མཚར་གཏམ། (གསུམ་པ)

སྔོན་གླེང༌།

༄༅། །འདི་ག་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་ཚན་པས། ལོ་ཤས་སྔོན་ནས་རང་རིགས་གཞོན་སྐྱེས་ཚོར་རྩོམ་ཡིག་འབྲི་སྦྱོང་བྱེད་རྒྱུས་མཚོན། ཟུར་ལྟའི་དཔྱད་གཞིར་མཁོ་བའི་མུ་འབྲེལ་སྒྲུང་གཏམ་གྱི་དེབ་རིགས་ཁག་ཅིག་དང༌། དེ་མིན་བརྩམས་སྒྲུང་དང༌། དུས་ཆེན་ངོ་སྤྲོད། ྋརྒྱལ་མཆོག་ཡབ་སྲས་ཀྱི་མཛད་རྣམ། ཕྱི་གླིང་གི་སྒྲུང་གཏམ། མཚར་གཏམ་སོགས་ཀྱི་ཕྱོགས་བསྒྲིགས་དེབ་ཕྲེང་ ༤༠ ཐམ་པ་པར་སྐྲུན་དང་འགྲེམས་སྤེལ་ཞུས་ཡོད་པར། རྒྱ་ཆེའི་ཀློག་པ་པོ་སྤྱི་དང༌། བྱེ་བྲག་ཏུ་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་དང༌།  གདན་ས་ཁག་གི་གྲྭ་གཞོན་རྣམས་ཀྱིས་དགའ་མོས་ཆེན་པོས་ལྟ་ཀློག་གནང་བཞིན་པ་མ་ཟད། ང་ཚོར་ཡིག་ངག་གཉིས་ཐོག་ནས་འགྲེལ་བརྗོད་དང་ཡ་ལན་གནང་མཁན་རབ་དང་རིམ་པ་བྱུང་བར་བརྟེན། ལས་དོན་འདི་དག་མུ་མཐུད་བྱེད་རྒྱུར་དགོས་མཁོ་དང་ཕན་འབྲས་ཡོད་པར་མངོན་པ་མ་ཟད། སྤྱིར་བཙན་བྱོལ་ནང་རང་རེའི་སློབ་ཕྲུག་ཆེ་འབྲིང་ཆུང་གསུམ་རྣམས་ལ་བོད་ཡིག་གི་ཟུར་ལྟའི་ཀློག་དེབ་ཧ་ཅང་ཉུང་སྐྱོན་ཡོད་པས། སྟོང་ཆ་དེ་ཉིད་སྐོང་ཐབས་ལ་འབད་བརྩོན་ཞུས་དང་ཞུ་མུས་ལྟར། འདི་གའི་བརྙན་དེབ་《ཕ་ཡུལ་ཤེས་བྱའི་བང་མཛོད་》སྤྱིའི་འདོན་ཐེངས་ ༧༦ ནས་ ༡༠༥ བར་དུ་བཏོན་པའི་མཚར་གཏམ་ཁག་ཐེངས་འདིར་ཕྱོགས་བསྒྲིགས་ཞུས་ཏེ། ཕ་ཡུལ་ཕྱོགས་བསྒྲིགས་དེབ་ཕྲེང་ ༤༤ པ་《མཚར་གཏམ་གསུམ་པ་》ཞེས་པ་འདི་པར་སྐྲུན་དང་འགྲེམས་སྤེལ་ཞུས་པ་ལགས་ན། རྒྱ་ཆེའི་ཀློག་པ་པོ་རྣམས་དང༌། ལྷག་པར་དུ་སློབ་མ་རྣམས་ཀྱིས་སྤྲོ་བ་ཆེན་པོས་ལྗགས་ཀློག་གནང་བའི་རེ་འདུན་དང་བཅས། བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་ཚན་པ་ནས། བོད་རྒྱལ་ལོ་ ༢༡༣༦ ཕྱི་ལོ་ ༢༠༠༩ ལོར།

རྩོམ་སྒྲིག་འགན་འཛིན།             ཨཱཅཱརྱ་ཀརྨ་སྨོན་ལམ།
རྩོམ་སྒྲིག་པ།                         སྐལ་བཟང་མཁས་གྲུབ།
ཞུ་དག་པ།                           ཆུང་ཚེ་རིང༌།
རི་མོ་བ་དང་ཇུས་འགོད་པ།         ཚེ་བརྟན།

དེབ་ཀྱི་དཀར་ཆག

སོག་པོ་དཔེ་ཆ་བ་གསར་པ།
བསོད་ནམས་དཔལ་འཛོམས་དགོས་སམ།
མཆོད་ཀོང་ཆེ་བར་གཟིགས་རོགས།
ཁུར་པོ་ངས་འཁྱེར་རོགས་ཞུས་ཆོག
ས་རྡོ་ཡོད་དགོས་བྱུང༌།
དཀོན་མཆོག་ལ་ཐུགས་རྗེ་ཆེ་ཞུ།
ལྐུགས་པ་གསུམ།
རང་ས་དོར་ནས་གཞན་སར་རྩོད་པ།
ཨང་དང་པོ་རྒན་ལགས་ཀྱི་བུ་རེད།
སྐྱེ་བ་ཕྱི་མ།
གཤིན་རྗེ་ཆོས་རྒྱལ་བསྙུངས་པ།
ཚོང་པ་དང་སྤྱང་ཀི
སྐར་གྲངས་ ༡༠༠ ཐོབ་བྱུང༌།
ཁྱི་གླེན་པ་ཁོ་ལྟར།
ནང་དུ་སླེབས་རྗེས་ཤོད་དགོས།
འབྲོག་པས་ཡི་ཙེ་ཉོས་པ།
དྲན་རྒྱུ་རྒོད་པའི་རི་མོ་བ།

མིག་འཕྲུལ་སྟོན་པ།
བུ་གླེན་པ།
ང་དང་ཁྱེད་ཀྱི་དབྱེ་བ་མེད།
གྲི་གང་བྱུང་མ་གཡུགས།
ངའི་ཕག་པས་ནོར་འདུག
མཱ་ཅང་མཁས་པའི་རྒྱལ་པོ།
མི་ཁ་ཆེ་རེད།
བྱ་དགའ་ཨང་དང་པོ་དང་གཉིས་པ་ཐོབ་པ།
གུང་གསེང་ཟེར་བའི་སློབ་ཕྲུག་གཅིག
ལྷ་སར་སྤུན་མཆེད་ཐུག་པར་བསྐྱོད་པ།
སྐྱེས་རབས་དཔག་བསམ་འཁྲི་ཤིང༌།
དེ་ལྟ་ལོ་མང་པོའི་སྔོན་ནས་ཡོད་མ་རེད།
གད་མོ་བགད་པ་དེ་འཕྲོད་བསྟེན་རེད།
ཆུ་ཚོད་གཉིས་ཉན་ཡང་ཅི་གང་གོ་རྒྱུ་མི་འདུག
སྔོན་པོ།
ཁ་འདོན།

ཞང་ཁང་ལ་སོང༌།
སྒོ།
མི་གསུམ་བར་དོར་ཐུག་པ།
ཤེས་རབ་སྙིང་པོ།
ཁྲིད་གས།
ར་ཡིག
མི་སྣ་རིང་པོ།
མིག་ལ་བརྟག་དཔྱད་བྱེད་དུ་བསྐྱོད་པ།
བྱ་དེ་ཁག་ཅིག་ལ་དང་པོ་ནས་རྐང་པ་གཅིག་ལས་མེད།
ང་ཚོ་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ལ་འགྲོ་འདོད་འདུག
ལས་སླ་པོ་རེད།
རྫུན་བཤད་ཆོག་པའི་ཉི་མོ།
ཆང་ཁང༌།
ཧ་མ་གོ་གོང་ནས་ཁོང་ཁྲོ་ལངས་པ།
ལས་རོགས་ཤིག་བྱུང་ན་ཕན་ཐོགས་ཆེན་པོ་ཡོང་བ་འདུག
ཨུ་པར་ཝཱ་ལཱས་བཟོས་པ།

སྐྱག་གཅིན་གཉིས་རྒྱུག་ཤར་འགྲན་སྡུར།
ཏ་ལི་བྷན་གྱི་འགོ་གཙོ་དང་སྲིད་འཛིན་བྷུཤ
ཁ་མ་གཏོགས་ཡོད་པ་མ་རེད།
བཙོན་ཁང་ནང་འགྲོ་རྒྱུའི་ལག་འཁྱེར།
གྲྭ་བཙུན་ཚོས་ག་རེ་བྱས་ནས་སྐྲ་བཞར་གྱི་ཡོད།
ནོར་འཁྲུལ་བཟོ་མཁན་ཁྱོད་རེད།
ནག་ཚོང་རྒྱག་མཁན་དེ་ཚོ་ལ་ཨ་སྒོར་མང་པོ་འདུག
དཀོན་མཆོག་གིས་མཁྱེན་བཅུག་རྒྱུ་མེད།
སྤྲང་པོའི་བོད་གཞས།
ལས་ཀ་འགོ་བཙུགས་ནས་མ་ཚར་བར་མཚམས་འཇོག་བྱེད་རྒྱུ་མེད།
པ་འགོ་ལ་མ་རེད་རྗེས་ལ་རེད།
བསམ་བློ་ཆེན་པོ་ཐོངས་དང༌།
སྒྲོལ་མ་ཉེར་གཅིག་བརྗེད་པ།
མི་མ་ཤི་སར་འགྲོ་ས་ཡོད་དམ།
ཨེ་སེ་ཧཻ།
སྐྱེད་ཀ།
མགོ་དང་མཇིང་པ།
ལྟད་མོ་བཙོག་པ།
ཝཱན།
ཉི་མའི་ཨོ་ལོ་ས་ལ་ཟགས་པ།

