གོང་དུ་སློབ་གྲྭ་ཆུང་འབྲིང་གི་སློབ་མས་ངེས་པར་ཤེས་དགོས་པའི་རྩོམ་གྱི་རིགས་གསུམ་མདོར་བསྡུས་ཀྱིས་མཚམས་སྦྱོར་བྱས་པ་ཡིན། རྩོམ་གྱི་རིགས་དེ་དག་རང་སྐྱ་ཕེར་བའི་རྩོམ་ལུས་ཤིག་ཏུ་གྲུབ་པའི་ལོ་རྒྱུས་ཀྱི་ཡུན་མི་རིང། ལྷག་པར་དུ་བོད་ལ་མཚོན་ནས་བཤད་ན་ཞིབ་འཇུག་དང་འཚོལ་ཞིབ་བྱེད་པའི་སྒང་ཡིན། དེར་བརྟེན། རྩོམ་ལུས་དེ་དག་གི་དབྱེ་བ་སོགས་ཁ་ཚོན་བཅད་དེ་བཤད་རྒྱུ་སྔ་དྲགས་པའི་ཚོད་དུ་སྣང། དེ་ཡང་གོང་དུ་ངོ་སྤྲོད་བྱས་པ་དེ་ད་ཡོད་རྩོམ་ལུས་དེ་དག་སྐོར་གྱི་ཤེས་བྱ་ཡོངས་སུ་གྲགས་པ་གཞིར་བཟུང་ནས་རྩོམ་ལུས་དེ་དག་གི་གོ་དོན་སོགས་མདོར་བསྡུས་ཀྱིས་ངོ་སྤྲོད་བྱས་པ་ཙམ་ཡིན།
གོང་དུ་མདོར་བསྡུས་ཀྱིས་ངོ་སྤྲོད་བྱས་ཟིན་པའི་ཇི་བཞིན་བརྗོད་པའི་རྩོམ་ཡིག་དང་གསལ་བཤད་རྩོམ་ཡིག། དགག་སྒྲུབ་རྩོམ་ཡིག་བཅས་ནི་རྩོམ་ལུས་མ་འདྲ་བ་གསུམ་དུ་ཡོངས་སུ་གྲགས་མོད། ཞིབ་ཏུ་བཤད་ན་དེ་ནི་རྩོམ་ལུས་ཤིག་མ་ཡིན་པར་རྩོམ་ཐབས་ཤིག་ཡིན། རྩོམ་ཐབས་བྱེ་བྲག་པ་གཅིག་གིས་རྩོམ་ཡིག་ཅིག་གྲུབ་པར་བྱས་པའི་རྩོམ་ལུས་དེ་ལ་རྩོམ་ཐབས་ཀྱི་མིང་དེ་བཏགས་པ་ཙམ་རེད། དཔེར་ན། ཇི་བཞིན་བརྗོད་པའི་རྩོམ་ཐབས་གཙོ་བོར་སྤྱད་པའི་རྩོམ་ཡིག་ལ་ཇི་བཞིན་བརྗོད་པའི་རྩོམ་ཡིག་དང། གསལ་བཤད་ཀྱི་མཚོན་ཐབས་གཙོ་བོར་སྤྱད་ནས་བྲིས་པའི་རྩོམ་ཡིག་ལ་གསལ་བཤད་རྩོམ་ཡིག དེ་བཞིན་དགག་སྒྲུབ་ཀྱི་མཚོན་ཐབས་གཙོ་བོར་བཟུང་ནས་བྲིས་པའི་རྩོམ་ཡིག་ལ་དགག་སྒྲུབ་རྩོམ་ཡིག་ཅེས་ཟེར་བ་རེད། སྤྱིར་ན་དེ་ལྟར་རྩོམ་ལུས་ཀྱི་དབྱེ་བ་དགར་བ་ལ་སྐྱོན་ཆེན་པོ་མེད་མོད། འོན་ཀྱང། རང་རེའི་སྲོལ་རྒྱུན་རྩོམ་རིག་གི་རྩོམ་ལུས་དབྱེ་སྟངས་དང་མི་མཐུན་པར་མ་ཟད། རིག་པའི་གནོད་པ་ཡང་མི་ཉུང་བ་ཞིག་ཡོང་གི་ཡོད། གཞན་ཡང་། ལྷུག་རྩོམ་དང་སྙན་ངག། སྐྱོ་གར་དང་སྤྲོ་གར་སོགས་རྩོམ་གྱི་རིགས་མ་འདྲ་བ་མང་པོ་ཞིག་སྤྱི་ཚོགས་ཀྱི་འཚོ་བའི་འཕེལ་འགྲོས་དང་བསྟུན་ནས་ད་དུང་ཡང་འཕེལ་རྒྱས་སུ་འགྲོ་སྲིད། དེ་དག་གི་གོ་དོན་དང་དབྱེ་བ་དགར་སྟངས་ལའང་རྒྱལ་ཁབ་མ་འདྲ་བ་དང་མི་རིགས་མི་འདྲ་བ། དེ་བཞིན་རིག་གནས་ཀྱི་རྒྱབ་ལྗོངས་མ་འདྲ་བ་ལ་བརྟེན་ནས་སྣ་ཚོགས་ཤིག་མཆིས་པས། དེ་དག་ཡོད་ཚད་བཤད་པ་ལ་ཤེས་ཚད་ཀྱིས་ལྕོགས་མིན་གདེང་ཚོད་ཡེ་ནས་མེད་ཅིང། གཞན་དུ་ན། ལོ་ཆུང་སློབ་མ་དག་གི་ཤེས་ཚད་དང་བསམ་གཞིགས་ཀྱི་ནུས་པར་ཡང་འཚམས་མིན་མི་རྟོགས་པས། གཙོ་བོར་རང་རེའི་མི་རིགས་འདིའི་སྲོལ་རྒྱུན་གྱི་རྩོམ་རིག་གི་ལྟ་བ་གཞིར་བཟུང་ནས་ཐོག་མར་རྩོམ་ལུས་དབྱེ་སྟངས་དང་རྩོམ་ཡིག་དེ་དག་བར་གྱི་འབྲེལ་བ་སོགས་ཀྱི་ཐད་ནས་དགོས་མཁོ་ལྟར་བསྐྱར་དུ་ཚིག་འགའ་གླེང་བར་བྱའོ། །
རྩོོམ་ལུས་དབྱེ་སྟངས།
རྩོམ་ལུས་དབྱེ་སྟངས་ལ་མི་རིགས་སོ་སོ་དང་རྒྱལ་ཁབ་སོ་སོར་འདྲ་བའི་ཆ་ཡོད་ལ། མ་འདྲ་བའི་ཆའང་ཡོད། དེ་དག་གི་རྒྱུ་རྐྱེན་གཙོ་བོ་སྤྱི་ཚོགས་དང་རིག་གནས་ཀྱི་རྒྱབ་ལྗོངས་མ་འདྲ་བ་དང། རྩོམ་རིག་འཕེལ་རྒྱས་ཀྱི་བརྒྱུད་རིམ་མ་འདྲ་བ་ལ་བརྟེན་ནས་བྱུང་བར་གོར་མ་ཆག གོང་འཁོད་རྩོམ་གྱི་རིགས་དེ་དག་ནི་བོད་ལ་མཚོན་ནས་བཤད་ན། དེང་རབས་རྩོམ་རིག་གི་ཁོངས་སུ་གཏོགས་ལ། ལྷག་པར་དུ་རྒྱ་ནག་རྩོམ་རིག་གི་བཤད་སྟངས་རང་སོར་བཞག་པ་ཡིན། དེས་ན། རང་རེས་ནི་རྩོམ་ལུས་ཇི་ལྟར་དབྱེ་བ་ཡིན་ནམ་ཞེ་ན། སྙན་ངག་མེ་ལོང་མ་རུ།
ལུས་ནི་རེ་ཞིག་འདོད་པ་ཡི། དོན་གྱི་རྣམ་བཅད་ཚིག་གི་ཕྲེང། །ཞེས་པས་བསྟན་ཏེ། བརྗོད་འདོད་ཀྱིས་ཀུན་ནས་བསླངས་པའི་བརྗོད་བྱ་དེའི་དོན་དང་དོན་མ་ཡིན་པ་རྣམ་པར་དཔྱོད་པའི་མིང་ཚིག་ཡི་གེ་གསུམ་གྱི་བདག་ཉིད་ཅན་གྱི་ཕྲེང་བ་སྤེལ་བ་དེ་ལ་རྩོམ་གྱི་ལུས་ཟེར། ལུས་དེ་ལ་དབྱེ་ན། ཚིགས་སུ་བཅད་པ་དང་ལྷུག་པ། སྤེལ་མ་གསུམ་ལས་མེད། རྩོམ་གྱི་རིགས་ཅི་འདྲ་ཞིག་ཡིན་ཡང་ཆོག། ལུས་ཀྱི་ཆ་ནས་འདི་གསུམ་གྱི་ཁོངས་སུ་མི་འདུ་བ་ཕལ་ཆེར་མེད་ཅེས་བརྗོད་ཆོག འདིར་ཕལ་ཆེར་ཟེར་དོན་ནི། དེང་གི་དུས་སུ་ན་གཞོན་མང་པོ་ཞིག་འཇུག་སྤྲོ་བའི་རང་མོས་ཀྱི་རྩོམ་ལུས་འདི་ལ་ལྟོས་ནས་བཤད་པ་ཡིན། སྤྱིར་ན་དཔྱད་རྩོམ་ཡིན་ན་འདྲ། སྙན་ངག་ཅིག་ཡིན་ན་ཡང་ཆོག དེ་བཞིན་སྐྱོ་གར་དང་བརྩམས་སྒྲུང་སོགས་རྩོམ་གྱི་རིགས་གང་ཞིག་ཡིན་ཡང། ལུས་ཀྱི་ཆ་ནས་གོང་གི་བཅད་ལྷུག་སྤེལ་མ་འདི་གསུམ་ལས་འདའ་ས་ཡེ་མེད་ཅེས་བརྗོད་སྤོབས།
ནམ་རྒྱུན་དུ་ང་ཚོས་ཤཽླ་ཀ་ཞེས་པའི་དོན་དེ་ཚིགས་བཅད་དུ་འགྲེལ་ནས་ནོར་བ་རྒྱུན་འབྱམས་སུ་སོང་ཡོད། དོན་དངོས་སུ་ཚིགས་བཅད་ཀྱི་སྐད་དོད་ལ། ཀཱ་རི་ཀཱ་སྟེ་ཚིག་ལེའུར་བྱས་པ་ཞེས་པའི་དོན་ཡིན། ཤཽླ་ཀ་ཞེས་པའི་དོན་ནི་མྱ་ངན་བརྗོད་པའམ་གདུང་བ་བརྗོད་པ་ཞེས་པའི་དོན་ནོ། །འདི་ཚིགས་སུ་བཅད་པའི་དོན་ལ་གྱུར་ཚུལ་དེ་དྲང་སྲོང་གྲོག་མཁར་དང་འབྲེལ་བ་ཡོད།
སྔོན་གྱི་དུས་ཤིག་ན། མི་ཞིག་གིས་མཚོ་འགྲམ་ཞིག་ནས་ངང་པ་ཕོ་མོ་གཉིས་ལས་གཅིག་བསད་པ་ན། ཅིག་ཤོས་དེས་རོ་ཡི་འགྲམ་ནས་མྱ་ངན་གྱི་སྐད་འབྱིན་བཞིན་ཡུན་རིང་ཞིག་ལ་སྐོར་བ་བརྒྱབ་ནས་མིད་པར་རྨ་བྱུང་ནས་དེའི་མུར་སྲོག་ཆད་པའི་ཚུལ་དེ་མཐོང་བ་ན། མི་དེར་ངེས་འབྱུང་ལྟ་བུ་ཞིག་གིས་བསྐུལ་ནས་ཏིང་ངེ་འཛིན་ལ་ཞུགས་ཏེ་ཡུན་རིང་པོ་ཞིག་འགོར་བས། ཁོའི་ལུས་ལ་གྲོག་མས་ཚང་བཅས་སྟབས་དྲང་སྲོང་གྲོག་མཁར་ཞེས་གྲག དྲང་སྲོང་གྲོག་མཁར་ཏིང་འཛིན་ལས་བཞེངས་རྗེས། ངང་པ་ཕོ་མོ་དེ་གཉིས་ས་བོན་དུ་བཞག་སྟེ་གཙོ་བོར་མྱ་ངན་ནམ་གདུང་བ་བརྗོད་པའི་གནའ་བོའི་རྒྱ་གར་གྱི་སྙན་ངག་ཆེན་པོ་ཞིག་སྟེ། ར་མ་ཎའི་རྟོགས་བརྗོད་ཚིགས་སུ་བཅད་པའི་ལུས་ཀྱིས་བརྩམས་པར་གྲགས། དེ་ནས་བཟུང་བརྗོད་བྱ་སྐྱོ་གར་གྱི་རིགས་ཡིན་ན་ཚིགས་བཅད་ཀྱིས་བརྩམས་སྲོལ་ཞིག་དར། དེར་ཡང་རྒྱུ་མཚན་ངེས་ཅན་ཞིག་ཡོད་དེ། སྐྱོ་གར་ནི་སྡུག་བསྔལ་གྱི་རང་བཞིན་ཡིན། སྡུག་བསྔལ་ཅན་གྱིས་ངང་ངམ་ཤུགས་ཀྱིས་བསམ་བློ་གཏོང་བ་ཡིན། བསམ་བློ་གཏོང་མཁན་ལ་ད་གཟོད་འགྲོ་སྟངས་ཤིག་ཆགས་འགྲོ འགྲོ་སྟངས་ཅན་ལ་གོམས་སྲོལ་ལམ་སྒྲིག་གཞི་ཞིག་ངང་གིས་འབྱུང་ངེས། ཚིགས་སུ་བཅད་པའང་རང་དབང་གིས་སྦྱར་ཆོག་པ་ཞིག་མིན་པར་སྤྱི་འགྲོས་ཤིག་ཡོད་པ་རེད། དེར་བརྟེན་འདི་གཉིས་བར་ལ་འབྲེལ་བ་ཟབ་མོ་ཡོད། རྗེས་སུ་གདུང་བརྗོད་ཀྱི་རིགས་ཡོད་ཚད་ཚིགས་བཅད་ཀྱིས་བརྩམས་པ་ཤུགས་ཆེ་བའམ་ཡུན་རིང་བས་རིམ་གྱིས་ཤཽླ་ཀའི་གོ་དོན་དེ་ཚིགས་བཅད་ཀྱི་ངོ་བོར་འགྱུར་སོང་བ་རེད། འདི་ལ་བཤད་སྟངས་གཞན་ཞིག་ཀྱང་ཡོད།
