ཟླ་རེའི་གསར་འགྱུར།

སློབ་ཕྲུག་རིགས་ལམ་རྒྱུས་སྟོན་པ་གསོ་སྐྱོང་བྱེད་ཕྱོགས་ཀྱི་ཟབ་སྦྱོང་དབུ་འཛུགས།

 

༄༅། །ཤེས་རིག་ལས་ཁུངས་དང་དཔལ་ལྡན་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་གཉིས་མཉམ་འབྲེལ་ཐོག་ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༦ ནས་ ༡༨ བར་གྱི་སློབ་ཕྲུག་རིགས་ལམ་རྒྱུས་སྟོན་པ་གསོ་སྐྱོང་ཟབ་སྦྱོང་ཐེངས་བཞི་པ་གོ་སྒྲིག་ཞུས་པ་དེ་རིང་སྔ་དྲོ་དབུ་འབྱེད་གནང་ཡོད།

ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་རིན་པོ་ཆེ་རྗེ་བཙུན་ངག་དབང་སངས་རྒྱས་མཆོག་གིས་དབུས་པའི་དམིགས་བསལ་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་མི་འགྱུར་རྡོ་རྗེ་ལགས་དང་། ཧོན་སུར་རབ་རྒྱས་གླིང་ས་གནས་འགོ་འཛིན་བསྟན་འཛིན་ཟླ་སྒྲོན་ལགས་བཅས་ཚོགས་ཞུགས་གནང་ཡོད། ཟབ་སྦྱོང་འདི་ནང་སཾ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་ཁག་ལྔ་སྟེ། ཅན་དྷ་གྷི་རི་སཾ་བྷོ་ཊ་དང་། བདེ་སླར་སཾ་བྷོ་ཊ། ཧོན་སུར་སཾ་བྷོ་ཊ། ཀོ་ལེ་གྷལ་སཾ་བྷོ་ཊ། མོན་གྷོ་སཾ་བྷོ་ཊ་བཅས་ཀྱི་སློབ་ཕྲུག་གྲངས་ ༥༨ ནས་མཉམ་ཞུགས་གནང་ཡོད། ཟབ་སྦྱོང་གི་ཐོག་མར་ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ནས་ཟབ་སྦྱོང་འདིའི་དམིགས་ཡུལ་དང་ལས་རིམ་ངོ་སྤྲོད་གནང་བར། སྤྱིར་སློབ་ཕྲུག་རིགས་ལམ་རྒྱུས་སྟོན་པ་གསོ་སྐྱོང་ཟབ་སྦྱོང་ཞེས་པའི་འགོ་བརྗོད་སྟེང་ནས་སློབ་ཕྲུག་གཅིག་གིས་གཅིག་ལ་རྒྱུས་སྟོན་ནམ་སློབ་ཁྲིད་བྱེད་ཐུབ་མཁན་ཞིག་གསོ་སྐྱོང་བྱེད་པར་གོ་ཐུབ་ཅིང་། ཟབ་སྦྱོང་འདི་བརྒྱུད་རྒྱུན་དུ་སློབ་གྲྭར་རིགས་ལམ་ཐད་དོ་དབྱིངས་དང་ཤེས་ཚད་གང་འཚམ་ཡོད་པའི་སློབ་ཕྲུག་རྣམས་ལ་རིགས་ལམ་གྱི་དཀའ་གནད་ཟབ་ཁྲིད་གནང་སྟེ། སློབ་གྲྭར་ཕྱིར་ལོག་རྗེས་རང་འདྲའི་སློབ་ཕྲུག་ཆུང་བ་རྣམས་ལ་རིགས་ལམ་གྱི་རྨང་གཞི་ཁ་དོག་དཀར་དམར་དང་མུ་སྒྲིག་སྟངས་སོགས་སློབ་ཁྲིད་བྱས་ཏེ་སློབ་གྲྭ་སོ་སོའི་ལྟ་གྲུབ་དགེ་རྒན་ལ་གཞོགས་འདེགས་ཐུབ་རྒྱུའི་རེ་བ་གནང་གི་ཡོད་པ་དང་། ཟབ་སྦྱོང་གི་དུས་ཡུན་ཉིན་གྲངས་བཅུ་གསུམ་ལས་དངོས་སུ་སློབ་ཁྲིད་བྱེད་རྒྱུ་ཡོད་པ་ཉིན་གྲངས་བཅུ་གཅིག་དང་། རེས་གཟའ་ཉི་མ་གཉིས་སུ་ཉེ་འཁོར་དགོན་སྡེ་ཁག་ལ་མཆོད་མཇལ་དང་། ཤེས་ཡོན་ལྟ་སྐོར་སོགས་ཁྲིད་རྒྱུའི་འཆར་གཞི་ཡོད་པ་བཅས་ཀྱི་ངོ་སྤྲོད་གནང་།