བཙོག་པ་གཏོང་ས་ལ་གཅིན་པ་གཏོང་ཆོག་དང་ཆོག
ངས་མིག་ཆུ་བཏང་མེད།
དེབ་གཅིག་རིན་མེད་སྤྲོད་པ།
ཕྲུ་གུ་གསུམ་སྐྱེ་རྒྱུ་མང་ཉུང་ཏག་ཏག་རེད།
ལྕེ་ལ་གཟིགས་པ།
བྱུང་སོང་ཁ་ཐུག་མ་སོང་།
དྲང་པོ་ཞུས་ན།
དཔེ་ཆ་མི་ཤེས་མཁན་ཕྱི་རྒྱལ་བ།
དག་ཡིག་མི་ཤེས་མཁན་གྱི་གྲྭ་པ།
ལྷམ་གྱོན་ནས་ཉལ་པ།
ར་ཕ་མ་བུ་གསུམ།
ལྷ་མོའི་སྦྱིན་བདག

མདུན་ཤོག

མཚར་གཏམ། སྡེ་ཚན་དང་པོ།

སོག་པོ་དཔེ་ཆ་བ་གསར་པ།

རཀ་ར་རིན་པོ་ཆེ།

༄༅། །སྔོན་སོག་པོའི་གྲྭ་པ་ཞིག་འབྲས་སྤུངས་དགོན་པར་ནང་ཆོས་སྦྱོང་བར་སླེབས། ཁོང་བོད་སྐད་ཡག་པོ་ཤེས་ཀྱི་མེད་ཀྱང་དགེ་རྒན་གྱིས་རྟགས་གསལ་གྱི་འགྲོ་སྟངས་ཁོ་ནའི་ཐོག་ནས་ཁོང་ལ་བཀའ་མོལ་གནང་གི་ཡོད། ཉིན་གཅིག་རྒན་ལགས་ཀྱིས་ཁོང་ཁྲོམ་ལ་སྔོ་ཚལ་ཉོ་བར་བཏང༌། ཁོང་ཁྲོམ་དུ་འབྱོར་སྐབས་གཡག་གི་ལྕི་བ་ཚོང་མཁན་ཨ་མ་ཞིག་ཐུག་པས། གྲྭ་པ་དེས། ཨ་མ་ལགས། གཡག་གི་བཙོག་པ་ལ་རིན་གོང་ག་ཚོད་རེད། ཅེས་དྲིས། ཨ་མ་དེས། འོ་རྫི། སྐུ་ཞབས་ལགས། འདི་འདྲ་གསུངས་མ་གནང༌། འདི་གཡག་གི་བཙོག་པ་མ་རེད། ལྕི་བ་རེད། ཅེས་ཞུས། གྲྭ་པ་དེས། ཨ་མ་ལགས་ལྕི་བ་ཡིན་ན་བཙོག་པ་མ་ཡིན་པ་ཐལ། ཞེས་རྟགས་གསལ་གྱི་འགྲོ་སྟངས་ཐོག་ནས་དྲིས་པས། ཨ་མ་ལགས་དེ་ནི་རྟགས་གསལ་གྱི་འགྲོ་སྟངས་རྩ་བ་ནས་མཁྱེན་གྱི་མེད་པས། སྐུ་ཞབས་ལགས་དེ་ཐང་ཐང་རང་མི་འདུག་བསམས་ནས། འོ་ཡིན། དེ་ལྕི་བ་ཡིན། བཙོག་པ་མ་ཡིན་ཁྱེད་རང་ཐལ་ན་ཐལ། ཞེས་ལབ་པས་གཡས་གཡོན་གྱི་མི་རྣམས་གད་མོ་དབང་མེད་དུ་ཤོར་ཞིང༌། སོག་པོའི་གྲྭ་པ་དེ་ལ་ཅི་ཡང་ཤོད་རྒྱུ་མ་རྙེད་པར་སྔོ་ཚལ་ཉོ་བར་སོང་ངོ༌། །

བསོད་ནམས་དཔལ་འཛོམས་དགོས་སམ།

རཀ་ར་རིན་པོ་ཆེ།

    ཡང་སོག་པོ་དཔེ་ཆ་བ་དེས་དེ་རིང་ཁ་ལག་ཞིམ་པོ་ཞིག་བཟོ་དགོས་བསམས་ནས། ཚལ་འཚོང་མཁན་ཨ་ཅེ་ཞིག་གི་འགྲམ་ལ་སོང་སྟེ་ཚལ་མང་པོ་ཉོས་ནས་ཕྱིར་ལོག་གྲབས་བྱེད་སྐབས། ཨ་ཅེ་དེའི་སེམས་སུ་དེ་རིང་ཚོང་ཡག་པོ་བྱུང་སོང་བསམས་ཏེ་དགའ་ཐག་ཆོད་ནས། སྐུ་ཞབས་ལགས། ཨ་ལེ་བསྒུག་གནང་དང༌། བསོད་ནམས་དཔལ་འཛོམས་རིན་མེད་ལ་འཁྱེར་གནང༌། ཞེས་ཞུས་པར་སོག་པོའི་གྲྭ་པ་དེས་བསོད་ནམས་དཔལ་འཛོམས་ཟེར་ན་ཚལ་གྱི་མིང་ཡིན་པ་མ་ཤེས་པར། དེ་ལས་ལྡོག་སྟེ་བུ་མོ་ཞིག་འཁྲིད་ཟེར་གྱི་འདུག་བསམས་ནས། ཧུ་ཡི་ཧུ་ཡི། ཨ་ཅེ་ལགས་སྐུ་མཁྱེན། རྣམ་རྟོག་བསླངས་མ་གནང༌། འ་རང་གྲྭ་པ་གྲྭ་རྐྱང་ལ་བསོད་ནམས་དཔལ་འཛོམས་ལས་ཀྱང་ལྷག་པ་བུ་མོ་ལྷ་ཡི་སྲས་མོ་འདྲ་བ་ཞིག་ཡིན་ཡང་དགོས་ཀྱི་མེད་ཅེས་བཤད་པར་ཨ་ཅེ་དེས། འོ་རྫི་སྐུ་ཞབས་ལགས་ངས་ལྷ་ཡི་སྲས་མོ་ཟེར་གྱི་མེད། ཁྱེད་རང་སྐུ་ཞབས་ཡིན་ནའང་སྔོ་ཚལ་བསོད་ནམས་དཔལ་འཛོམས་མཆོད་ཆོག་དང་ཆོག ཚལ་འདི་ཞོ་དང་མཉམ་དུ་མཆོད་ན་ཞིམ་པོ་ཞེ་དྲག་ཡོད་རེད། ཅེས་ཕྲན་བུ་ཞིག་ཕུལ་སྐབས་གྲྭ་པ་དེ་ནི་དེ་བས་ངོ་ཚ་ནས། ཧུ་ཡི༌༌༌༌ཧུ་ཡི༌༌༌༌༌ ཨ་ཅེ་ལགས་ཁྱེད་རང་སྡིག་པ་བསགས་མ་གནང༌། ཞེས་རྗོད་བཞིན་མགྱོགས་མྱུར་ཤག་ཏུ་བྲོས་སོང་བས་དེར་ཡོད་པའི་མི་རྣམས་གད་མོ་ཤོར་རོ། །

མཆོད་ཀོང་ཆེ་བར་གཟིགས་རོགས།

ཆུང་སྒྲོན།

    ཉིན་གཅིག་ཆོས་སེམས་ཅན་གྱི་གྲོགས་པོ་གཉིས་མཆོད་མཇལ་དུ་བསྐྱོད་པ་རེད། གྲོགས་པོ་གཅིག་ལ་དངུལ་གྱི་མཆོད་ཀོང་ཆེན་པོ་ཞིག་འཁྱེར་རྒྱུ་ཡོད་པ་དང་། གཞན་དེར་རྫའི་མཆོད་ཀོང་ཆུང་ཆུང་ཞིག་ལས་འཁྱེར་རྒྱུ་མེད། གཙུག་ལག་ཁང་ནང་འབྱོར་སྐབས་དངུལ་གྱི་མཆོད་ཀོང་ཆེན་པོ་འཁྱེར་བའི་གྲོགས་པོ་དེས་ཁ་འདོན་མ་ཤེས་སྟབས། རྟེན་ཡོད་སར་མཆོད་ཐིགས་རྒྱག་གིན་ལ་སྨོན་ལམ་རྒྱུན་མི་ཆད་པར་འདོན་གྱིན་སོང་བ་རེད། མཆོད་མཇལ་གྲུབ་སྐབས་དངུལ་གྱི་མཆོད་ཀོང་ཆེན་པོ་ཡོད་པ་དེས་རང་གི་གྲོགས་པོའི་སྨོན་ལམ་དེ་དག་ཐོས་པས་བློ་མ་བདེ་བ་ཆགས་ཏེ། ཡང་བསྐྱར་གཙུག་ལག་ཁང་ནང་བསྐྱོད་དེ་རྟེན་གཙོ་ཡོད་སར་བཅར་ཏེ། ལག་གཉིས་ཐལ་མོ་སྦྱར་ནས། དཀོན་མཆོག་གིས་མཁྱེན། ཁ་བདེ་བར་མ་གཟིགས་པར། མཆོད་ཀོང་ཆེ་བར་གཟིགས་རོགས་གནང༌། ཞེས་སྨོན་ལམ་བཏབ་པ་རེད།

ཁུར་པོ་ངས་འཁྱེར་རོགས་ཞུས་ཆོག

དགའ་སོག་དཀོན་མཆོག་རྒྱ་མཚོ།

    ཧ་ཅང་མཐོ་བའི་རི་ཆེན་པོ་ཞིག་གི་སྟེང་རྐང་ལམ་ཕྲ་མོ་ཞིག་ཡོད་པ་དེར། བགྲེས་སོང་ཞིག་རྒྱབ་ཏུ་ཁུར་པོ་རྡོག་རྡོག་ཅིག་འཁྱེར་ནས་ཕེབས་བཞིན་པ་བོད་མིའི་ཡ་རབས་སྤྱོད་བཟང་ལ་གོམས་པའི་སློབ་བུ་རྒྱ་མཚོས་མཐོང་མ་ཐག ཁོ་པའི་སེམས་ནང་ངས་བགྲེས་སོང་ཁོང་ལ་ཁུར་པོ་འཁྱེར་རོགས་བྱས་ནས། ངེད་གཉིས་མཉམ་དུ་རི་བོའི་ཕ་མཐར་འགྲོ་དགོས་སྙམ་པ་དང་སྦྲགས། བགྲེས་སོང་ཁོང་གི་རྗེས་སུ་བརྒྱུགས་ནས་གུས་ཞབས་དང་བཅས་སྤོ་བོ་ལགས། ཁྱེད་ཀྱིས་རྒྱབ་ཀྱི་ཁུར་པོ་དེ་ང་ལ་སྤྲོད་དང་ངས་འཁྱེར་རོགས་ཞུས་ཆོག ཅེས་ལབ་པར་བགྲེས་སོང་ཁོང་ནི་གདོང་པ་ནག་པོར་འགྱུར་ཏེ་ཁོང་ཁྲོའི་རྣམ་པ་དང་བཅས། སྤྲང་ཕྲུག་ཁྱོད་ག་རེ་ལབ་ཀྱི་ཡོད། རང་ཚོད་བཟུང་ན་ཡག རྒན་ཁོགས་ལ་བརྙས་བཅོས་བྱས་མ་ཡོང་ཨ། ཞེས་བཤད་པར་རྒྱ་མཚོས་ཨ་ཁྱད་མཚར། ངས་སྐད་ཆ་ཡག་པོ་བཤད་ཀྱང་བགྲེས་སོང་ཁོང་འདི་འདྲའི་ཁོང་ཁྲོ་ཟ་དགོས་དོན་གང་ཡིན་ནམ་སྙམ་སྟེ། ལམ་དུ་འགྲོ་ཡིན་བརྟག་དཔྱད་བྱས་མཐར། བགྲེས་སོང་ཁོང་གི་ཁུར་པོ་ཞིག་མིན་པར་ཁོང་རང་ཆུང་བྱིས་པའི་དུས་ནས་ལྷན་སྐྱེས་ཀྱི་ཤ་རྡོག་ཅིག་ཡིན་པ་གཞི་ནས་ཤེས་ཚོར་བྱུང་བས་རང་ཉིད་ངོ་ཚ་དགོས་པ་ཞིག་བྱུང་བ་རེད།

ས་རྡོ་ཡོད་དགོས་བྱུང༌།

དགའ་སོག་དཀོན་མཆོག་རྒྱ་མཚོ།

    ཐེངས་གཅིིག་འབྲོག་པ་ཁ་བདེ་པོ་ཞིག་ཡོད་པ་དེ་ཞིང་པའི་གྲོང་དུ་མར་དང་ཕྱུར་བ་འཁྱེར་ནས་དེ་དག་ནས་དང་བརྗེ་བར་ཡོང་བ་རེད། ཁོ་པ་སྲང་ལམ་ཞིག་དུ་དེ་དག་བརྗེ་ཡིན་སྡོད་སྐབས། ཞིང་པའི་བུ་མོ་ཞིག་དང་ཕྲད་པར་ཁོ་པས་མར་ཕྱུར་དེ་དག་བུ་མོ་དེར་ཚོང་རྒྱུ་བྱས་པ་རེད། བུ་མོ་དེས་མར་ཕྱུར་ནང་སྤུ་མང་པོ་འདུག་པས་རིན་གོང་ཆུང་དུ་གཏོང་རོགས་ཞེས་ལབ་པར་འབྲོག་པ་དེས། རིན་གོང་ཆུང་དུ་གཏོང་རྒྱུ་གཏན་ནས་མེད། མར་དང་ཕྱུར་བ་གཉིས་ནང་སྤུ་ཡོད་དགོས་བྱུང། འོ་མ་ནི་སྤུ་ཅན་འབྲི་མོ་ནས་བཞོས་པ་ཡིན་པས་སྤུ་ནི་ཡོད་ཡོད་པ་རེད། ཁྱེད་ཀྱི་མར་ཕྱུར་འདི་དག་ཚང་མའི་རིན་པར་འབྲུ་རྒྱ་མ་ཉིས་བརྒྱ་ཁྱེར་ཤོག་བརྗེ་པོ་བརྒྱབ་ཆོག ཅེས་བཤད་པར་བུ་མོས་འཛུམ་ཞིག་བསྟན་ནས་རང་ཉིད་ཀྱི་ནང་དུ་ནས་ལེན་པར་སོང༌། བུ་མོས་སྒྱེ་མོའི་ནང་ནས་རྒྱ་མ་བརྒྱ་དང་ལྔ་བཅུ་དང་ས་རྡོ་རྒྱ་མ་ལྔ་བཅུ་བླུགས་ཏེ། རྒྱ་མ་ཉིས་བརྒྱ་ཏག་ཏག་བཟོས་ཏེ་འཁྱེར་སོང་ནས་འབྲོག་པ་དེར་སྤྲད། འབྲོག་པས་ནས་ལ་གཅིག་བལྟས་ཏེ་ནས་འདིའི་ནང་ས་རྡོ་མང་པོ་འདུག ང་ལ་ས་རྡོ་མེད་པའི་ནས་ཤིག་སྤྲོད་རོགས། ཞེས་བཤད་པར་བུ་མོས་ཁྱེད་ཀྱི་མར་ཕྱུར་གཉིས་སྤུ་ཡོད་ཆོག་པ་བཞིན། ངའི་ནས་འདི་ཡང་ས་རྡོ་དང་ལྡན་པའི་ཞིང་ཁ་ནས་བླངས་པ་ཞིག་ཡིན་པས་ས་རྡོ་ཡོད་ཡོད་པ་རེད། ས་རྡོ་མེད་པའི་ནས་ཤིག་ང་ལ་སྤྲོད་རྒྱུ་མེད། ཅེས་བཤད་པས་འབྲོག་པ་དེར་ཅི་ཡང་ཤོད་རྒྱུ་མེད་པར་གྱུར་ཏེ། རང་གི་མར་ཕྱུར་རྣམས་ཕར་སྤྲད་དེ། ས་རྡོ་མང་བའི་ནས་དེ་རྣམས་ཚུར་བླངས་ཏེ་རང་ཡུལ་དུ་ཁྱེར་ནས་ལོག་དགོས་བྱུང་བ་རེད།

དཀོན་མཆོག་ལ་ཐུགས་རྗེ་ཆེ་ཞུ།

ཀུན་རྣམ་གྱིས་བསྒྱུར།

    མི་ཞིག་གིས་རང་གི་བོང་བུ་བརླགས་པ་ཤེས་རྗེས་ལམ་སང་ལྷ་ཁང་ཡོད་སར་བརྒྱུགས་སོང་ནས་སྐད་ཆེན་པོས། དཀོན་མཆོག་མཁྱེན། ད་རེས་ཡིན་ན་དཀོན་མཆོག་གི་བཀའ་དྲིན་རང་ཡིན། དེ་མིན་ན་ང་ཚར་ཚར་བ་རེད། དཀོན་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སྨོན་ལམ་འདེབས་བཞིན་ཡོད་པ་ཉེ་འཁོར་དུ་ཡོད་པའི་མི་རྣམས་ཀྱིས་ཐོས་མ་ཐག་མི་དེ་ཚོས་ཁོ་པར་བརྗོད་གསལ། འོ་ཛི་བོང་བུ་བརླགས་ནའང་ད་དུང་ཁྱོད་རང་དཀོན་མཆོག་ལ་ཐུགས་རྗེ་ཆེ་ཞུ་དགོས་དོན་གང་ཡིན་ནམ། ཞེས་དྲིས་པར་མི་དེས་ལམ་སང༌། ཡིན་དང་ཡིན། སྟབས་ལེགས་པ་ཞིག་ལ་ངས་དེ་རིང་བོང་བུ་དེར་བཞོན་མེད། དེ་མ་གཏོགས་ང་རང་ཡང་བོང་བུའི་མཉམ་དུ་བོར་བརླག་ཤོར་ཚར་བ་རེད། འདི་དག་ཚང་མ་དཀོན་མཆོག་རང་གིས་གཟིགས་པ་ཐག་ཆོད། བྱས་ཙང་ང་རང་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུ་བཞིན་ཡོད། ཅེས་བརྗོད།

ལྐུགས་པ་གསུམ།

ཀུན་རྣམ།

    པཱ་ལགས་ཀྱིས་རང་གི་བུ་ལ་གསུངས་དོན། བུ་དོན་གྲུབ་རང་གཅིག་ཤོད་དང༌། ངས་བུ་ཁྱོད་རང་ཨང་རྩིས་ཡག་ཉེས་ག་འདྲ་འདུག་ཚོད་ལྟ་ཞིག་བྱས་ཆོག ད་ཡག་པོ་བྱས་ནས་ཉོན་ཨ། གཅིག་གི་སྟེང་ལ་གཉིས་བསྡོམས་པ་ཡིན་ན་ཐོབ་གྲངས་ག་ཚོད་རེད་དམ། ཅེས་དྲིས་པར་བུ་དོན་གྲུབ་ཀྱིས་འདི་ངས་བརྩི་ཤེས་མ་སོང༌། ཞེས་ལབ་པར། ཡང་པཱ་ལགས་ཀྱིས། མ་རེད་ཡག་པོ་བྱས་ཉོན་ཨ། འདི་ལས་སླ་པོ་ཞེ་དྲག་རེད། དཔེར་ན་ངའི་སྒང་ལ་བུ་ཁྱེད་རང་གི་ཨ་མ་ལགས་དང་ད་དུང་བུ་ཁྱེད་རང་བསྡོམས་པ་ཡིན་ན་ཁྱོན་བསྡོམས་ཐོབ་གྲངས་ག་ཚོད་རེད་དམ་ལབ་ཀྱི་ཡོད། ལྐུགས་པ། ཞེས་བརྗོད་པར་བུ་དེས་ལམ་སང༌། རེད་པཱ་ལགས། ད་རེས་ངས་ཡག་པོ་ཤེས་སོང༌། དེ་ལྟར་བསྡོམས་པ་ཡིན་ན་ཐོབ་གྲངས་ལྐུགས་པ་གསུམ་རེད། ཅེས་ལན་བཏབ་པ་རེད།