གཞན་ཡང། རྒྱུན་དུ་ཤེས་ལྡན་པའི་ཁྲོད་ན་རྩོམ་གཤིས་ནི་མི་གཤིས་དང་མཐུན་ཞེས་པའི་རྩོམ་གཤིས་དེ་ཡང་བཅད་ལྷུག་སྤེལ་མའི་རྩོམ་ལུས་ལ་བཤད་པ་སྟེ། ཡོངས་གྲགས་སུ་ཕོ་ཡི་རིགས་ནི་བསམ་གཞིགས་ལ་མོས་པས་རང་བཞིན་གྱིས་གཟབ་ནན་གྱི་རང་གཤིས་མངའ་བ་ཡིན། དེ་བཞིན་ཚིགས་བཅད་འབྲི་དུས་ཀྱང་བསམ་གཞིགས་བཏང་སྟེ་གཟབ་ནན་གྱིས་འབྲི་དགོས་པ་ལས་གང་བྱུང་མི་ཆོག་པ་ཡིན། མོ་ཡི་རིགས་འདི་ལྷན་སྐྱེས་ཀྱིས་སྤྲོ་སྣང་གི་ཆ་ལ་ཤུགས་ཆེར་དོན་གཉེར་བྱེད་མཁན་ཞིག་ཡིན། སྤྲོ་སྣང་ནི་རང་དབང་ལས་བྱུང་བ་ཡིན་པ་ལྟར། ཚིག་ལྷུག་ལའང་སྤྱི་འགྲོས་མེད་པར་རང་དབང་ལྟར་སྦྱར་ཆོག་པ་ཡིན། གཞན་མ་ནིང་གི་ཁྱད་ཆོས་དང་མཚུངས་པར་རྩོམ་ལུས་ལའང་དགོས་མཁོ་དང་བསྟུན་ནས་བཅད་ལྷུག་སྤེལ་མ་བཀོལ་བའི་རིགས་ཤིག་ཡོད་པ་ཡིན་ནོ། །དེར་བརྟེན་རྩོམ་གཤིས་མི་གཤིས་དང་མཐུན་ཟེར་བའི་སྐད་ཆ་འདི་བྱུང་བ་རེད།
སྐབས་འདིའི་མི་གཤིས་ནི་བྱེ་བྲག་གི་བརྩམས་ཆོས་ཤིག་གི་རྩོམ་པ་པོ་གང་ཡང་རུང་བ་ཞིག་གི་མི་གཤིས་ལ་གོ་ན་མི་འགྲིག རྒྱུ་མཚན་ནི་གོ་ལ་འདིའི་སྟེང་བྱུང་ཟིན་པའི་རྩོམ་པ་པོ་དག་གི་རྩོོམ་གཤིས་དང་མི་གཤིས་བསྡུར་ན། རྩོམ་གཤིས་དང་མི་གཤིས་མཐུན་པ་ཡོད་ལ། རྦད་དེ་རྒྱབ་འགལ་དུ་གྱུར་པའང་མང་པོ་ཡོད་པས། རྩོམ་གཤིས་མི་གཤིས་དང་མཐུན་ཞེས་པའི་མི་གཤིས་དེ་བྱེ་བྲག་གི་མི་སྒེར་བ་ཞིག་གི་གཤིས་ཀ་ལ་གོ་ན་ཡང་དག་གི་གནས་ལུགས་སུ་འགྲོ་དཀའ།
ད་ནི་ཡང་བསྐྱར་འབྲེལ་ཡོད་ཇི་བཞིན་བརྗོད་པའི་རྩོམ་ཡིག་སོགས་ཀྱི་སྐོར་ནས་གཏམ་དུ་སྨྲ་བ་ལ།
གཅིག། ཇི་བཞིན་བརྗོད་པའི་རྩོམ་ཡིག་སོགས་ནི་བཅད་ལྷུག་སྤེལ་མ་གང་གི་སྒོ་ནས་འབྲི་དགོས་ཞེ་ན། ལག་ལེན་གྱི་ཁྲོད་ནས་ཇི་བཞིན་བརྗོད་པའི་རྩོམ་ཡིག་དང་གསལ་བཤད་རྩོམ་ཡིག། དགག་སྒྲུབ་རྩོམ་ཡིག་བཅས་ནི་ལྷུག་པའི་ལུས་ཀྱིས་བརྩམས་པ་ཤུགས་ཆེ་བས་མང་པོ་ཞིག་གི་སྣང་ངོར། ཚིགས་སུ་བཅད་པ་དང་སྤེལ་མའི་ལུས་ཀྱི་རྣམ་པས་རྩོམ་ཡིག་དེའི་རིགས་འབྲི་མི་རུང་བ་ལྟ་བུར་འཆར་སྲིད། འོན་ཀྱང་། དེ་འདྲ་ཞིག་གཏན་ནས་མ་ཡིན། ཇི་བཞིན་བརྗོད་པའི་རྩོམ་ཡིག་དང་གསལ་བཤད་རྩོམ་ཡིག། དེ་བཞིན་དགག་སྒྲུབ་རྩོམ་ཡིག་བཅས་རྩོམ་ཡིག་གང་ཞིག་ཡིན་ཀྱང་བཅད་ལྷུག་སྤེལ་མའི་རྩོམ་ལུས་གང་བདེར་བརྩམས་ཡོད་ལ། རྩོམ་ཆོག་པར་མ་ཟད། བརྩམ་ཡང་སྲིད།
གཉིས། བཅད་ལྷུག་སྤེལ་མ་གང་རུང་གི་ལུས་སུ་བརྩམས་པའི་ཇི་བཞིན་བརྗོད་པའི་རྩོམ་ཡིག་དང་གསལ་བཤད་རྩོམ་ཡིག དགག་སྒྲུབ་རྩོམ་ཡིག་བཅས་ནི་སྙན་ངག་གམ་བརྩམས་སྒྲུང་སོགས་ཡིན་མིན་གྱི་སྐོར་ནས་འཆད་པ་ལ། ཇི་བཞིན་བརྗོད་པ་དང་གསལ་བཤད། དགག་སྒྲུབ་རྩོམ་ཡིག་བཅས་གང་ཞིག་ཡིན་ཡང་མ་གཞི་རྩོམ་ཐབས་ཤིག་ཡིན། རྩོམ་ཐབས་གང་ཞིག་སྤྱད་ཀྱང་དེས་བྲིས་པའི་རྩོམ་ཡིག་དེ་སྙན་ངག་ཡིན་སྲིད་ལ་བརྩམས་སྒྲུང་ཡིན་ཡང་སྲིད། གསལ་པོར་བཤད་ན། ཇི་བཞིན་བརྗོད་པའི་རྩོམ་ཡིག་གིས་བྲིས་པའི་སྙན་ངག་ཡོད་ཆོག་ལ་བརྩམས་སྒྲུང་ཡང་ཡོད། དེ་བཞིན་ལོ་རྒྱུས་ཤིག་མིན་པའི་ངེས་པའང་མེད། དེ་བཞིན་གསལ་བཤད་རྩོམ་ཡིག་དང་དགག་སྒྲུབ་རྩོམ་ཡིག་ཡིན་ནའང་བརྩམས་སྒྲུང་སོགས་ཡིན་དང་མིན་གྱི་ཐག་གཅོད་མེད། དཔེ་མཚོན་ཞིག་དྲངས་ན། གླིང་སྒྲུང་དུ་ཡུལ་ལྗོངས་ཕལ་ཆེར་ལྷུག་པའི་སྒོ་ནས་ངོ་སྤྲོད་བྱས་ཤིང། མི་སྣ་ཕན་ཚུན་ངོ་སྤྲོད་བྱེད་དུས་གླུ་རུ་དྲངས་ཏེ་ངོ་སྤྲོད་བྱས་པ་དེ་ཚིགས་བཅད་ཀྱི་རྣམ་པ་ཡིན། རྩོམ་ཐབས་ཀྱི་ཆ་ནས་གསལ་བཤད་རྩོམ་ཡིག་གི་ཁོངས་སུ་གཏོགས་པ་དང། བརྗོད་དོན་ཀྱི་སྟེང་ནས་སྒྲུང་དུ་ཤེས་དགོས་ལ། གླུ་ཚིག་གི་ཆ་ལ་རྒྱན་གྱིས་སྤྲས་པས་སྙན་ངག་མིན་ཟེར་རྒྱུ་ཡང་དཀའ་མོ་རེད། དེ་བཞིན་དུ་རྗེ་བདག་ཉིད་ཆེན་པོས་མཛད་པའི་བློ་སྦྱོང་སྙན་ངག་སྒྲ་རྒྱན་ཞེས་པ་དེའང་རྒྱན་གྱིས་བཅིངས་པའི་ཆ་ནས་སྙན་ངག་གི་ཁོངས་སུ་གཏོགས་ཀྱང། རང་ཉིད་ཀྱི་ལྟ་ཚུལ་ལམ་གཞུང་ལུགས་ཤིག་གི་ལྟ་སྟངས་ཤིག་གཏན་ཚིགས་དང་རྒྱུ་མཚན་མང་པོས་སྒྲུབ་ཡོད་པས་སྒྲུབ་པ་གཙོ་བོར་བྱས་པའི་དགག་སྒྲུབ་རྩོམ་ཡིག་གི་གྲས་སུ་ཡང་བཞག་ཆོག གཞན་ཡང། དོན་གྲུབ་རྒྱལ་གྱིས་བརྩམས་པའི་གཞོན་ནུ་ཡིད་ཀྱི་མཛེས་རྒྱན་ཞེས་པ་དེ་ཡང་སྙན་ངག་གི་ལམ་ནས་བྲིས་པའི་བརྩམས་སྒྲུང་ཞིག་ཡིན་ལ། ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་གྲས་སུ་བཞག་ཆོག་པའི་བཅད་རྩོམ་ཞིག་ཀྱང་ཡིན། མདོར་ན། སྙན་ངག་དང་བརྩམས་སྒྲུང་སོགས་ཡིན་མིན་ནི་ལྟ་སྟངས་གཞན་ཞིག་གིས་ལྟ་དགོས་པ་ཤེས་པར་བྱའོ། །
སྙན་ངག
འཇིག་རྟེན་གྱི་བྱ་དངོས་མཐའ་དག་ལ་སྐྱེས་བུ་བློ་རབ་འབྲིང་ཐ་གསུམ་གྱིས་རང་རང་གི་རྣམ་དཔྱོད་ལ་བརྟེན་ནས་ངོས་འཛིན་མ་འདྲ་བ་རེ་བྱས་ཆོག་ཆོག་ཡིན། དེ་བཞིན་དུ་སྙན་ངག་ལ་ཡང་ངོས་འཛིན་བྱེད་སྟངས་ཀྱི་ཐད་ནས་མ་འདྲ་རེ་ཡོང་སྲིད་པས་གོ་དོན་སོགས་ཀྱི་བར་ལའང་རང་བཞིན་གྱིས་ཁྱད་པར་ཅུང་ཟད་རེ་ཤོར་ངེས་སོ། །རྣ་བར་སྙན་ཞིང་ཡིད་འཕྲོག་པར་བྱེད་པའི་ངག་ལ་སྙན་ངག་ཟེར་ཞེས་པ་འདི་ནི་སྙན་ངག་གི་གོ་དོན་མིན་ཟེར་རྒྱུ་དཀའ་མོ་ཡིན་ལ་ཡིན་ཟེར་ན་དེ་བས་ཀྱང་གནས་ལུགས་ཀྱིས་སྟོངས་འགྲོ། འདི་ནི་སྙན་ངག་གི་གོ་དོན་མ་རེད་ཅེ་ན། སྙན་ངག་ཅེས་པ་ཅི་ཡིན་གཏན་ནས་མི་ཤེས་པའི་ལས་དང་པོ་བ་ཞིག་ལ་སྙན་ངག་ཅེས་པ་ངོ་སྤྲོད་བྱེད་རྒྱུ་དཀའ་མོ་ཞིག་ཏུ་འགྱུར་འགྲོ། དེ་བས། འདི་ནི་ལས་དང་པོ་བར་དམིགས་ནས་བཞག་པའི་གོ་དོན་དུ་བགྲང་ཆོག་ལ། ཆེས་མ་མཐའི་སྙན་ངག་གི་ཚད་གཞི་རུའང་རྩིས་ཆོག མ་གཞི་བྱས་ན། འདི་ནི་སྙན་ངག་ཅེས་པའི་སྒྲ་བཤད་རང་ཡིན་ནོ། །དེར་བརྟེན། སྒྲ་བཤད་དང་གོ་དོན་གཉིས་ལ་གནམ་དང་ས་ཡི་ཁྱད་པར་ཡོད་པས། འདི་ནི་སྙན་ངག་གི་གོ་དོན་དུ་བགྲང་ན་ནོར་སོང་བ་རེད། ཡིན་ནའང། སློབ་ཁྲིད་ཀྱི་དགོས་མཁོར་བརྟེན་ནས་འདི་ལྟར་ངོ་སྤྲོད་བྱས་ན་འགལ་བ་ཆེར་མེད་དོ། །
