རྒྱལ་ཁའི་འོད་སྣང་དེ་ངས་དངོས་སུ་མཐོང་བྱུང་།

   སྤྱི་ལོ་༡༩༦༨ ལོའི་ཟླ་༤ པའི་ཚེས་༤ ཉིན་གྱི་ཕྱི་དྲོ་ཙམ་ལ་ཌེན་ནེ་སི་ས་ཁུལ་གྱི་མེམ་ཧྥེ་ས་རུ་ཀིང་གི་སྐུ་སྲོག་མེ་མདའི་ཁ་ནས་ཤོར་བ་དང་། ཁོང་སྐུ་གྲོངས་པའི་གནས་ཚུལ་དེ་ནི་ལོ་ངོ་ཁ་ཤས་ཀྱི་སྔོན་དུ་སྲིད་འཛིན་དམ་པ་ཀེན་ནའེ་ཌི་(John F. Kennedy)གྲོངས་པ་ལྟར། རྒྱལ་ཁབ་ཀྱི་མདུན་ལམ་མུན་ནག་གི་ཀློང་དུ་བྱིང་པའི་གྱོང་གུན་ཆེན་པོ་ཞིག་ཏུ་གྱུར།
   ཁོང་སྐུ་གྲོངས་སྐབས་དགུང་ལོ་སུམ་ཅུ་སོ་དགུ་ལས་ཟིན་མེད་ན་ཡང་། ཨ་རི་རྒྱལ་ཡོངས་ཀྱི་མི་རིགས་ནག་པོའི་སྤྱི་དམངས་ཐོབ་ཐང་རྩོད་ལེན་བྱེད་པའི་དབུ་ཁྲིད་གནང་སྟེ་མི་ལོ་བཅུ་གཉིས་ལྷག་འགོར་ཡོད། ཨ་ལཱ་བྷ་མཱ་(Alabama)ས་ཁུལ་གྱི་མོན་ཌ་གྷོ་མེ་རེ་(Montgomery)རུ་མི་རིགས་ནག་པོའི་མི་དམངས་ཚོས་ཁོང་གྲོང་ཁྱེར་ནང་གི་སྤྱི་སྤྱོད་འགྲུལ་འཁོར་ནང་འགྲོ་རྒྱུ་མཚམས་འཇོག་བྱེད་པའི་ངོ་རྒོལ་ལས་འགུལ་གྱི་དབུ་ཁྲིད་དུ་འདེམས་བསྐོ་བྱས་ཤིང་། སྤྱི་ལོ་༡༩༥༥ ལོའི་ལོ་མཇུག་ནས་ཁོང་མི་རིགས་ནག་པོའི་སྤྱི་དམངས་ཐོབ་ཐང་རྩོད་ལེན་བྱེད་པའི་ལས་འགུལ་གྱི་དབུ་ཁྲིད་དུ་གྱུར་བ་རེད། སྐབས་དེར་ཁོང་མོན་ཌི་གྷོ་མེ་རེ་རུ་ཆོས་ལུགས་ཀྱི་ཆོ་ག་བསྒྲུབ་སའི་ཡེ་ཤུ་ལྷ་ཁང་ནང་གི་འབྱོར་བ་བཟང་བའི་ཆོས་དཔོན་ཞིག་ཡིན་ལ། དེར་ཁོང་གིས་མཛད་བཟང་གི་ཕྱག་ལས་མང་པོ་གནང་མྱོང་བ་མ་ཟད་ཧ་ཅང་དོན་སྙིང་ལྡན་པའི་མི་ཚེ་ཞིག་བསྐྱལ་རྒྱུའི་འགོ་བརྩམས་ཟིན་པ་རེད། འོན་ཀྱང་སྐྱེས་བུ་ཁ་ཤས་ཀྱིས་”རླབས་ཆེན་མཛད་བཟང་རང་གི་ཁུར་དུ་ལེན་”ཞེས་པའི་དཔེ་ལྟར། ཀིང་ནི་རླབས་ཆེན་མཛད་ཁུར་དང་དུ་ལེན་མཁན་དེའི་རིགས་ཤིག་ཏུ་གྱུར་བ་རེད།
   ཐོག་མར་ཁོང་ངོ་རྒོལ་ལས་འགུལ་གྱི་དབུ་ཁྲིད་དུ་འོས་འདེམས་བྱེད་པའི་སྐབས་ལས་དོན་དེ་དང་དུ་ལེན་རྒྱུར་འདོད་མོས་གཏན་ནས་མ་བྱུང་མོད། ཕྱིས་སུ་དབུ་ཁྲིད་དུ་དངོས་སུ་འདེམས་བསྐོ་བྱས་པ་ནས་ཁོང་གི་ཐུགས་སུ་རང་དང་ཤ་ཁྲག་གཅིག་པའི་མི་དམངས་ཚོ་དཀའ་སྡུག་གི་ནང་དུ་ལྷུང་ཡོད་པར་ཞབས་འདེགས་ཞུ་རྒྱུ་ནི་གཡོལ་ཐབས་མེད་པ་ཞིག་ཏུ་དགོངས། ཀིང་གིས་མོན་ཌ་གྷོ་མེ་རེ་རུ་སྤྱི་སྤྱོད་འགྲུལ་འཁོར་ནང་དུ་མི་རིགས་དཀར་ནག་གི་དབྱེ་འབྱེད་བྱེད་པར་ངོ་རྒོལ་ལས་འགུལ་གྱི་སྣེ་ཁྲིད་དེ་འགོག་རྐྱེན་ཡོད་ཚད་ལས་ཐར་ཐུབ་པ་བྱས། ཉེན་ཁ་ཆེ་བའི་དྲག་སྤྱོད་ཀྱིས་ཁོང་གིས་ཕྱག་ལས་གནང་བར་འགོག་རྐྱེན་བཟོས་ཀྱང་། ཁོང་གིས་ལས་དོན་རྒྱུན་འཁྱོངས་བྱེད་པར་འཇིགས་ཞུམ་གཏན་ནས་མ་བྱས། དེ་ནས་བཟུང་ཀིང་གི་ཐུགས་སུ་མི་རིགས་ནག་པོའི་རང་དབང་དང་ཐོབ་ཐང་རྩོད་ལེན་བྱེད་པའི་ལས་འགུལ་གྱི་སྣེ་ཁྲིད་རྒྱུ་དེ་ནི་མོན་ཌ་གྷོ་མེ་རེ་ས་ཁུལ་ཙམ་མ་ཡིན་པར། རིགས་རུས་ཐད་དྲང་བདེན་མིན་པའི་དབྱེ་འབྱེད་ཡོད་སའི་ས་ཆ་གང་དུ་ཡིན་ཡང་ལས་འགུལ་སྤེལ་བའི་སྣེ་ཁྲིད་དགོས་པར་དགོངས། ཁོང་མོན་ཌ་གྷོ་མེ་རེ་རུ་ཡོད་པའི་ཡེ་ཤུའི་ལྷ་ཁང་དང་བྲལ་ཏེ་ཕྱིར་རྗོར་རྗེ་ཡཱ་(Georgia)ས་ཁུལ་གྱི་ཨཱ་ཌ་ལཱན་ཌཱ་(Atlanta)རུ་ནང་དུ་ལོག་སྐབས། ཁོང་གིས་ཕ་ཡུལ་གྱི་མི་དམངས་ཚོ་ལ་”ལོ་རྒྱུས་ཀྱིས་ངའི་ཕྲག་ཏུ་འདོར་ཐབས་བྲལ་བའི་འགན་ཁུར་ཞིག་བཀལ་བྱུང་།” ཞེས་གསུངས།
ཀིང་གིས་ཁོང་གིས་དང་དུ་བླངས་པའི་ལས་ཁུར་ཅི་འདྲ་ཞིག་ཡིན་ཡང་རྒྱུན་འཁྱོངས་མེད་པའི་ཕྱི་བཤོལ་ནམ་ཡང་བྱས་མ་མྱོང་། མི་འགའ་ཤས་ཀྱིས་”ཁོང་གིས་ཕྱག་ལས་གནང་བ་དེ་ཚད་ལས་བརྒལ་སོང་། ཁོང་དཀའ་ངལ་ལ་གཏོད་མཁན་ཞིག་རེད་”ཟེར་མྱོང་ཡོད་ལ། ཡང་འགའ་ཤས་ཀྱིས་”ཁོང་གིས་དམིགས་ཡུལ་མངོན་འགྱུར་གྱི་ཆེད་བྱ་གཞག་འཐུས་སྒོ་ཚང་བ་ཞིག་བསྒྲུབ་ཐུབ་མ་སོང་”ཟེར། འོན་ཀྱང། ཀིང་གིས་གསུངས་ན་”ཁོང་ནི་རྒྱུན་དུ་མཐའ་གཉིས་སུ་མ་ལྷུང་བའི་ལམ་དབུ་མ་བ་ཞིག་ཡིན་”ཟེར། ཀིང་གིས་”མི་རིགས་ནག་པོའི་མི་འགའ་ཤས་ཀྱིས་མི་རིགས་དཀར་ནག་དབྱེ་འབྱེད་དང་དྲང་བདེན་མིན་པའི་ལས་ཅི་འདྲ་ཞིག་ཡིན་ཡང་སྣང་མེད་དུ་འཇོག་པ་དང་། ཡང་འགའ་ཤས་ཀྱིས་འཁོན་སེམས་ཆེན་པོས་མི་རིགས་དཀར་པོར་དྲག་སྤྱོད་ཀྱིས་རྒོལ་ལན་སློག་དགོས་པ་རེད་ཟེར་མཁན་ཡོད་”གསུངས། ཀིང་གིས་”ཁོང་གི་ཐབས་ལམ་ནི་འཚེ་མེད་ཞི་བ་ཡིན་ལ། འཚེ་མེད་ཞི་བ་ནི་ཐབས་ལམ་ལེགས་ཤོས་ཏེ་ཨ་རིའི་མངའ་ཁོངས་ཀྱི་རིགས་རྒྱུད་ནག་པོ་ཚོར་འདྲ་མཉམ་དང་ཆེ་མཐོང་རག་ཐབས་ཀྱི་ལམ་བུ་ཉག་