དེ་ནས་ཧོན་སུར་རབ་རྒྱས་གླིང་གི་ས་གནས་འགོ་འཛིན་བསྟན་འཛིན་ཟླ་སྒྲོན་ལགས་ནས་ཟབ་སྦྱོང་འདིར་སཾ་བྷོ་ཊའི་ཁྱབ་ཁོངས་སློབ་ཁག་ལྔ་ནས་སློབ་ཕྲུག་དྲག་གྲས་རྣམས་ཕེབས་ཡོད་སྟབས། ཟབ་སྦྱོང་སྐབས་སློབ་ཁྲིད་གང་བྱས་པ་རྣམས་དོ་སྣང་བསྐྱེད་དེ་སློབ་གྲྭ་སོ་སོའི་ངོ་བོ་མཚོན་ཐུབ་པ་ཞིག་གནང་རྒྱུ་གལ་ཆེ་བ་དང་། སྔོན་མ་ང་ཚོ་གཞི་རིམ་སློབ་གྲྭ་འགྲིམ་པའི་སྐབས་སུ་རིགས་ལམ་སློབ་ཁྲིད་གནང་གི་མེད་ཅིང་། དེང་སང་༸རྒྱལ་དབང་རིན་པོ་ཆེའི་བཀའ་དྲིན་ལ་བརྟེན་ནས་སློབ་ཕྲུག་ལོ་ན་རྒན་གཞོན་བར་ཚང་མར་རིགས་ལམ་སྦྱོང་བའི་གོ་སྐབས་ཐོབ་པ་དེ་ཧ་ཅང་གི་སྐལ་པ་བཟང་པོ་ཡིན་པ་དང་། དེ་བཞིན་ཤེས་ཡོན་སློབ་སྦྱོང་དང་ཆབས་ཅིག་ལུས་སེམས་འཕྲོད་བསྟེན་ལའང་དོ་སྣང་གིས་འཐུས་ཤོར་མི་འགྲོ་བ་གནང་དགོས། ད་ལྟའི་ཆར་ང་ཚོ་བོད་པའི་ཕྲུ་གུ་ལོ་ན་ཆུང་བ་ཚོའི་ཁྲོད་དུ་སློབ་སྦྱོང་ལས་ཕྱིའི་རྣམ་པ་བཟོ་བཅོས་བྱ་རྒྱུ་དང་། རྒྱན་གོས་མཛེས་སྤྲོས་བྱ་རྒྱུར་ཧ་ཅང་དོ་སྣང་ཆེ་དྲགས་པའི་མཐོང་ཚུལ་ཡོང་གི་ཡོད་པ་དེའི་ཐད་བསམ་བློ་ཡག་པོ་གཏོང་དགོས་ཀྱི་འདུག་བཅས་གསུངས།