དེས་ན། ཅི་ཞིག་ལ་སྙན་ངག་ཟེར་ཞེ་ན། གོམ་གང་མདུན་དུ་སྤོས་ནས་དབྱེ་ཞིབ་བྱ་རྒྱུ་གལ་ཆེ་མོད། སྐབས་སུ་བབས་པའི་སློབ་ཁྲིད་བྱ་ཡུལ་ནི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཡིན་པས་མཛེས་དཔྱོད་དང་སྒྱུ་རྩལ་སོགས་ཀྱི་ལྟ་སྟངས་སྤྱད་དེ་སྙན་ངག་ལ་གོ་བ་བླངས་ན། གཏིང་ཟབ་དྲགས་པས་ཤེས་ཚད་ཀྱིས་ལྕོགས་དཀའ་བར་བརྟེན། གང་ལ་གང་འཚམ་གྱི་ཐབས་ལམ་སྤྱད་ན་ལེགས་པས། སྙན་ངག་འབྲི་སྦྱོང་སྐོར་གྱི་ཤེས་བྱ་ངོ་སྤྲོད་བྱེད་དུས། བྱ་ཚིག་དང་རྒྱན་ཚིག། དེ་བཞིན་ཟློས་ཚིག་སོགས་སྡེབ་སྦྱོར་དང་མཐུན་པར་བེད་སྤྱད་དེ་བཅད་ལྷུག་སྤེལ་མའི་རྩོམ་ལུས་གང་བདེར་བྲི་རུང་བའི་སློབ་སྟོན་བྱས་ནས་སྙན་ངག་ལ་སློབ་མའི་ཤེས་ཚད་དང་འཚམས་པའི་གོ་བ་རེ་ལེན་ཐུབ་པར་བྱས་ན་འཐུས།
ཇི་བཞིན་བརྗོད་པའི་རྩོམ་ཡིག་ཡིན་ལ་སྙན་ངག་མ་ཡིན་པ་དང། སྙན་ངག་ཡིན་ལ་ཇི་བཞིན་བརྗོད་པའི་རྩོམ་ཡིག་མ་ཡིན་པ། གཉིས་ཀ་ཡིན་པ་དང་གཉིས་ཀ་མིན་པ་སོགས་མུ་བཞིའི་རིག་པ་ལ་བརྟེན་ནས་སྦྱོང་བརྡར་བྱས་ན་ཡར་སྐྱེད་འབྱུང་བར་གོར་མ་ཆག་མོད། རིག་པ་འདི་མཐར་ཐུག་གི་གནས་ལུགས་ཐག་གཅོད་བྱེད་ཅིག་མིན་ལ། ལྷག་པར་དུ་རྩོམ་རིག་གི་ཁྲོད་ནས་ཡོད་ཚད་ཐག་གཅོད་བྱེད་ཀྱི་ལག་ཆ་རུ་བེད་སྤྱོད་མི་རུང། རྩོམ་རིག་ནི་སྤྱི་ཚོོགས་འཕེལ་རྒྱས་སོང་བའི་འགྲོས་དང་བསྟུན་ནས་འཕེལ་རྒྱས་འགྲོ་ངེས་ཅན་ཡིན་པས། དེ་རིང་གི་ཐག་གཅོད་དེ་སང་ཉིན་ངོ་བོ་འགྱུར་འགྲོ་བ་ཤིན་ཏུ་མང། དཔེར་ན། གནའ་བོའི་དུས་སུ་སྒྱུ་རྩལ་དྲུག་ཅུ་རྩ་བཞི་རུ་བགྲང་བའི་སྒྱུ་རྩལ་དེ་དང་དེང་གི་སྒྱུ་རྩལ་གཉིས་ལ་ཁྱད་པར་ཡོད་པ་ལྟ་བུ་དང། གནའ་བོའི་སྙན་ངག་ཏུ་བགྲང་བ་ཡོད་ཚད་ཀྱི་ཁྲོད་ན། དེང་གི་དུས་སུ་སྙན་ངག་ཏུ་མི་འགྲོ་བའང་ཡོད་པ་ལྟ་བུ་རེད། ཅུང་ཟད་གསལ་པོར་བཤད་ན། གནའ་བོའི་དུས་སུ་སྙན་ངག་ཅེ་ན། དེང་གི་རྩོམ་རིག་ཟེར་བ་དང་དོན་གཅིག་ཏུ་འགྱུར་ཏེ། སྙན་ངག་མེ་མོང་མ་ནི་སྙན་གཞུང་དུ་བགྲང་མོད། དོན་ལ་རྩོམ་རིག་ཅེས་པའི་བརྗོད་བྱ་ཡོངས་རྫོགས་འདུ་བ་ཡིན། དུས་སྐབས་དེར་རྩོམ་རིག་ཅེས་པའི་མིང་བརྡ་བྱུང་མེད་པས་རྩོམ་པ་པོ་ཟེར་བའི་མིང་འདིའང་བྱུང་མེད། དེར་བརྟེན། སྐབས་དེའི་སྙན་ངག་དང་དེང་གི་རྩོམ་རིག སྐབས་དེའི་སྙན་ངག་པ་དང་དེང་གི་རྩོམ་པ་པོ་ཞེས་པ་གཉིས་ཀྱི་གོ་བ་གཅིག་ཡིན། ལྷག་པར་ནུབ་ཕྱོགས་པར་མཚོན་ན་དེ་ལྟར་ཡིན་ནོ། །ཕྱིས་སུ་རྩོམ་རིག་བྱུང་བས་རྩོམ་པ་པོ་ཟེར་བའི་བརྡ་ཆད་འདི་བྱུང་ཞིང། སྙན་ངག་དང་སྙན་གཞུང་ཟེར་བ་ཁྱབ་ཆུང་དུ་སོང་སྟེ་རྩོམ་རིག་གི་ནང་གསེས་སུ་གྱུར་པ་རེད།
བརྩམས་སྒྲུང།
གོ་དོན།
བརྩམས་སྒྲུང་ནི་མི་སྣ་བཞེངས་སྐྲུན་དང་གཏམ་རྒྱུད་རྒྱས་བཤད། ཁོར་ཡུག་ཞིབ་འབྲི་བྱེད་པ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་འཚོ་བ་ཚུར་སྣང་དང་བསམ་བློ་མཚོན་པར་བྱེད་པའི་རྩོམ་རིག་གི་ལུས་ཤིག་ཡིན།