རང་ས་དོར་ནས་གཞན་སར་རྩོད་པ།

བསྟན་འཛིན་བཟང་མོ།

    ནམ་དུས་དགུན་ཁ་ཟིན་པ་དང་དྷ་སའི་འབྱོར་ལྡན་པ་རྣམས་ཁང་པ་གསར་རྒྱག་གི་ལས་བྲེལ་འགོ་ཚུགས། དེ་དང་ལྷན་དུ་གྲོང་པ་ཕན་ཚུན་གྱི་བར་ལ་ས་ཆ་ལག་མཐིལ་ཙམ་རེའི་དོན་དུ་འཁྲུག་འཛིང་རྒྱུན་མི་ཆད་པར་ཡོང་བཞིན་ཡོད། ཉིན་གཅིག་གྲོང་པ་ཁྱིམ་མཚེས་གཉིས་ས་ཆའི་ཐོག་ལ་མ་འཆམ་པར་འཁྲུག་པ་ཆེན་པོ་ཤོར་བ་མ་ཟད། ཁོང་ཁྲོའི་མེ་ལྕེ་རབ་ཏུ་འབར་བཞིན་ངག་ནས་ཀྱང༌། ས་ཆ་འདིའི་ཆེད་ང་འཆི་སྲོག་ལ་ཐུག་ཀྱང་འགྱོད་པ་སྤུ་ཙམ་མེད། ཅེས་ཧ་ལམ་ལག་འཛིང་གཏོང་ལ་ཉེ་བའི་སྐབས་སུ། ཨར་ལས་བྱེད་མཁན་གྱི་ཁྲོད་ན་ལོ་ན་གང་ཙམ་སོན་པའི་རྒྱ་གར་བ་ཞིག་ཡོད་པ་དེ་ཁོང་ཁྲོའི་རྣམ་པ་དང་བཅས། ཁྱེད་ཚོ་ང་རྒྱལ་འདི་ལྟར་གནང་དགོས་དོན་མི་འདུག གལ་ཏེ་འཐབ་རྩོད་དེ་འདྲ་ཞིག་བྱེད་ཐུབ་ན་ཁྱེད་ཚོའི་དགྲ་བོ་རྒྱ་མིར་བྱོས་དང༌། དེའི་ལག་པར་ཁྱེད་ཚོ་རང་ཉིད་ཀྱི་ས་ཆ་ངོ་མ་དེ་ཡོད་རེད། དེ་མིན་ང་ཚོའི་ས་ཆའི་སྟེང་ལ་ངའི་ས་དང་ཁོའི་ས་ཆ་ཞེས་ཉིན་ལྟར་རྒྱག་རེས་རྒྱག་གིན་བསྡད་ན་དཀའ་ལས་ཁག་རོགས་རེད། ཅེས་བརྗོད་པས་ཁོང་རྣམ་གཉིས་ངོ་གདོང་དམར་པོར་གྱུར་ཏེ་ཁ་ཡང་གྲགས་རྒྱུ་མེད་པར་གྱུར་པ་རེད།

ཨང་དང་པོ་རྒན་ལགས་ཀྱི་བུ་རེད།

སེམས་བཟང༌།

    པཱ་ལགས་ཀྱིས་རང་གི་བུ་ལ་ཡག་པོ་ཞིག་བལྟས་ཏེ། བུ་བློ་བཟང་རང་ག་དུས་ཡིན་ན་ཡང་སློབ་སྦྱོང་ཡག་པོ་བྱེད་ཀྱི་འདུག་པས་ང་རང་སྤོབས་སེམས་དང་དགའ་པོ་འདུག འོན་ཀྱང་ད་རེས་སློབ་ཕྲུག་གཞན་ཚོར་གཟིགས་གསོལ་རག་ཐུབ་སར་ཁྱེད་རང་ལ་མི་ཐོབ་པ་གང་ཡིན་ནམ། ཞེས་གསུངས་པར་བུ་བློ་བཟང་གིས། པཱ་ལགས་ད་རེས་ཀྱི་གཟིགས་གསོལ་དེ་གནང་སྐབས་ངའི་མཚམས་སུ་སླེབས་པ་དང་ཏག་ཏག་རྫོགས་སོང༌། ཞེས་ཞུས། ཡང་པཱ་ལགས་ཀྱིས་བྱས་ན་བུ་རང་ལ་སློབ་ཕྲུག་གཞན་ཚོས་བརྗོད་གསལ་ལྟར་ན། བློ་བཟང་ནི་ང་ཚོའི་འཛིན་གྲྭའི་ནང་སློབ་སྦྱོང་ཡག་ཤོས་དེ་རེད། ཅེས་ལབ་ཀྱི་འདུག་པ་བཞིན་དངོས་གནས་ཡག་ཐག་ཆོད་སྦྱོང་གི་འདུག་ག ཡིན་ནའང་བུ་རང་ལ་ཨང་དང་པོ་ཐོབ་མྱོང་ཧ་ལམ་མེད་པ་ལྟ་བུ་ཆགས་འདུག་པས་ག་རེ་བྱས་པ་རེད་དམ། ཞེས་དྲིས་པར། བུ་བློ་བཟང་གིས་ལམ་སང་ཧང་སངས་སངས་ངང་ནས། ཨང་དང་པོ་ག་པ་ག་པ། པཱ་ལགས། ཨང་དང་པོ་དེ་རྒན་ལགས་ཀྱི་བུ་ཡིན་ཡིན་པ་རེད། ཅེས་བརྗོད།

སྐྱེ་བ་ཕྱི་མ།

ཡོན་ཏན་རྒྱ་མཚོ་དང་གུ་རུ་མཚོས་བསྒྱུར།

    ནགས་ཚལ་ཆེན་པོ་ཞིག་ཡོད་པ་དེའི་ཉེ་འགྲམ་ན་རྐང་ལམ་ཕྲ་མོ་ཞིག་ཡོད་པ་དེར་བཙུན་པ་ཞིག་ཕེབས་བཞིན་པའི་སྐབས། རྔོན་པ་ཞིག་གིས་ཝ་མོ་བསད་པའི་རོ་རང་གི་ཕྲག་པར་ཁུར་ཡོང་བ་དང་ཐུག བཙུན་པ་དེས། འོ་ཛི། ཁྱེད་ཀྱིས་སེམས་ཅན་གྱི་སྲོག་གཅོད་མི་རུང༌། གལ་ཏེ་ཚེ་འདིར་གཅན་གཟན་གྱི་སྲོག་བཅད་པ་ཡིན་ན། སྐྱེ་བ་ཕྱི་མར་རང་ཉིད་གཅན་གཟན་གྱི་སྐྱེ་བ་ལེན་རྒྱུ་ཐག་ཆོད། ཅེས་གསུངས་པར་རྔོན་པ་དེས་བསམ་བློ་ཞིབ་ཙམ་བཏང་རྗེས། སྐུ་ཞབས་ལགས། ད་ལྟ་ཁྱེད་རང་གིས་གསུངས་པ་དེ་རྣམས་བདེན་པ་རེད་དམ། ཞེས་ནན་ཏན་གྱིས་དྲིས་པར། བཙུན་པ་དེས། དེ་ནི་དངོས་གནས་བདེན་པ་ཡིན་དགོས་བྱུང༌། ཞེས་གསུངས་པར། རྔོན་པའི་སེམས་ནང་སྡུག་བསྔལ་ཆེན་པོ་བྱུང་སྟེ། མིག་ཆུ་ཡང་ཤོར།
    དེའི་རྗེས་རྔོན་པ་དེ་གློ་བུར་དུ་ཡར་ལངས་ནས་མདའ་གཞུ་བཀང་སྟེ་ཁ་ཚུར་བསྐོར་ནས་བཙུན་པ་དེར་བཙུགས་པ་དང༌། བཙུན་པ་དེ་ནི་ཞེད་ཐག་ཆོད་ནས། ག་རེ་བྱེད་ཀྱི་ཡོད། ག་རེ་བྱེད་ཀྱི་ཡོད། ཅེས་ལབ་པར། རྔོན་པས་རང་གི་ལུས་པོ་འདར་སིག་སིག་ངང༌། སྐུ་ཞབས་ལགས། ཁྱེད་ཀྱིས་གསུངས་པ་དེ་བདེན་པ་ཡིན་ན། ངས་ཁྱེད་རང་ལ་མདའ་བརྒྱབ་སྟེ་བཀྲོངས་ན་ང་སྐྱེ་བ་ཕྱི་མར་གཅན་གཟན་དུ་མི་སྐྱེ་བར་ཁྱེད་རང་འདྲ་བའི་སྐུ་ཞབས་ཤིག་གི་ལུས་ལེན་ཐུབ་ངེས་རེད། ཅེས་ལབ་བོ། །