དེ་ནས་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་མི་འགྱུར་རྡོ་རྗེ་ལགས་ཀྱིས་སློབ་ཕྲུག་ཚོར་བླང་དོར་གསུང་བཤད་གནང་དོན་དུ། དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དང་གངས་ཅན་རིག་གནས་སློབ་གྲྭ་ནས་དུས་རྒྱུན་དུ་བོད་མི་སྒྲིག་འཛུགས་དང་འབྲེལ་བའི་ལས་ཁུངས་ཁག་གི་ཤེས་ཡོན་དང་འབྲེལ་བའི་ལས་རིམ་ཁག་ལ་མཐུན་འགྱུར་རམ་འདེགས་ཞུ་རྒྱུར་གྲ་སྒྲིག་ཨང་གསར་དང་། གཞན་ཡང་༸གོང་ས་མཆོག་གི་བཀའ་དགོངས་བཞིན་གངས་ཅན་རིག་གནས་སློབ་གྲྭ་རང་ནས་དབྱར་དགུན་གུང་སེང་སྐབས་སུ་སློབ་ཕྲུག་མང་པོར་བོད་ཀྱི་སྐད་ཡིད་དང་རིག་གཞུང་སློབ་ཁྲིད་གནང་བའི་འགན་ཁུར་ལ་དུས་རྟག་ཏུ་རྗེས་སུ་ཡི་རང་དང་ཡིད་སྨོན་བྱེད་བཞིན་ཡོད། སྤྱིར་ཕྱི་ལོ་ ༦༠ ཡས་མས་ཙམ་ནས་བཙན་བྱོལ་གྱི་སློབ་གྲྭ་ཁག་ལ་ཆོས་དགེ་ཞེས་དགེ་རྒན་ཟུར་དུ་བསྐོ་བཞག་གིས་སློབ་ཕྲུག་རྣམས་ལ་ནང་ཆོས་དང་རིགས་ལམ་སློབ་ཁྲིད་བྱེད་སྲོལ་བྱུང་འདུག་ཀྱང་། བར་དུ་མཇུག་སྐྱོང་ཐུབ་མེད་པ་འདྲ། དེའི་རྒྱུ་མཚན་ནི་ཕལ་ཆེར་སྐབས་དེར་བོད་པ་ཚོ་བཙན་བྱོལ་དུ་འབྱོར་ཏེ་དུས་ཡུན་རིང་པོར་མ་འགོར་སྟབས། ཉིན་རེའི་འཚོ་བའི་དགོས་མཁོ་སྐོང་ཕྱིར་ཨིན་ཇི་སོགས་དེང་དུས་ཀྱི་སློབ་ཚན་ཁག་ལ་དོ་སྣང་མ་བྱས་ཀ་མེད་ཆགས་ཏེ། རིམ་བཞིན་རིགས་ལམ་ལ་སློབ་སྦྱོང་བྱ་རྒྱུ་རྒྱུན་ཆད་པ་མིན་ནམ་སྙམ། འོན་ཀྱང་ལོ་ངོ་བཅུ་ཕྲག་ཁ་ཤས་རྗེས་ལ་༸རྒྱལ་དབང་ཡིད་བཞིན་ནོར་བུའི་བཀའ་སློབ་ལམ་སྟོན་ལ་བརྟེན་ནས་གཞི་རིམ་སློབ་གྲྭ་ཁག་ནང་རིགས་ལམ་སློབ་སྦྱོང་བྱ་རྒྱུ་བསྐྱར་གསོ་ཐུབ་པ་དེ་ཁྱེད་རྣམས་བསོད་ནམས་ཆེན་པོ་ཡིན་པ་མ་ཟད། རིགས་ལམ་གྱིས་ཤེས་རབ་འཕེལ་གྱི་ཡོད་སྟབས་རིགས་ལམ་སྦྱངས་ཏེ་ཤེས་ཡོན་སྤྱི་ལ་བེད་སྤྱོད་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་ཡིན་པ་སོགས་ཀྱི་བླང་དོར་གསུང་བཤད་གནང་།

