས་སློབ་གཉེར་ཁང་ཆེད་ཚེམ་ཁང་དང༌། འཐག་ཁང༌། ཕར་ཕྱིན། ལྷ་བྲིས། སྣུམ་ཚོན་ཁང༌། ཕྲུ་གུ་ཚོའི་ཉལ་ཁང༌། ཐབ་ཚང༌། ལས་ཤག་བཅས་ཐོག་བརྩེགས་བཞི་ཅན་གྱི་ཁང་མིག ༢༦ ཡོད་པ་ཞིག་གསར་སྐྲུན་གྱི་ལས་རིག་སྦྱོང་བརྡར་སྡེ་ཚན་ཁག་ཕྱོགས་གཅིག་ཏུ་ཟླ་བསྒྲིལ་ཞུས་ཏེ་ད་ལྟའི་འཆར་སློབ་གཉེར་ཁང་འདིར་ལྷ་བྲིས་སྡེ་ཚན་དང༌། སྣུམ་ཚོན་སྡེ་ཚན། བོད་ཚེམ་སྡེ་ཚན། རྒྱ་ཚེམ་སྡེ་ཚན་བཅས་ཡོད་པ་དང༌། སློབ་ཕྲུག་གྲངས་༧༠ དང༌། ལས་བྱེད་གྲངས་༡༣ ཡོད་པའི་ལག་ཤེས་སློབ་སྦྱོང་སྤྲོད་རྒྱུའི་སྡེ་ཚན་ཞིག་ཏུ་འགྱུར་ཡོད།
༥། ཤེས་ཡོན་ལས་རིམ་དང་གྲུབ་འབྲས།
མ་སུ་རི་བོད་ཁྱིམ་ཡན་ལག་དང་བཅས་པ་ནས་དམའ་རིམ་འཛིན་རིམ་དང་པོ་ནས་ལྔ་པ་བར་ཨིན་ཇིའི་སྐད་ཡིག་རྐྱང་པ་ཙམ་ལས། དེ་བྱིངས་སློབ་ཚན་འདྲ་མིན་ཚང་མ་བོད་ཀྱི་སྐད་ཡིག་གཙང་མའི་ཐོག་སློབ་འཁྲིད་ལག་བསྟར་སྔ་མོ་ནས་ཞུས་དང་ཞུ་མུས་ཐོག བཅའ་ཁྲིམས་དགོངས་དོན་བཞིན་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་ཇུས་ཀྱི་ཆ་ཤས་ལག་བསྟར་ཞུས་ཏེ་རིམ་པས་ཤེས་ཡོན་སྲིད་ཇུས་ཆ་ཚང་ལག་བསྟར་ཞུ་འཆར་ཡོད། སློབ་གྲྭའི་ནང་རྒྱུན་ལྡན་སློབ་ཁྲིད་ཀྱི་ལས་རིམ་ཁག་ཕུད། བོད་ཀྱི་རིག་གཞུང་རྒྱུན་འཛིན་དང་སློབ་མ་རྣམས་ཀྱི་ལུས་སེམས་འཚར་ལོངས། ལས་དོན་དང་ཁོར་ཡུག་སྤྱི་ཚོགས་ཀྱི་ཉམས་མྱོང་གསོག་སྒྲུབ་བཅས་ཀྱི་སླད་སློབ་སྦྱོང་ལ་གཞོགས་འདེགས་ཀྱི་ལས་རིམ་དང་བྱེད་སྒོ་མང་པོ་ཞིག་གོ་སྒྲིག་གནང་མུས་ཡིན། བོད་དང་རྒྱ་གར། རྒྱལ་སྤྱི་བཅས་ཀྱི་དུས་ཆེན་ཆེ་ཁག་སྲུང་བརྩི་བྱས་ཏེ། དུས་ཆེན་གྱི་ནང་དོན་དང་འབྲེལ་བའི་འཁྲབ་སྟོན་དང༌། རིག་རྩལ་འགྲན་ཚོགས། སྒྱུ་རྩལ་འགྲེམས་སྟོན། བགྲོ་གླེང༌། གློག་བརྙན་སོགས་རིག་གཞུང་དང་འབྲེལ་བའི་ལས་རིམ་སྤེལ་བ་དང༌། དེ་བཞིན་སློབ་ཕྲུག་ཚོའི་སློབ་སྦྱོང་ལ་གཞོགས་འདེགས་དང་མཐོང་ཐོས་རྒྱ་བསྐྱེད་སླད་ཕྱི་བསྐྱོད་ལྟ་བསྐོར་དང༌། ཞག་སྡོད་འགྲུལ་བསྐྱོད། དམག་སྦྱོང་ཉམས་གསོག སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་ལས་རིམ་གོ་སྒྲིག་གནང་མུས་ཡིན། སློབ་གྲྭ་འདི་མངའ་སྡེ་དང་ཐག་ཉེ་ཡུལ་མིའི་སློབ་གྲྭ་དང༌། བོད་སློབ་ནང་ཁུལ་བཅས་སློབ་ཁག་ཕན་ཚུན་དབར་ཤེས་ཡོན་དང༌། རྩེད་རིགས། རིག་གཞུང་གི་ལས་འགུལ་བཅས་ཀྱི་ཁྲོད་མཉམ་ཞུགས་བྱས་ཏེ་གྲུབ་འབྲས་བཟང་པོ་ཐོབ་ཡོད། དཔེར་ན། ཕྱི་ལོ་༢༠༠༡ ཟླ་༡༠ ཚེས་༡༤ ཉིན་ལྡེ་ར་ལྡུན་རྩེད་འགྲན་ཁང་དུ་ཐེངས་བདུན་པའི་སལ་ཝན་རྒྱང་རྒྱུགས་འགྲན་ཚོགས་ནང་རྒྱ་གར་གྱི་སློབ་གྲྭ་དྲག་གྲས་ཁག་གི་སློབ་ཕྲུག་༡༤༠༠༠ ལྷག་འཛུལ་ཞུགས་བྱས་པའི་ཁྲོད། སློབ་གྲྭ་འདིའི་སློབ་མ་ཚོས་ལོ་༡༤ དང་༡༧ སྡེ་ཚན་ནང་བུ་དང་བུ་མོའི་བྱ་དགའ་ཨང་དང་པོ་དང༌། ལོ་༡༤ སྡེ་ཚན་ནང་རུ་ཁག་ཨང་དང་པོ་བཅས་ཀྱི་གྲུབ་འབྲས་བཟང་པོ་ཐོབ། སློབ་ཕྲུག་རྣམས་རང་གི་མ་འོངས་མདུན་ལམ་ཐད་མཁྱེན་རྒྱ་ཡངས་ཤིང་གདམ་ཀ་མ་ནོར་བ་ཡོང་ཐབས་སླད། སློབ་གྲྭའི་ནང་མདུན་ལམ་སློབ་སྟོན་པ་ཆེད་འཛུགས་ཀྱིས་གཞི་རིམ་བར་མ་དང་གོང་མའི་སློབ་ཕྲུག་རྣམས་ལ་མ་འོངས་མདུན་ལམ་འདེམས་སྒྲུག་གི་འབྲེལ་ཡོད་བརྡ་འཕྲིན་མཁོ་འདོན་དང་སློབ་སྟོན་གནང་མུས་ཡིན། བོད་གཞུང་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་གནང་བའི་གཏན་ཉིན་སློབ་ཁག་གི་རྒྱལ་ཡོངས་རྩོམ་ཡིག་འགྲན་བསྡུར་གྱི་ལས་རིམ་ཁྲོད། སློབ་གྲྭ་འདིའི་སློབ་ཕྲུག་ཚོས་འདས་པའི་ལོ་ངོ་བཅུ་ལྷག་གི་རིང་གཟེངས་བསྟོད་བྱ་དགའ་མང་དུ་བླངས་ཡོད། ཕྱི་ལོ་༢༠༠༨ ལོ་ཁོ་ནར་མཚོན་ནའང༌། འཛིན་རིམ་དྲུག་པ་དང༌། བརྒྱད་པ། བཅུ་པ་བཅས་ཀྱི་ཕུལ་བྱུང་བྱ་དགའ་ཐོབ་ཡོད། དེ་བཞིན་ཕྱི་ལོ་༢༠༠༦ ནང་འཛིན་རིམ་བཅུ་གཉིས་པའི་སློབ་ཕྲུག་ཚེ་རིང་ཟླ་བ་དང༌། འཛིན་རིམ་དགུ་པའི་སློབ་མ་ཕུན་ཚོགས་རྣམ་རྒྱལ་དང༌། འཛིན་རིམ་བརྒྱད་པའི་སློབ་མ་ཀུན་དགའ་གྲགས་པ། འཛིན་རིམ་བདུན་པའི་སློབ་མ་ཟླ་བ་ཆོས་སྒྲོན་བཅས་དང༌། ཕྱི་ལོ་༢༠༠༧ ལོར་འཛིན་རིམ་བཅུ་པའི་སློབ་མ་ཕུན་ཚོགས་རྣམ་རྒྱལ། ཕྱི་ལོ་༢༠༠༨ ལོར་འཛིན་རིམ་དྲུག་པའི་སློབ་མ་ཆོས་དབྱངས་གྲགས་པ་དང༌། འཛིན་རིམ་བརྒྱད་པའི་སློབ་མ་སྐལ་བཟང༌། འཛིན་རིམ་བཅུ་པའི་སློབ་མ་ཕུན་ཚོགས་ཆོས་འཕེལ་བཅས་ལ་གཟེངས་བསྟོད་ལག་ཁྱེར་དང་བྱ་དགའི་ཕྱག་དངུལ་བཅས་གསོལ་རས་ཐོབ། འཛིན་རིམ་བཅུ་གཉིས་པའི་རྒྱལ་ཡོངས་ལོ་འཁོར་ཡིག་རྒྱུགས་ནང་གྲུབ་འབྲས་རྩེ་ཕུད་སོན་པའི་སློབ་ཕྲུག་རེར་བོད་གཞུང་ཤེས་རིག་ལས་ཁུངས་ནས་ལོ་ལྟར་དགའ་ལྡན་ཕོ་བྲང་ཕུལ་བྱུང་སློབ་མའི་བྱ་དགའ་གནང་མུས་ཁོངས་མ་སུ་རི་བོད་ཁྱིམ་སློབ་མ་ངག་དབང་དབྱངས་འཛོམས་ལ་ཚན་རིག་ཐོག་བརྒྱ་ཆ་༨༡ ལོན་པས། ཕྱི་ལོ་༢༠༠༨ ཟླ་༩ ཚེས་༢ ཉིན་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་ནས་གཟེངས་བསྟོད་ལག་ཁྱེར་དང་བྱ་དགའ་སྒོར་༥༠༠༠ བཅས་གསོལ་རས་གནང༌། དེ་བཞིན་ཚོང་རིག་སྡེ་ཚན་ནང་སློབ་མ་དོན་གྲུབ་ལ་བརྒྱ་ཆ་༨༥་༢ ཐོབ་པ་རྒྱལ་ཡོངས་བོད་རིགས་སློབ་མའི་ཁྲོད་ཨང་གཉིས་པ་ཐོབ་པ་དང༌། སྒྱུ་རྩལ་སྡེ་ཚན་ཁོངས་སློབ་མ་ངག་དབང་དཔལ་མོ་ལ་བརྒྱ་ཆ་༨༣ ཐོབ་པ་རྒྱལ་ཡོངས་བོད་རིགས་སློབ་མའི་ཁྲོད་ཨང་གཉིས་པ་ཐོབ་ཡོད། ཕྱི་ལོ་༢༠༠༥ ཟླ་༡༠ ནས་བཟུང༌། མ་སུ་རི་བོད་ཁྱིམ་སློབ་གྲྭས་ལོ་ལྟར་སློབ་ཁག་གཞན་དག་གདན་ཞུས་ཀྱིས་གཞི་རིམ་བར་མའི་སློབ་ཕྲུག་དབར་བོད་ཀྱི་སྲོལ་རྒྱུན་རིག་གནས་ལས་རིགས་ལམ་རྩོད་གྲྭའི་འགྲན་བསྡུར་ལས་རིམ་སྤེལ་མུས་ལ་ྋགོང་ས་མཆོག་དང་བོད་གཞུང་ཤེས་རིག་ལས་ཁུངས་ནས་བསྔགས་བརྗོད་དང་གདེང་འཇོག་མཐོན་པོ་ཐོབ་ཡོད། མ་སུ་རི་བོད་ཁྱིམ་ཡན་ལག་དང་བཅས་པ་ནས་དམའ་རིམ་འཛིན་རིམ་དང་པོ་ནས་ལྔ་པ་བར་ཨིན་ཇིའི་སྐད་ཡིག་ཙམ་ཕུད། དེ་བྱིངས་སློབ་ཚན་ཚང་མ་བོད་ཀྱི་སྐད་ཡིག་གཙང་མའི་ཐོག་སློབ་འཁྲིད་ལག་བསྟར་སྔ་མོ་ནས་བྱེད་མུས་ཐོག བཅའ་ཁྲིམས་དགོངས་དོན་བཞིན་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་ཇུས་ཀྱི་ཆ་ཤས་ལག་བསྟར་ཞུས་ཏེ་རིམ་པས་ཤེས་ཡོན་སྲིད་ཇུས་ཆ་ཚང་ལག་བསྟར་ཞུ་འཆར་ཡོད།
༦། སྤྱི་ཚོགས་བདེ་དོན།
བོད་ཁྱིམ་འདིའི་ཁྱབ་ཁོངས་གཏན་འཇགས་དགེ་ལས་ཚང་མར་སྨན་དོད་དང་ལས་ཤག ཕྲུ་གུ་སློབ་འཇུག རྒན་ཡོལ་བཅས་ཀྱི་ཐོབ་ཐང་དང་གཟིགས་རྟོག་སྒྲིག་གསལ་བཞིན་གནང་མུས་དང༌། སློབ་ཕྲུག་རྣམས་ལ་ཉིན་ཞག་དུས་དྲུག་ཏུ་ཟས་གོས་གནས་མལ་དང་སློབ་སྦྱོང་གི་མཐུན་རྐྱེན་ཆ་ཚང་སྦྱོར་སྤྲོད་གནང་བ་མ་ཟད། གཞི་རིམ་གོང་མ་སློབ་ཐོན་བྱུང་རྗེས་སུའང་སློབ་གྲྭའི་སྒྲིག་གཞིའི་གཏན་འབེབས་བཞིན་མཐོ་རིམ་སློབ་གཉེར་གྱི་འདུན་པ་ཡོད་པའི་བོད་འབྱོར་སློབ་ཕྲུག་དང༌། ཉམ་ཐག་གིས་གཙོས་པའི་སློབ་ཐོན་པ་ཕལ་ཆེ་བར་སློབ་ཡོན་གྱི་མཐུན་རྐྱེན་རྒྱ་ཆེར་སྦྱོར་སྤྲོད་གནང་དང་གནང་མུས་ཡིན། ཕྱི་ལོ་༡༩༦༥ ལོར་ཐོག་མར་རང་རིགས་རྒས་གཅོང་ཉམ་ཐག་སྤུན་ཉེ་བུ་ཕྲུག་སུ་ཡང་མེད་པ་༨ ལ་སྡོད་ཁང་གསར་རྒྱག་གནང་སྟེ་རྒས་གཅོང་གཟིགས་རྟོག་གནང་རྒྱུ་འགོ་འཛུགས་གནང་བ་ནས་བཟུང༌། མ་སུ་རིར་༡༩༩༥ ལོར་མ་སུ་རིར་རྒས་གཅོང་༣༠ ཙམ་ལ་གཟིགས་རྟོག་ཞུ་རྒྱུའི་རྒན་གསོ་ཁང་བཅས་གསར་བསྐྲུན་ཞུས། རིམ་བཞིན་ལས་གཞི་རྒྱ་བསྐྱེད་ཀྱིས་ད་ལྟའི་ཆར་མ་སུ་རིར་དགེ་འཕེལ་གླིང་རྒན་གསོ་ཁང་ནང་རྒས་གཅོང་གྲངས་༢༦ དང༌། སྡོད་ཁང་དང༌། སྨན་བཅོས་མཐུན་རྐྱེན། འཚོ་བའི་མཐུན་རྐྱེན་ཆེད་ཟླ་རེ་སྒོར་༥༠༠ རེ་གནང་མུས་ཁོངས་རྒས་གཅོང་གྲངས་༡༠ དང༌། ཕྱི་ལོ་༡༩༧༧ ལོར་རཱ་ཇི་པུར་དུ་རྒན་གསོ་ཁང་གསར་རྒྱག་གི་རྒས་གཅོང་གྲངས་༣༦ གཟིགས་སྐྱོང་དང་དེ་རྗེས་རྒན་གསོ་ཤོད་ཕྲེང་རིང་ནས་བོད་ཁྱིམ་ལ་གཟིགས་རྟོག་ཡོང་བ་ཞུས་དོན་ལྟར་དུ་རྒས་གཅོང་གྲངས་༤༥ དང༌། རྒན་གསོ་ཁང་ཤོད་དུ་རྒན་གཅོང་གྲངས་༦༢ ཡོད་ཁར། བོད་པའི་གཞིས་ཆགས་ཁག་འདྲ་མིན་ནང་རྒན་གཅོང་ཉམ་ཐག་ལ་འདི་ག་བོད་ཁྱིམ་ནས་འཚོ་སྣོན་ཕུལ་བཞིན་ཡོད་པའི་རྒན་གཅོང་གྲངས་༡༤༩ བཅས་ཁྱོན་བསྡོམས་རང་རིགས་རྒན་གཅོང་ཉམ་ཐག་གྲངས་༢༨༢ ལ་གཟིགས་རྟོག་བདག་སྐྱོང་གནང་མུས་ཡིན།
༧། གཞུང་འབྲེལ་གཟིགས་སྐོར།
མ་སུ་རི་བོད་ཁྱིམ་སློབ་གྲྭ་འདིར་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམ་པ་དང༌། གཞུང་དང་ཚོགས་སྡེ་དུ་མའི་འབྲེལ་ཡོད་ལས་གནས་པ། བླ་སྤྲུལ། ཆེད་ལས་མཁས་པ་སོགས་ལོ་ལྟར་གདན་ཞུའམ་ཆེད་ཕེབས་ཀྱིས་འཚམས་གཟིགས་དང་རྟོག་ཞིབ། ལས་འགུལ་སྤེལ་བ་སོགས་ཀྱི་ལས་རིམ་རྒྱུན་ཆད་མེད་པར་སྤེལ་མུས་ཡིན། ཁྱད་པར་ཕྱི་ལོ་༢༠༠༣ ཟླ་༤ པའི་ནང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་མ་སུ་རི་ས་གནས་སུ་ཆིབས་བསྒྱུར་བཀའ་དྲིན་ཆེ་བསྐྱངས་སྐབས་དགེ་སློབ་ཡོངས་ལ་བཀའ་སློབ་ཟབ་རྒྱས་བསྩལ། དེ་རྗེས་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེས་དབུས་པའི་རང་གཞུང་གི་མཛད་གཙོ་རྣམ་པ་དང༌། ཕྱི་རྒྱལ་རོགས་ཚོགས། རྒྱལ་སྤྱིའི་ཚོགས་སྡེ། འབྲེལ་ཡོད་སློབ་གྲྭའི་སྐུ་ཚབ་སོགས་ཀྱིས་འཚམས་གཟིགས་རིམ་པར་བསྐྱངས་པ་བརྗོད་ཀྱིས་མ་ལངས། ཉེ་བའི་ལོ་ཤས་རིང་སློབ་གྲྭ་འདིར་བོད་ཀྱི་སྲོལ་རྒྱུན་རིག་གནས་སྤྱི་དང་ཁྱད་པར་ཚད་མ་རིག་པའི་འཇུག་སྒོ་རིགས་ལམ་སློབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་གྲུབ་འབྲས་མི་དམན་པ་ཐོབ་ཡོད། དཔེར་ན། ཕྱི་ལོ་༢༠༠༨ ཟླ་༡༠ ཚེས་༤ དང་༥ བར་གྱི་རིགས་ལམ་འགྲན་བསྡུར་ལས་རིམ་ཁྲོད་མ་སུ་རི་གཏན་སློབ་དང༌། སྤོན་ཊ་གཏན་སློབ། ཅོང་ཏ་ར་བོད་ཁྱིམ། དྷ་སྟེང་བོད་ཁྱིམ། དྷ་ཤོད་བོད་ཁྱིམ། སུ་ཇ་བོད་ཁྱིམ། ཅོན་ཏ་ར་དབུས་སློབ། བྷུན་ཏར་བོད་སློབ། བདེ་སྐྱིད་གླིང་ཉིན་སློབ། ར་ཇི་པུར་བོད་ཁྱིམ་བཅས་འཛུལ་ཞུགས་ཞུས་ཡོད་ལ། བོད་གཞུང་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་བཞིན་ཆེད་ཕེབས་ཀྱིས་བསྔགས་བརྗོད་དང་འབྲེལ་བའི་བཀའ་སློབ་ཞིབ་རྒྱས་གནང་བ་བཅས་ཀྱི་ལོ་རྒྱུས་གནད་བསྡུས་སུ་བཀོད་པའོ། །
༦། ད་ལྟའི་གནས་བབས།
མ་སུ་རི་བོད་ཕྲུག་ཁྱིམ་སྡེ་ཚོགས་པ་ནི། རྒྱ་གར་བྱང་ཕྱོགས་ཨུཏཱར་ཁཱནཌ་མངའ་སྡེའི་ལྡེ་ར་ལྡུན་གྲོང་ཁྱེར་ཉེ་ཁུལ་གྱི་མ་སུ་རི་ཞེས་པའི་རི་གྲོང་དུ་ཆགས་ཡོད། ཕྱི་ལོ་ ༡༩༦༠ ཟླ་ ༣ པར་མ་སུ་རིར་བཙན་བྱོལ་བོད་མིའི་སློབ་གྲྭ་ཐོག་མར་དབུ་འཛུགས་ཐོག ད་ལྟའི་ཆར་མ་སུ་རི་བོད་ཁྱིམ་སློབ་གྲྭའི་སྤྱི་ཁྱབ་ཡིག་ཚང་ཁྱབ་ཁོངས་སུ་སློབ་གྲྭ་ཁག་ ༤ ཡོད་པ་དང་། དེ་ཡང་སྔོན་འགྲོ་འཛིན་རིམ་དང་པོ་ནས་གཞི་རིམ་གོང་མའི་འཛིན་རིམ་བཅུ་པ་བར་གྱི་སློབ་ཕྲུག་ཁྱོན་གྲངས་ ༡༤༢༦ ཙམ་ཡོད།