བརྩམས་སྒྲུང་ལ་གྲུབ་ཆ་གསུམ་ཡོད་དེ། མི་སྣའི་སྣང་བརྙན་དང་གཏམ་རྒྱུད་ཀྱི་བྱུང་རིམ། ཁོར་ཡུག་(རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཁོར་ཡུག)བཅས་ཡིན། བརྩམས་སྒྲུང་གིས་སྤྱི་ཚོགས་ཀྱི་འཚོ་བ་མཚོན་པར་བྱེད་པའི་ཐབས་ཤེས་གཙོ་བོ་ནི་མི་སྣའི་སྣང་བརྙན་བཞེངས་སྐྲུན་བྱེད་རྒྱུ་དེ་ཡིན། བརྩམས་སྒྲུང་ཁོྲད་ཀྱི་མི་སྣ་ལ་ང་ཚོས་དཔེ་གཞིའི་མི་སྣ་ཟེར་ཞིང། དེ་ནི་རྩོམ་པ་པོས་དངོས་ཡོད་འཚོ་བ་གཞིར་བཟུང་སྟེ་ཁྱད་ཆོས་འདྲ་མིན་སྣ་ཚོགས་གཅིག་ཏུ་བསྡུས་ཏེ་གསར་བཞེངས་བྱས་པ་ཞིག་ཡིན། དཔེ་གཞིའི་མི་སྣ་འདི་ལྟ་བུ་བརྒྱུད་ནས་འཚོ་བ་ཚུར་སྣང་བྱས་ན་གཅིག་སྡུད་དང་ཡོངས་ཁྱབ་ཀྱི་ཚབ་མཚོན་རང་བཞིན་ལྡན། བརྩམས་སྒྲུང་གི་མི་སྣ་བཞེངས་སྐྲུན་བྱེད་པའི་ཐབས་ལམ་ནི་ངོ་སྤྲོད་རགས་བསྡུས་ཡིན་ཆོག་ལ། སྤྱི་ཡོངས་ནས་ཞིབ་འབྲི་བྱས་ནའང་འགྲིག། མི་སྣའི་ཕྱིའི་རྣམ་པ་བྲིས་ཆོག་པར་མ་ཟད་ནང་སེམས་ཀྱི་འགྱུར་བའང་བྲིས་ཆོག་སྟེ། མི་སྣའི་གཏམ་གླེང་དང་རྩོམ་པ་པོའི་དཔྱད་གླེང་འོས་འཚམ་རེ་ཡང་བར་དུ་བཅུག་ཆོག། ད་དུང་དྲང་ཕྱོགས་དང་ལྡོག་ཕྱོགས་ནས་ཀྱང་བྲིས་རུང། བརྩམས་སྒྲུང་གིས་གཙོ་བོར་གཏམ་རྒྱུད་ཀྱི་བྱུང་རིམ་བརྒྱུད་ནས་མི་སྣའི་གཤིས་ཀ་དང་བརྗོད་སྙིང་མཚོན་པར་བྱེད་པ་ཡིན། གཏམ་རྒྱུད་ནི་འཚོ་བ་ལས་བྱུང་བ་ཡིན། འོན་ཀྱང་། དེ་ནི་འདོར་ལེན་དང་གདམ་གསེས། བཀོད་སྒྲིག་བཅས་བྱས་ཡོད་པས་དངོས་ཡོད་འཚོ་བའི་ཁྲོད་ནས་བྱུང་བ་དང་བསྡུར་ན་གཅིག་འདུས་དང་ཆ་ཚང་ཞིང་ཚབ་མཚོན་གྱི་རང་བཞིན་ལྷག་ཏུ་ལྡན། བརྩམས་སྒྲུང་གི་ཁོར་ཡུག་ཞིབ་འབྲི་དང་མི་སྣ་བཞེངས་སྐྲུན་ནི་བརྗོད་སྙིང་དང་འབྲེལ་བ་དམ་ཟབ་ཡོད་པ་རེད། ཁོར་ཡུག་ཞིབ་འབྲི་ཁྲོད་ནས་གཙོ་གནད་དུ་གྱུར་པ་ནི་སྤྱི་ཚོགས་ཁོར་ཡུག་ཡིན། དེ་ཡིས་རྙོག་འཛིང་གི་སྤྱི་ཚོགས་ཀྱི་འབྲེལ་བ་འདྲ་མིན་དམར་རྗེན་དུ་འཕུད་པ་ཡིན། དཔེར་ན་མི་སྣའི་ཐོབ་ཐང་དང་གོ་གནས། འཚར་ལོངས་ཀྱི་བརྒྱུད་རིམ་ཁྲོད་ཀྱི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་སོགས་པའོ། །རང་བྱུང་ཁོར་ཡུག་ཏུ་མི་སྣའི་འགུལ་སྐྱོད་བྱེད་སའི་ས་གནས་དང། དུས་ཚོད། དུས་ཚིགས། གནམ་གཤིས། ཡུལ་ལྗོངས་ལ་སོགས་པ་འདུ་བ་རེད། རང་བྱུང་ཁོར་ཡུག་ཞིབ་འབྲི་བྱེད་པ་དེས་མི་སྣའི་སེམས་ཁམས་དང་རྣམ་པ་མཛེས་སྤྲས་བྱེད་པར་ནུས་པ་མི་དམན་པ་ཐོན་པ་རེད། མདོར་ན། བརྩམས་སྒྲུང་ནི་མི་སྣའི་སྣང་བརྙན་བཞེངས་སྐྲུན་བྱེད་པ་གཙོ་བོར་བཟུང་ནས་གཏམ་རྒྱུད་ཀྱི་བྱུང་རིམ་རྒྱས་བཤད་དང་ཁོར་ཡུག་ཞིབ་འབྲི་བྱེད་པ་བརྒྱུད་སྤྱི་ཚོགས་ཀྱི་འཚོ་བ་མཚོན་པར་བྱེད་པ་ཞིག་ལ་ཟེར།
བརྩམས་སྒྲུང་གི་ཁྱད་ཆོས།
“རྟོག་བཟོ་རང་བཞིན་”ནི་བརྩམས་སྒྲུང་གི་ངོ་བོ་ཡིན། “མི་སྣའི་འཚོ་བའི་ཚོར་མྱོང་འཛིན་པ་”ནི་བརྩམས་སྒྲུང་གིས་རྩལ་སྤྲུགས་ནས་སྔོག་འདོན་བྱེད་པའི་སྒྱུ་རྩལ་གྱི་བརྗོད་བྱ་དེ་ཡིན། ཚོར་མྱོང་ཇི་ལྟར་གསར་པ་དང་ཞིབ་ཚགས། ཡང་དག། ཐུན་མིན། གཏིང་ཟབ་བཅས་ཡིན་ན་བརྗོད་བྱའང་དེ་ལྟར་དུ་བརྩམས་སྒྲུང་ཅན་དུ་འགྱུར་བ་ཡིན། གོང་འཁོད་གྲུབ་ཆ་དག་ལས་“རྟོག་བཟོ་རང་བཞིན་”དང་“མི་སྣའི་འཚོ་བའི་ཚོར་མྱོང་འཛིན་པ་”འདི་གཉིས་ནི་བརྩམས་སྒྲུང་གི་རང་བཞིན་ཆེས་ཆེར་མཚོན་པར་བྱེད་སྤྱད་དེ་ཡིན། བརྩམས་སྒྲུང་གི་མི་སྣ་བཞེངས་སྐྲུན་བྱེད་ན་མི་ངོ་མ་ཞིག་དཔེ་གཞིར་དྲངས་ནས་མི་གཞན་གྱི་ཁྱད་ཆོས་དང་རྣམ་པ་སོགས་ཕྱོགས་བསྡུས་བྱས་ན་འགྲིག་སྟེ། དཔེ་གཞིའི་མི་སྣ་དེའི་སྟེང་གི་གྲུབ་ཆ་ཡོངས་རྫོགས་མི་གཅིག་ཁོ་ནའི་སྟེང་གི་ཡིན་མི་དགོས། དཔེར་ན། དབུས་གཙང་བའི་ཁ་དང། ཨ་མདོ་བའི་སྣ། ཁམས་པ་བའི་གཟུགས། དེ་བཞིན་འབྲོག་པའི་གྱོན་གོས་སོགས་ཕྱོགས་གཅིག་ཏུ་བསྡུས་ཏེ་མི་སྣ་གཅིག་བཞེངས་སྐྲུན་བྱས་ཆོག ཕུལ་དུ་བྱུང་བའི་བརྩམས་སྒྲུང་ཞིག་ཡིན་ན་མི་རྣམས་ཀྱིས་བརྗེད་དཀའ་བའི་
ཚབ་མཚོན་གྱི་མི་སྣ་ཞིག་ཡོད་ངེས་ཅན་ཡིན། མི་རྣམས་ཀྱིས་ཚབ་མཚོན་རང་བཞིན་ལྡན་པའི་སྒྱུ་རྩལ་གྱི་མེ་ལོང་འདི་བརྒྱུད། མི་མང་པོ་ཞིག་གི་རྣམ་པ་དང་ཁྱད་ཆོས་མཐོང་ཐུབ། གཏམ་རྒྱུད་ཀྱི་བྱུང་རིམ་ནི་འཚོ་བ་ལས་བྱུང་ཞིང་དེ་ནི་བདམས་གསེས་བྱས་པ་ཞིག་ཡིན་པས་དངོས་ཡོད་འཚོ་བ་དང་བསྡུར་ན་གཅིག་སྡུད་དང་ཚབ་མཚོན་རང་བཞིན་ཆེས་ཆེར་ལྡན། དངོས་ཡོད་འཚོ་བའི་ཁྲོད་ཀྱི་དོན་དག་དང་འགལ་བ་ལ་མགོ་མཇུག་དང་འཕེལ་བྲི་ཡོད་པར་མ་ཟད། འཕེལ་རྒྱས་ཀྱི་བརྒྱུད་རིམ་ངེས་ཅན་ཞིག་ཡོད་པ་རེད། དེར་བརྟེན་གཏམ་རྒྱུད་ཀྱི་བྱུང་རིམ་ཁ་འགྲེམས་པ་ལའང་དུམ་ཚན་དང་བརྒྱུད་རིམ་ཡོད་པ་རེད། བརྒྱུད་རིམ་འདི་ལ་འགོ་འཛུགས་དང་འཕེལ་རྒྱས། མཐོ་རླབས། མཇུག་འབྲས་བཅས་བཞི་རུ་དབྱེ་བ་ཡིན། མཚམས་རེར་སྔོན་གླེང་དང་མཇུག་གཏམ་ཡང་འབྲི་བ་ཡིན། བརྩམས་ཆོས་ཁྲོད་ཀྱི་བྱུང་རིམ་གྱི་བཀོད་སྒྲིག་ནི་རྩོམ་པ་པོའི་སྒྱུ་རྩལ་གྱི་བློས་བསླང་ལ་རག་ལས་པ་ལས། དངོས་ཡོད་འཚོ་བའི་ཁྲོད་ཀྱི་དོན་རྐྱེན་བྱུང་འཕེལ་གྱི་གོ་རིམ་ལྟར་འབྲི་དགོས་པའི་ངེས་པ་མེད། སྐབས་རེར་དོན་དག་ཁ་ཤས་བསྡུ་ཆོག་ལ། ལན་རེར་མགོ་མཇུག་ལྡོག་ནས་བྲིས་རུང་བར་མ་ཟད། དོན་དག་འགའ་རེ་བསྡེབས་ནས་བྲིས་ཀྱང་ཆོག བརྩམས་སྒྲུང་ནི་རྩོམ་ཡིག་གཞན་དག་དང་འདྲ་བར་ཞིབ་འབྲི་དང་རྒྱུ་ཆ་བདམས་གསེས་བྱེད་རྒྱུ་གལ་ཆེར་འཛིན་པ་ཡིན། བརྩམས་སྒྲུང་ཡག་པོ་ཞིག་ནི་བྲོ་བ་མེད་པའི་ཚན་རིག་གི་སྙན་ཐོ་དང་མི་འདྲ་བར་མི་རྣམས་ལ་ཡུལ་དེར་དངོས་སུ་སླེབས་འདྲའི་ཉམས་སྣང་སྤྲོད་པ་ཡིན་ཏེ། རྩོམ་པ་པོས་རྒྱུན་དུ་ཁྱད་མཚར་གྱི་སྙུག་ཁ་སྤྱད་དེ་གསོན་ཉམས་ལྡན་པའི་ཞིབ་འབྲི་དང་བློས་མི་དཔོག་པའི་འཆར་སྣང་གིས་གཏམ་རྒྱུད་འདི་ཀློག་པ་པོའི་ཡིད་ཀྱི་མཚོ་མོར་གསལ་ལྷང་ངེར་བཞེངས་ཐུབ། གོང་དུ་འཁོད་པ་ནི་སྲོལ་རྒྱུན་བརྩམས་སྒྲུང་གི་ཁྱད་ཆོས་འགའ་ཡིན།
བརྩམས་སྒྲུང་གི་དབྱེ་བ།