སྐུ་མགྲོན་གཙོ་བོ་དཔལ་ལྡན་རྒྱུད་སྨད་མཁན་རིན་པོ་ཆེ་རྗེ་བཙུན་ངག་དབང་སངས་རྒྱས་མཆོག་གིས་རིགས་ལམ་གྱི་གལ་གནད་དང་ཕན་ཡོན་ཐོག་གསུང་བཤད་ལམ་སྟོན་གནང་དོན་དུ། དེ་རིང་ཁྱེད་རྣམ་པར་སྐད་ཆ་བཤད་རྒྱུར་དམིགས་བསལ་གྲ་སྒྲིག་བྱེད་རྒྱུ་མ་བྱུང་སྟེ། གོང་དུ་སྐད་ཆ་ཤོད་མཁན་ཚང་མས་ངས་བཤད་ཡ་དེ་གལ་ཆེ་ཤོས་ཡིན་པ་ལྟ་བུ་ཞིག་གསུང་གི་འདུག ཡིན་ནའང་ལྟ་གྲུབ་རྒན་ལགས་རྣམ་པས་ཉིན་གྲངས་བཅུ་གསུམ་རིང་རིགས་ལམ་གྱི་འགྲོ་སྟངས་དང་དཀའ་གནད་སྐོར་ག་རེ་གསུངས་པ་རྣམས་ཡག་པོ་བྱས་ནས་ཉོན་དང་དེ་གལ་ཆེ་ཤོས་རེད། འོན་ཀྱང་ངས་སྐད་ཆ་ཁ་ཤས་བཤད་ཀྱི་ཡིན། མཚན་ཉིད་རྩོད་རྒྱུ་དང་བགྲོ་གླེང་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པ་སྟོན་པ་བཅོམ་ལྡན་འདས་ཁོང་ཉིད་ཀྱི་གསུང་དུ་གསལ་གྱི་ཡོད། དཔེར་ན། དགེ་སློང་དག་གམ་མཁས་རྣམས་ཀྱིས།། སྲེག་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟག་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་པ་ལྟར། བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཁོང་ཉིད་ཀྱི་གསུང་ལའང་ཁྱེད་རྣམ་པས་བརྟག་དཔྱད་བྱེད་ཅིང་བརྡར་ཤ་བྱས་ཏེ་ང་ཡི་བཀའ་ལ་འཇུག་ལྡོག་བྱེད་པ་ལས། བརྟག་ཅིང་མ་དཔྱད་པར་གུས་ཞབས་གཅིག་པོས་འཇུག་ལྡོག་བྱེད་མི་དགོས་ཞེས་པ་ནི། བཅོམ་ལྡན་འདས་ཀྱིས་རྟགས་གསལ་གཏོང་སྟངས་སྐོར་གསུངས་པ་དང་གཅིག་པ་ཡིན།