གཤིན་རྗེ་ཆོས་རྒྱལ་བསྙུངས་པ།

ཡོན་ཏན་རྒྱ་མཚོ་དང་གུ་རུ་མཚོས་བསྒྱུར།

    ཐེངས་ཤིག་གཤིན་རྗེ་ཆོས་རྒྱལ་བསྙུངས་ནས་མལ་སར་ལུས་པས། གཤིན་རྗེའི་ཡུལ་གྱི་ཨེམ་ཆི་སུ་འདྲ་ཞིག་གིས་ཀྱང་སྨན་བཅོས་དང༌། དེ་བཞིན་རིམ་གྲོ་ཞུས་ཀྱང་ཕན་ཐོགས་མ་བྱུང་བར་བརྟེན། མི་ཡུལ་དུ་ཕོ་ཉ་ཁ་ཤས་ཤིག་ཨེམ་ཆི་མཚན་སྙན་གྲགས་ཅན་ཞིག་འཚོལ་དུ་གཏོང་རྒྱུར་ཐག་གཅོད་བྱུང༌། ཕོ་ཉ་བ་ཚོས། མི་ཡུལ་གྱི་ཨེམ་ཆི་མཚན་སྙན་གྲགས་ཅན་ཞེས་པ་དེ་གང་འདྲ་ཞིག་ལ་ཟེར་བ་ཡིན་མིན་གཤིན་རྗེ་ཆོས་རྒྱལ་ལ་བཀའ་འདྲི་ཞུས་པར། གཤིན་རྗེ་ཆོས་རྒྱལ་གྱིས། དེ་ལས་སླ་པོ་རེད། སྒོ་ཁར་གཤིན་པོའི་རྣམ་ཤེས་མི་བའི་སྨན་བཅོས་ཁང་དང་ཨེམ་ཆི་ཞིག་ཡོད་ན། དེ་ནི་མི་ཡུལ་གྱི་ཨེམ་ཆི་མཚན་སྙན་གྲགས་ཅན་ཞིག་ཡིན་པ་ཐག་ཆོད། ཅེས་བཀའ་སྩལ་ཏེ་བཏང་ངོ༌། །
    དེ་ནས་གཤིན་རྗེའི་ཕོ་ཉ་རྣམས་མི་ཡུལ་དུ་སླེབས་པ་དང་སྦྲགས། ཨེམ་ཆི་གང་སར་བཙལ་པས་སྒོ་ཁར་གཤིན་པོའི་རྣམ་ཤེས་མི་འཁོར་བའི་སྨན་བཅོས་ཁང་ནི་གཅིག་ཀྱང་མ་རྙེད། དེ་ནས་མུ་མཐུད་གང་སར་འཚོལ་བར་སོང་བས། གང་ཙམ་ནས་སྲང་ལམ་ཀྱག་ཀྱོག་ཅིག་གི་ཕུ་ན་སྒོ་ཁར་གཤིན་པོའི་རྣམ་ཤེས་མི་འཁོར་བའི་སྨན་བཅོས་ཁང་ཞིག་རྙེད་པས། གཤིན་ཡུལ་གྱི་ཕོ་ཉ་རྣམས་ཀྱིས་སེམས་པར། ད་འདིའི་ནང་དངོས་གནས་མི་ཡུལ་གྱི་མཚན་སྙན་གྲགས་ཅན་གྱི་ཨེམ་ཆི་ཞིག་ཡོད་པ་ཐག་ཆོད་སྙམ་ནས་དེའི་ནང་དུ་འཛུལ། དེ་ན་ཨེམ་ཆིར་སྒུག་གིན་བསྡད་ཡོད་པའི་ནད་པ་ཞིག་ཡོད་པ་དེར། སྨན་བཅོས་ཁང་དེའི་ཨེམ་ཆི་དེ་སྙན་གྲགས་ཅན་ག་འདྲ་ཞིག་ཡིན་མིན་སྐད་ཆ་དྲིས་པར། ནད་པ་དེས་ཁོང་ཚོར། འདི་ནི་ཁ་སང་དེ་རིང་རང་སྨན་བཅོས་ཁང་གསར་པ་སྒོ་ཕྱེ་མ་ཐག་པའི་ཨེམ་ཆི་ཞིག་རེད་ཅེས་ལབ་བོ། །

ཚོང་པ་དང་སྤྱང་ཀི

ཡོན་ཏན་རྒྱ་མཚོ་དང་གུ་རུ་མཚོས་བསྒྱུར།

    སྔ་མོ་ཡུལ་ཞིག་ན་ཚོང་པ་གཡོ་ཅན། སེར་སྣ་ཤིན་ཏུ་ཆེ་བ། ཁེ་བཟང་ལེན་མཁས་པོ་ཞིག་ཡོད། དེར་མི་རྣམས་ཀྱིས་མི་ཁྲག་འཐུང་མཁན་དང་། མི་ཤ་བཟའ་མཁན་ཞེས་ཟུར་ཟ་བྱེད་ཀྱི་ཡོད། ཉིན་གཅིག་ཚོང་པ་དེ་མི་མེད་ལུང་སྟོང་གི་ལམ་ཕྲན་ཞིག་བརྒྱུད་ཚོང་ལ་འགྲོ་སྐབས། གློ་བུར་དུ་སྤྱང་ཀི་ཞིག་ཁོའི་སྟེང་དུ་མཆོངས་ཏེ། ཁོ་པའི་སྐེ་ལ་སོ་བརྒྱབ་ནས་བཟུང་བས། ཚོང་པ་དེ་ནི་འཇིགས་སྣང་ཚད་ལས་འདས་པ་སྐྱེས་ཏེ་སྤྱང་ཀི་དེར། ངས་ཚེ་གང་རིང་སེར་སྣ་བྱས་སྟབས་ཟས་ཞིམ་པོ་ཁམ་གང་ཡང་བཟའ་མ་མྱོང་པས། ངའི་ཤ་ནི་དེ་བས་ཞིམ་པོ་མེད་པ་ཐག་ཆོད་པས་ང་གཏོང་རོགས་གནང༌། ཞེས་རེ་བ་ག་ཚོད་བཏོན་རུང༌། སྤྱང་ཀིས་མ་ཉན་པར་ཚོང་པ་དེར། ཁྱོད་སྐྱག་རྫུན་མ་ཤོད། ངས་གོ་ཚུལ་ལ་ཁྱོད་ཀྱིས་མི་ཁྲག་འཐུང་བ་དང་མི་ཤ་ཟ་བཞིན་འདུག་ཟེར་བས། ཁྱོད་ཀྱི་ཤ་མི་ཞིམ་ན་གཞན་སུའི་ཤ་ཞིམ་ཟེར་ནས་ཚོང་པ་དེ་བསད་ནས་བཟས་སོ། །
གོང་གསལ་གསུམ་འདི་རྣམས་ཡོན་ཏན་རྒྱ་མཚོ་དང་གུ་རུ་མཚོས་ཉི་ཧོང་གི་སྒྲུང་ནས་བསྒྱུར།

སྐར་གྲངས་ ༡༠༠ ཐོབ་བྱུང༌།

སེམས་བཟང༌།

    ཨ་མ་བསམ་སྐྱིད་ཀྱིས་དུས་དང་རྣམ་པ་ཀུན་ཏུ་བུ་བསོད་ནམས་ལ་བྱམས་སྐྱོང་ཆེན་པོ་གནང་གི་ཡོད་པ་མ་ཟད། བུ་རང་སློབ་སྦྱོང་ཡག་པོ་བྱས་ན་དེས་འགྲིག་གི་འདུག ཅེས་ནང་ལས་སོགས་གཅིག་ཀྱང་བསྐུལ་གྱི་མེད། གང་ཙམ་ནས་བུ་བསོད་ནམས་ཀྱིས་ལོ་འཁོར་ཡིག་རྒྱུགས་རན་པར་ཨ་མས་རང་གི་བུར་རེ་བ་ཆེན་པོ་བྱེད་ཀྱི་ཡོད་ལ། བུ་རང་ཨང་ཀི་ཐོབ་པ་བྱེད་དགོས་ཞེས་ཡང་ཡང་བརྗོད་ཀྱི་ཡོད། དེའི་རྗེས་བུས་ཡིག་རྒྱུགས་བཏང་ཟིན་པས་ཨ་མས། བུ་ཡིག་རྒྱུགས་གང་འདྲ་བྱུང་སོང་ངམ། སྐར་གྲངས་ག་ཚོད་ཐོབ་བྱུང་ངམ། ཞེས་དྲིས་པར་བུས་ལམ་སང༌། ཨ་མ་ལགས། ངའི་སྦྱངས་འབྲས་ལ་སྐར་གྲངས་ ༡༠༠ ཐོབ་བྱུང་ཞེས་ཞུས་པ་ཨ་མས་ཐོས་མ་ཐག ཨ་མ་ནི་དགའ་ཐག་ཆོད་དེ་རང་གི་བུ་ལ་བསྟོད་བསྔགས་རྫོགས་མེད་བྱས། གང་ཙམ་ནས་ཨ་མས་བྱས་ན་བུ་རང་གི་སློབ་ཚན་ཚང་མར་སྐར་གྲངས་ ༡༠༠ རེ་ཐོབ་པ་རེད་དམ། ཞེས་དྲིས་པར་བུ་དེས། དེ་འདྲ་ག་པ་ག་པ། ཨང་རྩིས་ལ་སྐར་གྲངས་ ༡༡ དང་། ཚན་རིག་ལ་སྐར་གྲངས་ ༢༡ སྐད་ཡིག་ལ་སྐར་གྲངས་ ༢༣ དབྱིན་ཡིག་ལ་སྐར་གྲངས་ ༢༥ སྤྱི་ཚོགས་རིག་གནས་ལ་སྐར་གྲངས་ ༢༠ བཅས་ཁྱོན་བསྡོམས་སྐར་གྲངས་ ༡༠༠ རེད། ཅེས་ཞུས་པར་ཨ་མ་ཧང་སངས་ཏེ་སྡོད་པ་ལས་བྱ་ཐབས་མ་བྱུང་བ་རེད།

ཁྱི་གླེན་པ་ཁོ་ལྟར།

ཀུན་རྣམ་གྱིས་བསྒྱུར།

    ཉིན་གཅིག་ཤེས་ཡོན་ཅན་ཞིག་གིས་ཁྲོམ་དུ་ཤ་ཉོ་བར་སོང་། ནང་དུ་ལོག་ཡོང་སྐབས་རང་གི་ལག་ཏུ་འཁྱེར་ཡོད་པའི་ཤ་དེ་ཁྱི་ལྟོགས་པ་ཞིག་གིས་ཕྲོགས་ནས་བྲོས་ཕྱིན་པ་རེད། ཤེས་ཡོན་ཅན་དེས་ཁྱི་དེའི་རྗེས་འདེད་མ་བྱས་པར་རྒྱང་ནས་ཁྱི་དེའི་རྗེས་ལ་བལྟས་ནས། ཁྱི་དེ་ནི་དངོས་གནས་གླེན་པ་རང་རེད་འདུག ཤ་དེ་རྗེན་པ་རེད། ཁྱོད་ཀྱིས་ཇི་ལྟར་ཟའམ། ཞེས་བརྗོད་ནས་རང་ཁྱིམ་དུ་ལག་པ་སྟོང་པར་ལོག་དགོས་བྱུང༌། ཁྱིམ་དུ་སླེབས་རྗེས་རང་གི་བཟའ་ཟླའི་ས་ནས་དངུལ་བླངས་ཏེ་ཡང་བསྐྱར་ཤ་ཉོ་བར་འགྲོ་རྩིས་བྱེད་སྐབས། བཟའ་ཟླས་ཁང་པ་སྦུག་ལ་འཛུལ་ནས་དངུལ་ལེན་པར་འགྲོ་སྐབས་དངུལ་སྒམ་དེ་རྐུན་པོས་བརྐུས་སྟབས། དངངས་སྐྲག་སྐྱེས་པ་དང་སྦྲགས་དངུལ་སྒམ་རྐུན་པོས་བརྐུས་ཚར་འདུག ཅེས་ངུས་པ་རེད། ཤེས་ཡོན་ཅན་དེས། ཁྱི་གླེན་པ་ཁོ་ལྟར་རེད། དངངས་སྐྲག་དང་ངུ་རྒྱུ་ག་རེ་འདུག དངུལ་སྒམ་གྱི་ལྡེ་མིག་ཁྱེད་རང་གི་སྐེ་རགས་ལ་བཏགས་ཡོད་པ་མ་རེད་དམ། ཞེས་བརྗོད།