བརྩམས་སྒྲུང་ལ་དབྱེ་བ་འབྱེད་སྟངས་མི་འདྲ་བའི་ཆ་ནས་དབྱེ་བ་ཡང་མ་འདྲ་རེ་ཡོད་པ་རེད། དུས་ཀྱི་དབང་དུ་དབྱེ་ན། གནའ་རབས་ཀྱི་བརྩམས་སྒྲུང་དང་ཉེ་རབས་ཀྱི་བརྩམས་སྒྲུང། དེང་རབས་ཀྱི་བརྩམས་སྒྲུང་དུ་དབྱེ་ཞིང། ཕྱོགས་ཀྱི་དབང་དུ་བྱས་ནས་དབྱེ་ན། ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་བརྩམས་སྒྲུང་ལྟ་བུ་དང། ཡུལ་གྱི་དབང་དུ་བྱས་ན་བོད་ཀྱི་བརྩམས་སྒྲུང་དང་རྒྱ་གར་གྱི་བརྩམས་སྒྲུང་། ཨ་མེ་རི་ཁའི་བརྩམས་སྒྲུང་ལྟ་བུ་སོགས་མང་ངོ་། །
མཚོན་ཐབས་ཀྱི་སྒོ་ནས་དབྱེ་ན། གང་ཟག་དང་པོ་དང་གཉིས་པ། གསུམ་པ་བཅས་དང། འཕྲིན་ཡིག་གི་རྣམ་པ་དང་ཉིན་ཐོའི་རྣམ་པའི་འབྲི་སྟངས་ཀྱི་བརྩམས་སྒྲུང་དང། རྟོག་པ་འོག་འགྱུའི་འབྲི་སྟངས་ཀྱི་བརྩམས་སྒྲུང་སོགས་དང། གྲུབ་མཐའི་དབང་དུ་དབྱེ་ན། གནའ་དཔེའི་རིང་ལུགས་ཀྱི་བརྩམས་སྒྲུང་དང། དངོས་ཡོད་རིང་ལུགས་ཀྱི་བརྩམས་སྒྲུང། འཆར་ཡན་རིང་ལུགས་ཀྱི་བརྩམས་སྒྲུང་སོགས་ཅུང་ཟད་མང།
རྒྱུ་ཆ་གཞིར་བཟུང་སྟེ་དབྱེ་ན། དྲག་རྩལ་བརྩམས་སྒྲུང། བརྩེ་དུང་གི་བརྩམས་སྒྲུང། ལོ་རྒྱུས་ཀྱི་བརྩམས་སྒྲུང། དམག་དོན་བརྩམས་སྒྲུང་སོགས་ཤིན་ཏུ་མང་ལ། རིང་ཐུང་གི་ཆ་ནས་དབྱེ་ན། སྒྲུང་ཐུང་ཡིག་བརྒྱ་མར་གྲགས་པ་དང། བརྩམས་སྒྲུང་ཐུང་བ། བརྩམས་སྒྲུང་འབྲིང་བ། བརྩམས་སྒྲུང་རིང་བ་བཅས་བཞི་རུ་དབྱེ་བ་ཡིན།
དུས་རྒྱུན་བརྩམས་སྒྲུང་སྐོར་གྱི་ཤེས་བྱ་འཁྲིད་དུས་མཚན་གཞིར་ཧྥ་རན་སིའི་བརྩམས་སྒྲུང་ཐུང་བ་གྲགས་ཅན་མཇུག་མཐའི་སློབ་ཐུན་གཅིག་ཅེས་པ་དཔེ་མཚོན་དུ་དྲངས་ཏེ་དབྱེ་ཞིབ་བྱེད་མཁན་ཤིན་ཏུ་མང། རང་རེའི་གཞི་རིམ་བར་མའི་བོད་སྐད་ཡིག་གི་བསླབ་དེབ་ཏུའང་བརྩམས་སྒྲུང་དེ་ཉིད་སློབ་ཚན་དུ་བཀོད་ཡོད། བརྩམས་སྒྲུང་གི་འབྲི་སྟངས་དང་སྒྲིག་གཞི་སོགས་ཇི་བཞིན་བརྗོད་པའི་རྩོམ་ཡིག་དང་འདྲ་མཚུངས་སུ་ཡོད། འོན་ཀྱང་། ཇི་བཞིན་བརྗོད་པའི་རྩོམ་ཡིག་ཡོད་ཚད་བརྩམས་སྒྲུང་མིན།
གཞན་ཡང། ལྷུག་རྩོམ་ཟེར་བའི་རྩོམ་ལུས་ཤིག་ལོགས་སུ་དགར་མོད། དེ་ནི་རྒྱ་ནག་གི་རྩོམ་ལུས་དབྱེ་སྟངས་ཤིག་དང། ད་དུང་རང་རེར་རྟོགས་བརྗོད་དང་རྣམ་ཐར། མགུར་མ་སོགས་རྩོམ་ལུས་ཀྱི་རིགས་མ་འདྲ་བ་ཤིན་ཏུ་མང་མོད། གཞི་རིམ་བར་མ་ནས་གོང་མའི་སློབ་རིམ་དུ་ཇི་བཞིན་བརྗོད་པའི་རྩོམ་ཡིག་དང་གསལ་བཤད་རྩོམ་ཡིག དགག་སྒྲུབ་རྩོམ་ཡིག་གི་སྟེང་སྙན་ངག་དང་བརྩམས་སྒྲུང་གཉིས་ལ་གོ་བ་ཆགས་ན་རྩོམ་འབྲིའི་ཤེས་བྱ་ཐད་ནས་དམིགས་ཡུལ་འགྲུབ་སོང་བ་ཡིན་ཞེ་ན་མི་ཆོག་པ་མེད། ཡང་གཅིག་བཤད་ན། འདི་དག་གསལ་པོར་ངེས་ན། རྩོམ་ཡིག་གཞན་དག་འབྲི་བར་དཀའ་ངལ་ཡོད་མི་སྲིད། དེར་བརྟེན། གནས་སྐབས་སུ་འདི་ཙམ་གྱིས་ཆོག་པར་བྱས་པ་ཡིན། འོན་ཀྱང། ཁོ་བོའི་ཤེས་ཡོན་ལ་ཚད་ཡོད་པ་དང་ཉམས་མྱོང་ཞན་པ་སོགས་ཀྱི་འགལ་རྐྱེན་ལ་བརྟེན་ནས་དེབ་འདིར་ཞན་ཆ་ཅི་རིགས་མཆིས་པ་མཐའ་དག་ལ་བོད་སྐད་ཡིག་གི་དགེ་རྒན་གཙོས་ཀློག་པ་པོ་ཡོངས་ཀྱིས་དག་བཅོས་དང་དགོངས་འཆར་འཛེམས་མེད་དུ་གསུང་བར་དགའ་བསུ་ཞུ། །