གཅིག་དེ་ཡིན་པ་རེད་”གསུངས། ཀིང་གིས་རིགས་རྒྱུད་དཀར་པོ་ཚོས་ཁོང་གི་འཚེ་མེད་ཞི་བའི་ལས་འགུལ་ལ་རྒྱབ་སྐྱོར་མ་བྱས་ཚེ། མི་རིགས་ནག་པོ་ཚོས་མི་རིགས་ནག་པོའི་རིགས་ཞེན་གྱི་ལྟ་བ་བཟུང་སྟེ། མི་རིགས་དཀར་པོའི་རིགས་སུ་གྱུར་བ་ཡོད་ཚད་ལ་སྡང་སེམས་དང་འཁོན་འཛིན་བྱེད་མཁན་འབའ་ཞིག་ཏུ་འགྱུར་ངེས་པའི་ཉེན་བརྡ་བཏང། ཁོང་གིས་”ནམ་ཞིག་མི་རིགས་ནག་པོ་ཚོས་རིགས་ཞེན་གྱི་ལྟ་བ་བཟུང་ཚེ། དེ་ནི་བློ་ཡིད་ལས་འདས་པའི་ཉེན་ཚབས་རང་བཞིན་ཅན་ཞིག་ཏུ་འགྱུར་ངེས་”གསུངས། སྤྱི་ལོ་༡༩༦༥ དང་༡༩༦༧ ལོའི་དབྱར་དུས་སུ་བྱུང་བའི་གྲངས་ཉུང་མི་རིགས་ཀྱི་ངོ་རྒོལ་དོན་རྐྱེན་དེས་ཁོང་གི་དགོངས་ཚུལ་ལ་གསལ་འདེབས་ཤིག་བྱས་ཡོད་པ་རེད།
   འཚེ་མེད་ཞི་བའི་ལྟ་བ་གཙིགས་སུ་འཛིན་པའི་ཀིང་གི་སྐུ་སྲོག་ལ་གནོད་འཚེ་གཏོང་ཐབས་ལན་མང་བྱས་མཐར་ཁོང་དྲག་པོའི་མཚོན་ཆའི་ཁ་ནས་གྲོངས་དགོས་བྱུང་བ་རེད། ཀིང་གིས་ཁོང་སྤྱི་དམངས་ཐོབ་ཐང་རྩོད་ལེན་བྱེད་པའི་དབུ་ཁྲིད་དུ་གྱུར་བ་ནས་ནམ་ཞིག་འཆི་རྐྱེན་ཞིག་ལ་འཕྲད་ངེས་པའང་སྔ་ས་ནས་མཁྱེན་ཡོད། འོན་ཀྱང་མཐར་ཁོང་འཆི་རྒྱུར་འཇིགས་ཞུམ་གཏན་ནས་མ་སྐྱེས། ཁོང་སྐུ་མ་བཀྲོངས་པའི་ཉིན་གཅིག་གི་སྔོན་དུ་ཁོང་གིས་གསུང་རྒྱུར་”ང་ལ་མཚོན་ན་ད་སྐབས་འཆི་བ་ནི་འཇིགས་སྣང་དང་དོགས་སྣང་སྐྱེ་དགོས་ས་ཞིག་རྩ་བ་ནས་མ་རེད། རྒྱུ་མཚན་ནི་ད་ལྟ་ང་རྒྱལ་ཁའི་རི་རྩེ་ལ་སླེབས་སོང་བ་འདི་རེད། ངས་རི་རྩེ་ནས་རྒྱང་ལྟ་བྱས་པས་ཕུགས་བསམ་གྱི་ཡུལ་གྲུ་དེ་མཐོང་བྱུང་། ང་ཁྱེད་ཚོ་དང་མཉམ་དུ་ཡུལ་གྲུ་དེར་སླེབས་མི་ཐུབ་པ་ཡང་ཡོང་སྲིད་མོད། འོན་ཀྱང་ངས་དོ་དགོང་ཁྱེད་ཚོར་ང་ཚོ་ཕུགས་བསམ་གྱི་ཡུལ་གྲུ་ལ་སླེབས་ཐུབ་པའི་མི་རིགས་ཤིག་ཡིན་པ་ཤེས་སུ་འཇུག་འདོད་ཡོད། དེར་བརྟེན་ང་དོ་ནུབ་ཧ་ཅང་སྐྱིད་པོ་འདུག    ང་ལ་སེམས་ཁུར་བྱ་ས་གང་ཡང་མེད། ང་མི་སུ་ལ་ཡང་སྐྲག་གི་མེད། ངས་དཀོན་མཆོག་ཁོང་མགོན་སྐྱབས་གནང་བར་ཕེབས་ཡོང་གི་ཡོད་པའི་གཟི་བྱིན་གྱི་འོད་སྣང་དེ་དངོས་སུ་མཐོང་བྱུང་།”
    འདི་ནི་ཀིང་གི་སྐུ་ཚེའི་ལོ་རྒྱུས་དང་ཁོང་གི་ཕུགས་བསམ་རེད།

མདུན་ཤོག