ནང་དུ་སླེབས་རྗེས་ཤོད་དགོས།

ཀུན་རྣམ་གྱིས་བསྒྱུར།

    པཱ་ལགས་ཀྱིས་རླངས་འཁོར་གྱི་ལག་འཁྱེར་ཉོས་རྗེས་བུ་ཁྲིད་ནས་ཕྱིར་ཐོན། ལམ་བར་དུ་བུས་རང་གི་མདུན་དུ་དངོས་པོ་ཞིག་ཟགས་པ་དེ་ཡར་བསྒྲུགས་ནས། པཱ་ལགས། གཟིགས་དང་ང་ལ་དངུལ་ཁུག་འདི་རྙེད་བྱུང༌། ཞེས་བརྗོད་པ་དེ་མདུན་གྱི་མི་དེས་ཐོས་རྗེས་ཁ་ཕྱིར་བསྐོར་ནས། འོ་ཛི་དངུལ་ཁུག་འདི་ངའི་རེད། ད་ལྟ་རང་ཟགས་འདུག ཅེས་བརྗོད་པ་དང་དངུལ་ཁུག་དེ་ཕར་བླངས་ཏེ་སོང་ངོ༌།  །དེའི་རྗེས་པཱ་ལགས་དེས་རང་གི་བུ་ལ་གཅིག་གཞུས་ནས། ལྐུགས་པ་ཁྱོད། རྗེས་སུ་དངོས་པོ་རྙེད་ན་ཁྱིམ་དུ་སླེབས་རྗེས་ཤོད་དགོས། ཞེས་གཤེ་གཤེ་ཚོད་མེད་བཏང་བ་རེད། དེའི་རྗེས་ཕ་བུ་གཉིས་མུ་མཐུད་ལམ་དུ་བསྐྱོད་ནས་མི་རིང་བར་པཱ་ལགས་ཀྱིས་གོས་ཀྱི་ཁུག་མའི་ནང་ནས་ཐ་མག་འདོན་སྐབས་རླངས་འཁོར་གྱི་ལག་འཁྱེར་དེ་ཟགས་པ་རེད། བུས་ལྐོག་ཏུ་ཡར་བསྒྲུགས་ནས་སྐད་ཆ་གང་ཡང་ཤོད་མ་ནུས་པར་མུ་མཐུད་བསྐྱོད། རླངས་འཁོར་འབབ་ཚུགས་སུ་སླེབས་སྐབས་པཱ་ལགས་ཀྱིས་རླངས་འཁོར་གྱི་ལག་འཁྱེར་དེ་བོར་བ་ཤེས་པས་དངངས་སྐྲག་ངང་ག་ཚོད་བཙལ་ཡང་མ་རྙེད་པས་ལག་འཁྱེར་དེ་མར་བཏོན་ནས། པཱ་ལགས་རླངས་འཁོར་ལག་འཁྱེར་འདིར་ཡོད། ཅེས་བརྗོད་པར་པཱ་ལགས་ཁོང་ཁྲོ་ལངས་ཏེ། ད་གིན་རླངས་འཁོར་གྱི་ལག་འཁྱེར་འཚོལ་སྐབས་ཁྱེད་ཀྱིས་མ་བཤད་པ་གང་ཡིན་ནམ། ཞེས་བརྗོད་པར་བུ་དེས། པཱ་ལགས་ཀྱིས་དངོས་པོ་རྙེད་ན་ཁྱིམ་དུ་སླེབས་རྗེས་ཤོད་དགོས་གསུངས་བྱུང་བས། དེ་དུས་ཁྱིམ་དུ་སླེབས་རྒྱུ་རེད། ངས་ད་ལྟ་ཁྱིམ་དུ་སླེབས་མ་ཐག་ཞུས་པ་ཡིན། ཞེས་བརྗོད་དོ། །

འབྲོག་པས་ཡི་ཙེ་ཉོས་པ།

འབྲས་སྒོ་མང་མཛོད་དགེ་དགེ་འདུན།

    སྔོན་འབྲོག་རྒན་ཞིག་ལ་གྲོགས་པོ་ལས་བྱེད་ཅིག་ཡོད་པ་དེ་འབྲོག་སར་ངོ་ཐུག་ཏུ་ཡོང་བས་ཁོ་རང་གཉིས་དགའ་སྤྲོ་ཆེན་པོ་བྱུང་བ་རེད། དེའི་དགོང་མོ་གྲོགས་པོ་ལས་བྱེད་དེས། དེ་རིང་ཡིན་ན་འབྲོག་པའི་ས་ཆར་མེད་པའི་ཁ་ལག་ཅིག་བཟོ་ཡི་ཡིན་ཟེར་ནས། ཞོག་ཁོག་ཡག་ཐག་ཆོད་བཙོས་ནས་ཁོ་གཉིས་ཀྱིས་བཟས་པས་ཞིམ་པོ་བྱུང་བ་རེད། འབྲོག་རྒན་དེས། གྲོགས་པོ་ལགས། ཁ་ལག་འདིའི་མིང་ལ་ག་རེ་ཟེར་བ་རེད་དམ། ཞེས་དྲིས་པར་ལས་བྱེད་དེས་ཀུ་རེ་དང་སྦྲགས། འདིའི་མིང་ལ་ཕི་ཙོའོ་ཟེར། ཞེས་ལབ། ཕི་ཙོའོ་ནི་རྒྱ་སྐད་ཡིན་ཞིང་བོད་སྐད་ལ་ཡི་ཙེ་ཟེར། འོན་ཀྱང་འབྲོག་རྒན་ཁོང་གི་དེ་གང་ཡིན་མི་ཤེས་ཀྱང་ད་དུང༌། དངོས་གནས་ཕི་ཙོའོ་ཟེར་བའི་ཁ་ལག་འདི་ཞིམ་པོ་འདུག་ག ཞེས་བརྗོད། དེ་ནས་ཉིན་ཤས་རྗེས་འབྲོག་རྒན་དེ་རྫོང་ཐོག་ཏུ་སོང་ནས་ཚོང་པ་ཞིག་ལ། ང་ལ་ཕི་ཙོའོ་ལྔ་དྲུག་ཅིག་ཚོང་རོགས། ཞེས་ལབ་ཏེ་རྡོག་རྡོག་ལྔ་དྲུག་ཅིག་ཉོས་ནས་དེ་དག་འཁྱེར་ཏེ་འབྲོག་སར་ལོག་ཡོང༌། འབྲོག་སར་སླེབས་སྐབས་མུན་རུབ། ཁོས་རང་གི་ཆུང་མར། དོ་དགོང་ཡིན་ན་ངས་ང་ཚོ་འབྲོག་པའི་ས་ཆར་མེད་པའི་ཁ་ལག་ཅིག་བཟོ་ཆོག ཅེས་ལབ་ནས་ཡི་ཙི་རྡོག་རྡོག་དེ་དག་ཧ་ཡང་ནང་བླུགས་ཏེ་བཙོས་པ་རེད། གང་ཙམ་ནས་ཁ་ཕྱེ་ཏེ་ལྟ་དུས་ཡི་ཙེ་གང་ཙམ་བཞུར་ནས་ལྦུ་སོབ་མང་པོ་ཐོན་ཡོད། དེའི་ནང་ད་དུང་སྒོ་ང་ཙམ་རེ་ལྷག་ཡོད་པ་དེ་དག་ཕོར་པའི་ནང་བླུགས་ཏེ་རང་དང་ཆུང་མ་གཉིས་ཀྱིས་བཟས་པས་ཁ་ལག་རྣམས་ཀྱང་སྐྱུག་དགོས་པ་ཞིག་བྱུང་བས། འབྲོག་རྒན་ཁོང་ཁྲོ་དང་སྦྲགས། ད་རེས་གྲོགས་པོས་མགོ་སྐོར་བཏང་བྱུང༌། ཞེས་བརྗོད་དོ། །