བཅོམ་ལྡན་འདས་ཀྱིས་གཞལ་བྱ་གཉིས་གསུངས་པ་ནི། མཐོང་བ་མངོན་གྱུར། ཅུང་ཟད་ལྐོག་གྱུར། ཤིན་ཏུ་ལྐོག་གྱུར་བཅས་ལ་དཔྱད་པ་བྱེད་གསུངས་པ་ནི་རྟགས་གསལ་གཏོང་དགོས་པའི་དོན་རེད། ཡང་རྟོན་པ་བཞིའི་སྒོ་ནས་བཅོམ་ལྡན་འདས་ཀྱི་གསུང་ལ་དཔྱད་པ་བྱེད་དགོས་གསུངས་པ་དེ་ཡང་རྟགས་གསལ་གཏོང་སྟངས་སྐོར་གསུངས་པ་ཞིག་རེད། གང་ཟག་ལ་མི་རྟོན་ཆོས་ལ་རྟོན།། ཚིག་ལ་མ་རྟོན་དོན་ལ་རྟོན།། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན།། ཞེས་པ་ལྟར་རྟགས་གསལ་གཏོང་བའི་རིག་པ་དེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ཞིག་ཡིན་པ་ལས། མི་གཞན་ཞིག་གིས་བཟོས་བཞག་པ་མ་རེད། དེས་ན་སློབ་ཕྲུག་ཁྱེད་རང་ཚོས་རིགས་ལམ་གྱི་སྡེ་ཚན་གང་ལ་དོ་སྣང་བྱེད་དགོས་སམ་ཞེ་ན། བསྡུས་གྲྭ་ཆུང་བ། བསྡུས་གྲྭ་འབྲིང་བ། བསྡུས་གྲྭ་ཆེ་བ་ཞེས་པ་ལས། བསྡུས་གྲྭ་ཆུང་བའི་ནང་ཁ་དོག་དཀར་དམར་དང་གཞི་གྲུབ། ལྡོག་པ་ངོས་འཛིན། རྒྱུ་འབྲས་ཆུང་བ། སྤྱི་བྱེ་བྲག་སོགས་དང་། བསྡུས་གྲྭ་འབྲིང་བའི་ནང་བརྒལ་བ་དང་འབྲེལ་བ། རྒྱུ་འབྲས་ཆེ་བ། སེལ་འཇུག་དང་སྒྲུབ་འཇུག  བསྡུས་གྲྭ་ཆེ་བའི་སྐབས་ཐལ་འགྱུར་གྱི་རྣམ་གཞག་སོགས་རྒྱས་པར་གསུངས་ཡོད་པ་ནི། རིན་ཐང་ཆེན་པོ་ཞེ་དྲགས་རེད། འདི་ལྟ་བུའི་རིན་ཐང་དེ་ང་ཚོ་ལས་གཞན་སུ་ལའང་མེད། དེས་ན་རིན་ཐང་དེ་ང་ཚོ་གྲྭ་པ་གཅིག་པུས་ཉར་ཚགས་ཐུབ་རྒྱུ་ཁག་པོ་རེད། སངས་རྒྱས་ཀྱི་ཆོས་དེ་རྒྱ་གར་ནང་ཉམས་རྒུད་ཕྱིན་པའི་རྒྱུ་མཚན་ནི་སྐབས་དེར་ནང་ཆོས་དེ་གྲྭ་པ་གཅིག་པོས་ཉར་ཚགས་བྱེད་པར་བརྟེན་ནས་བྱུང་ཚུལ་གསུང་གི་ཡོད་སྟབས། ཁྱེད་རང་ཚོ་མི་སྐྱ་ཕོ་མོ་རྣམས་ཀྱིས་ཀྱང་ནང་ཆོས་ལ་དོ་སྣང་བྱེད་དགོས། གཞུང་ཆེན་བཀའ་པོད་ལྔ་པོ་རིགས་ལམ་ལ་བརྟེན་ནས་མ་གཏོགས་གཏན་ལ་ཕབ་ཐུབ་རྒྱུ་ཁག་པོ་རེད། དེར་བརྟེན་ཁྱེད་རང་ཚོས་ཟབ་སྦྱོང་རིང་དུས་ཚོད་ཆུད་ཟོས་སུ་མ་བཏང་བར་སྦྱང་བརྩོན་ཡག་པོ་གནང་དགོས་པ་སོགས་ཀྱི་ལམ་སྟོན་གསུང་བཤད་ཟབ་རྒྱས་གནང་།

མཐའ་དོན་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭའི་དགེ་ཆེ་སྔགས་རམས་པ་ཡོན་ཏན་ལགས་ནས་སྐུ་མགྲོན་གཙོ་བོ་དབུས་པའི་དམིགས་བསལ་སྐུ་མགྲོན་སོགས་ཚོགས་ཞུགས་པ་རྣམས་ལ་ཐུགས་རྗེ་ཆེ་ཞུས་ཏེ་དབུ་འབྱེད་མཛད་སྒོ་ལེགས་པར་མཇུག་བསྒྲིལ་ཡོད་པ་བཅས།།

སྔོན་མ།
༄༅། །ཕྱི་ལོ་ ༢༠༢༤ ལོའི་ཤེས་རིག་སྨན་པའི་བར་བཞག་སློབ་ཡོན་གསལ་བསྒྲགས།
ཕྱི་མ།
ཤེས་རིག་ལས་ཁུངས་ཀྱི་བཀའ་ཟུར་དང་དྲུང་ཟུར་ལྷན་རྒྱས་བར་མཇལ་འཕྲད་གནང་བ།