དྲན་རྒྱུ་རྒོད་པའི་རི་མོ་བ།

ཀུན་རྣམ་གྱིས་བསྒྱུར།

    རི་མོའི་ཤེས་ཡོན་ཧ་ཅང་དམའ་པོ་ཡིན་པའི་རི་མོ་བ་ཞིག་ཡོད་པ་དེས། རང་ཉིད་ཀྱི་རི་མོ་དེ་ཙམ་ཡག་པོ་འབྲི་ཤེས་ཀྱི་མེད་ཀྱང་རྒྱུན་དུ་དྲན་རྒྱུ་རྒོད་པོ་ཡོད་པ་མ་ཟད། རང་གི་རི་མོའི་བརྩམ་བྱ་རྣམས་གཞན་ལ་ངོམ་འདོད་ཆེན་པོ་བྱེད་ཀྱི་ཡོད། འོན་ཀྱང་ཁོའི་རི་མོར་བསྔགས་བརྗོད་བྱེད་མཁན་གཅིག་ཀྱང་བྱུང་མེད་པར་བརྟེན། ཉིན་ཅིག་ཁོས་ཐབས་ཤེས་ཤིག་བཏོན་ནས། རས་དཀར་པོ་ཡུག་གཅིག་འགྲེམས་སྟོན་བྱས་ཏེ་དེའི་སྟེང་མཛུབ་མོ་བཙུགས་ནས་ལྟ་སྐོར་བ་ཚོར། འདི་ནི་བ་ཕྱུགས་གཅིག་གིས་རྩྭ་ཟ་བཞིན་པའི་རི་མོ་ཞིག་ཡིན། ཞེས་འགྲེལ་བརྗོད་བྱས་པར་ལྟ་སྐོར་བ་ཞིག་གིས། རི་མོ་བ་ལགས། རྩྭ་གང་དུ་ཡོད་དམ། ངས་རས་དཀར་པོ་ཞིག་ལས་གཞན་གང་ཡང་མཐོང་གི་མི་འདུག ཅེས་བརྗོད་པར་རི་མོ་བ་དེས། རྩྭ་བ་ཕྱུགས་ཀྱིས་བཟས་ཚར་བ་རེད། ཅེས་བརྗོད། ཡང་མི་དེས། བྱས་ན་བ་ཕྱུགས་གང་དུ་ཡོད་དམ། ཞེས་དྲིས་པར་ཡང་རི་མོ་བ་དེས། ཁྱོད་ཀྱིས་བསམ་པའི་བཀོད་པ་ཤེས་ཀྱི་མེད་དམ། རྩྭ་བཟས་ཚར་རྗེས་བ་ཕྱུགས་ཀྱིས་འདིར་སྡོད་ཀྱི་རེད་དམ། ཞེས་བརྗོད་དོ། །

སྔོན་གླེང༌།

 

མཚར་གཏམ། སྡེ་ཚན་གཉིས་པ།

མིག་འཕྲུལ་སྟོན་པ།

ཀུན་རྣམ་གྱིས་བསྒྱུར།

    པཱ་ལགས་ཀྱིས་ཤ་བག་ལེབ་ཉོས་ཏེ་བཞག་ཡོད་པ་དེ་དག་བུ་བཀྲ་ཤིས་ཀྱིས་མཐོང་བས། ཟ་འདོད་ཀྱིས་འགྲམ་ཆུ་འཁོར་ཡང་། པཱ་ལགས་ཀྱིས་ལམ་སང་གནང་གི་མེད་པར་བརྟེན་བུ་བཀྲ་ཤིས་ཀྱིས་རིག་པ་ཞིག་བཏང་ནས། པཱ་ལགས། པཱ་ལགས། ངས་མིག་འཕྲུལ་ཡག་པོ་ཞིག་རྩེ་ཤེས་ཀྱི་ཡོད། ཅེས་ཞུས་པར་པཱ་ལགས་ཀྱིས། ཨ་ལས་བྱས་ན་རང་གིས་ང་ལ་མིག་འཕྲུལ་ག་རེ་སྟོན་གྱི་ཡིན་པ། ཞེས་དྲིས་པར་བུ་བཀྲ་ཤིས་ཀྱིས། པཱ་ལགས་ཀྱིས་ངའི་ཁའི་ནང་དུ་ཤ་བག་ལེབ་ཅིག་བླུགས་གནང་དང༌། ངས་ལམ་སང་ཡལ་ཐུབ་པའི་མིག་འཕྲུལ་ཞིག་བསྟན་ཆོག ཅེས་ཞུས་པར་པཱ་ལགས་ཀྱིས་བུའི་ཁའི་ནང་ཤ་བག་ལེབ་གཅིག་བླུགས་མ་ཐག བུ་བཀྲ་ཤིས་ཀྱིས་ལམ་སང་བཟས་ནས་མིད་པར་བཏང་སྟེ། ད་མིག་འཕྲུལ་གཟིགས་སོང་ངམ། ཞེས་ཞུས་པར་པཱ་ལགས་དེ་ནི་རང་གི་བུའི་རིག་པར་ཧང་སངས་པ་རེད།

བུ་གླེན་པ།

སྨྱུག་རྒོད་གངས་བུ་དཔལ།

    ཨ་མ་ཞིག་ལ་བུ་གླེན་པ་སྤྱང་གྲུང་གཏན་ནས་མེད་པ་ཞིག་ཡོད་པས། སེམས་འཚབ་ངང་རང་གི་བུ་དེ་ཅུང་ཟད་སྤྱང་དུ་འགྲོ་བའི་ཆེད། གྲོང་པའི་བུ་སྐད་ཆ་ཤོད་མཁས་པོ་སྤྱང་གྲུང་ལྡན་པ་ཞིག་ཡོད་པ་དེའི་ལྷན་དུ་ཁྱིམ་མཚེས་ཤིག་གི་བ་ཕྱུགས་ཤི་བར་སེམས་གསོ་བྱེད་དུ་བཏང་བ་རེད། བུ་སྤྱང་པོ་དེས། བ་ཕྱུགས་ཤི་བར་ནང་མི་ཚང་མ་སེམས་ཁྲལ་གནང་མི་དགོས། ཤ་དང་པགས་པ་སོགས་ལ་ལྟ་བཟོ་མེད་པ་མིན། ཞེས་ལབ་པ་དེ་དག་བུ་གླེན་པའི་སེམས་ནང་ངེས་པོ་བྱུང༌། ཡང་ཉིན་ཤས་རྗེས་གྲོང་པ་གཞན་ཞིག་གི་ཕ་རྒན་གྲོངས་པས་ཁོ་པ་དེར་སེམས་གསོ་བྱེད་དུ་བཏང་བར་བུ་གླེན་པས། ཕ་གྲོངས་ཀྱང་ནང་མི་ཚང་མ་སེམས་ཁྲལ་བྱེད་མི་དགོས། ཤ་དང་པགས་པར་ལྟ་བཟོ་ཡོད་པ་རེད་ལབ་གྲབས་བྱེད་སྐབས། བུ་སྤྱང་པོ་དེ་དེར་འབྱོར་ཏེ། པཱ་ལགས་དམ་པ་དེ་ང་ཚོ་ཚང་མའི་པཱ་ལགས་རེད། འདི་འདྲ་སེམས་ཁྲལ་གནང་མི་དགོས། ཞེས་ལབ་པས་བུ་གླེན་པའི་སེམས་ནང་མི་ཤི་ན་དེ་ལྟར་ལབ་དགོས་པ་འདྲ་དྲན་པ་རེད། དེ་ནས་ཟླ་ཤས་རྗེས་ཁོ་རང་གི་གཅེན་པོའི་བཟའ་ཟླ་གྲོངས་པས་བུ་གླེན་པ་གཅེན་པོའི་མདུན་ཡོང་སྟེ། གཅེན་པོ་ལགས། སེམས་ཁྲལ་མ་གནང་དང༌། བཟའ་ཟླ་གྲོངས་མཁན་དེ་ང་ཚོ་ཚང་མའི་བཟའ་ཟླ་རེད་པ། ཞེས་ལབ་པར་གཅེན་པོའི་ནང་མི་ཚང་མས་ཁོང་ཁྲོ་དང་བཅས་བུ་གླེན་པ་ཕྱིར་འབུད་བཏང་ངོ་། །

ང་དང་ཁྱེད་ཀྱི་དབྱེ་བ་མེད།

ཕུར་བུ་རྡོ་རྗེས་བསྡུས།

    གཉེན་སྒྲིག་བྱས་མ་ཐག་པའི་གཞོན་ནུ་བཟའ་ཚོ་གཉིས་ཀྱིས་ཉིན་གཅིིག་ཁང་པའི་ནང་ཅ་དངོས་རྣམས་སྒྲིག་གཤོམ་བྱེད་བཞིན་ཡོད་པའི་སྐབས་བཟའ་ཟླས་རང་གི་ཁྱོ་གར། ཁྱེད་ཀྱི་ཅ་ལག་འདི་ག་པར་སྒྲིག་གི་ཡིན་ནམ། ངའི་འདི་ག་པར་སྒྲིག་ན་ཡག་ག་འདུག ཅེས་གྲོས་འདྲི་བྱས་པར་སྐྱེ་དམན་དེས། འོ་ཛི་ཁྱེད་རང་འདི་འདྲ་གསུང་མ་གནང་དང༌། ད་ཆ་ངེད་གཉིས་གཉེན་སྒྲིག་བྱས་ཟིན་པའི་བཟའ་ཟླ་རེད། བྱས་ཙང་གཅིག་སེམས་གཅིག་ལ་གཏད་དེ་མི་གཅིག་སེམས་གཅིག་ལྟ་བུ་བྱེད་དགོས་པ་ལས། ཁྱོད་ཀྱི་དང་ཡང་ན་ངའི་ཟེར་ནས་དབྱེ་འབྱེད་དགོས་དོན་རྩ་བ་ནས་མེད། བྱས་ཙང་ད་ནས་བཟུང་ཐ་ན་ཁབ་སྐུད་ཙམ་གྱི་དངོས་པོ་ཞིག་ཡིན་ནའང༌། ངེད་གཉིས་ཀྱི། ཞེས་ཤོད་དགོས་པ་ལས། ངའི་དང༌། ཁྱོད་ཀྱི། ཞེས་གཏན་ནས་ཤོད་མི་ཆོག་ཅེས་བཤད་པས་ཁྱོ་གས་ཀྱང༌། དངོས་གནས་ཁྱེད་རང་གིས་གསུངས་པ་ལྟར་རེད། ད་ནས་བཟུང་དེ་རང་ཞུ་ཆོག ཅེས་ཁས་བླངས་པ་རེད། དེ་ནས་ཅུང་ཟད་རྗེས་ཁྱོ་ག་དེ་ཁྲུས་ཁང་ནང་དུ་སོང་སྟེ་དུས་ཡུན་ཅུང་ཙམ་འགོར་བ་ན། བཟའ་ཟླས་ཁོང་ལ། ཁྱེད་རང་ག་རེ་གནང་གི་ཡོད་དམ། ཞེས་དྲིས་པར་ཁྱོ་ག་དེས་ལམ་སང༌། ང་ཨ་ར་་་་མ་རེད། ངས་ང་རང་གཉིས་ཀྱི་ཨ་ར་གཞར་བཞིན་ཡོད། ཅེས་ལབ་པ་རེད།

གྲི་གང་བྱུང་མ་གཡུགས།

ཕུར་བུ་རྡོ་རྗེས་བསྡུས།

གནའ་སྔ་མོའི་དུས་སུ་རྣམ་ཀུན་དཔའ་དང་བློ་ཁོག་ཡོད་མདོག་མདོག་བྱེད་མཁན་གྱི་གྲི་རིང་ཐོགས་པའི་མི་གཉིས་རྒྱག་རེས་ཤོར་བ་རེད། སྐབས་དེར་གཉིས་ཀས་གྲི་རིང་ཤུབས་ལས་ཕྱུངས་ཏེ། ཁྱོད་ཤི་དང་ཡང་ན་ང་གསོན་གྱིས་གྲི་གཡུག་རེས་བྱས་ཏེ་དམར་འཛིང་དྲག་པོ་བྱས། ཕན་ཚུན་གྲི་གཡུག་རེས་དུས་ཡུན་གང་ཙམ་ཞིག་བྱས་རྗེས་མི་གཅིག་གིས་གཅིག་ཤོས་ཀྱི་གདོང་ལེན་མ་ཐུབ་སྟེ། རིམ་བཞིན་ཕྱིར་བཤོལ་བྱེད་ཀྱིན་བྱེད་ཀྱིན་ལ་མི་གཞན་དེར། ཝ་ཡེ། གྲི་གང་བྱུང་མ་གཡུགས་མ་གཏོགས་ངའི་མིག་ལ་ཐེབས་པ་འདུག་ག ཞེས་བརྗོད་པ་རེད།

ངའི་ཕག་པས་ནོར་འདུག

བསྟན་འཛིན་བཟང་མོ།

    སྤོ་སྤོ་དཀོན་མཆོག་ཚེ་རིང་གི་ཕག་པ་ཞིག་གློ་བུར་དུ་རླངས་འཁོར་གྱིས་བརྫིས་པ་རེད། སྐབས་དེར་སྤོ་སྤོ་དཀོན་མཆོག་ཚེ་རིང་གིས་ཧང་སངས་སངས་ངང་ནས། འོ་ཛི་ངའི་ཕག་པ་རླངས་འཁོར་གྱིས་བརྫིས་སོང༌། ཞེས་སྐད་ཅོར་ཆེན་པོ་བརྒྱབ་པས། རླངས་འཁོར་གཏོང་མཁན་གྱི་ཁ་ལོ་པ་དེ་ལམ་སང་མར་བབས་ཡོང་སྟེ་སྐད་ཤུགས་ཆུང་ངུས། པཱ་ལགས། དངོས་གནས་བྱས་ན་ཁྱེད་རང་གི་ཕག་པས་ནོར་འདུག ཡིན་ནའང་ངས་ཁྱེད་རང་ལ་སྒོར་བཅུ་སྤྲད་ཆོག་ཅེས་ཟེར་ནས་སྒོར་བཅུ་སྤྲད་པ་རེད། སྐབས་དེར་གྲོང་མི་གཅིག་གིས་དེ་དག་མཐོང་རྗེས་སེམས་ཀྱིས་མ་བཟོད་པར། སྤོ་སྤོ་དཀོན་མཆོག་ཚེ་རིང་ལགས། ཁྱེད་ཀྱིས་དགོངས་པ་ཡག་པོ་བཞེས་གནང་དང༌། ཁྱེད་ཀྱི་ཕག་པ་རླངས་འཁོར་གྱིས་བརྫིས་ནས་བསད་པར་སྒོར་བཅུ་ལས་མ་སྤྲད་པ་དཔེ་སྲིད་ཀྱི་མ་རེད། ཅེས་བརྗོད་པར། སྤོ་སྤོ་དཀོན་མཆོག་ཚེ་རིང་གིས་དགའ་སྤྲོའི་རྣམ་པ་དང་བཅས། དེ་རིང་བདག་ལ་ཁེ་བཟང་རག་བྱུང༌། དངོས་གནས་བྱས་ན་ངའི་ཕག་པས་ནོར་འདུག ཅེས་བཤད་པས་གཡས་གཡོན་གྱི་གྲོང་མི་ཚང་མ་གད་མོ་རང་དབང་མེད་པར་ཤོར་རོ། །

མཱ་ཅང་མཁས་པའི་རྒྱལ་པོ།

བསྟན་འཛིན་བཟང་མོ།

    སྔོན་རྒྱལ་པོ་ཞིག་མཱ་ཅང་རྒྱག་རྒྱུར་ཤིན་ཏུ་དགའ་པོ་ཡོད་ལ་མཁས་པོ་ཡང་ཡོད། ཉིན་གཅིག་རྒྱལ་པོས་ཡུལ་འདིར་མཱ་ཅང་མཁས་ཤོས་རང་ཉིད་ཡིན་པས། ངས་ཚོང་པ་འབྱོར་ལྡན་ཁག་ཅིག་དང་མཉམ་དུ་མཱ་ཅང་བརྒྱབ་ནས་རྒྱན་ཆེན་པོ་བཙུགས་ན། ང་ལ་ཁོ་ཚོའི་དཔལ་འབྱོར་ཚང་མ་ཐོབ་ཐུབ་བསམས་ནས་རང་གི་བློན་པོ་རྣམས་ལ། རང་རེའི་རྒྱལ་ཁབ་ནང་འབྱོར་ཕྱུག་ཚོའི་དཔལ་འབྱོར་ཚང་མ་ང་ལ་ཐོབ་པ་བྱ་རྒྱུ་ཡིན། བྱས་ཙང་ཁྱོད་ཚོས་འབྱོར་ཆེན་མཱ་ཅང་རྒྱག་རྒྱུར་དགའ་ལ་མཁས་པ་སུ་ཡོད་འདིར་སྐད་བཏང་ཐུབ་ན་བྱ་དགའ་སྤྲོད་རྒྱུ་ཡིན་ཞེས་བཀའ་བཏང༌། ཉིན་ཤས་རྗེས་བློན་པོ་ཞིག་གིས་སྤྲང་པོ་གོས་ཧྲུལ་ཞིང་ཤ་རིད་པ་ཞིག་ཁྲིད་ནས། རྒྱལ་པོ་རིན་པོ་ཆེས་བཀའ་གནང་བ་བཞིན་མཱ་ཅང་མཁས་ཤོས་དེ་སྐད་བཏང་ཡོད་ཅེས་སྙན་སེང་ཞུས། དེའི་རྗེས་རྒྱལ་པོས་སྤྲང་པོ་ལྟ་བུའི་མི་དེ་གཟིགས་མ་ཐག ཁོ་སྤྲང་པོ་ཞིག་མཱ་ཅང་མཁས་པ་རེད་ཅེས་འདིར་ཁྲིད་ཡོང་བ་དཔེ་མི་སྲིད་པ་རེད། ཅེས་རབ་ཏུ་ཁྲོས། སྐབས་དེར་བློན་པོ་དེས་སྐད་ཆུང་ངུས། འདི་ནི་རང་རེའི་རྒྱལ་ཁབ་ནང་གི་དཔལ་འབྱོར་ཆེ་ཤོས་དེ་རེད། ཡིན་ནའང་མཱ་ཅང་ཤིན་ཏུ་མཁས་པའི་དབང་གིས་ད་ལྟ་འདི་འདྲ་ཆགས་པ་རེད། ཅེས་ཞུས་པར་རྒྱལ་པོ་མཱ་ཅང་མཁས་པ་དེ་ཅི་བྱ་གཏོལ་མེད་དུ་ལུས་སོ། །

མི་ཁ་ཆེ་རེད།

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    ཧིནྡུའི་ཆོས་ལུགས་ཀྱི་བུ་མོ་ཞིག་དང་ཁ་ཆེའི་ཆོས་ལུགས་ཀྱི་བུ་ཞིག་ཕན་ཚུན་བརྩེ་དུང་ཆེན་པོས་དགའ་རོགས་ཆགས་ཏེ། བུ་མོ་དེས་མོ་རང་གི་ནང་མི་ལ་བུ་དེའི་མཉམ་དུ་ཆང་ས་རྒྱག་དགོས་ལབ་སྟེ། བུ་དེ་ཡག་པོ་ཡོད་ལུགས་སྐོར་འགྲེལ་བཤད་བརྒྱབ་སྟབས། བུ་མོའི་ཕས་རང་གི་བུ་མོའི་འདོད་བློ་དང་བསྟུན་ཏེ་ཆང་ས་རྒྱག་རྒྱུ་ཁས་ལེན་གནང་བ་རེད། བུ་དེ་ཆོས་ལུགས་ཁ་ཆེ་ཡིན་པའི་རྒྱུ་མཚན་གྱི་མ་རྒན་ཅུད་ཟད་མ་དགའ་བར། ང་ཚོའི་བུ་མོ་བུ་དེ་དང་ཆང་ས་བརྒྱབ་ན་ཡག་པོ་ཡོད་པ་མ་རེད། གང་ཡིན་ཟེར་ན་བུ་དེ་ནི་ཁ་ཆེ་རེད། ཅེས་ལབ་པར་བུ་མོའི་ཕས། གང་ཡོད་པ་མ་རེད། བུ་དེ་ཁ་ཆེ་ཡིན་ན་ཡིན། དེ་མིན་སྣ་ཆེན་ཡིན་ནའང་ཡིན། བུ་མོ་མོ་རང་ལ་འགྲིག་གི་རེད་ལབ་སྟེ། མ་རྒན་དེས་ཅི་བཤད་འདི་བཤད་མེད་པ་བཟོས་པ་རེད།

བྱ་དགའ་ཨང་དང་པོ་དང་གཉིས་པ་ཐོབ་པ།

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    ཉིན་གུང་ཆུ་ཚོད་དང་པོ་ཙམ་གྱི་དུས་ཚོད་ཅིག་ལ་དུད་ཚང་ཞིག་གི་ནང་དུ་རྐུན་མ་ཞིག་འཛུལ་ཏེ། ཅ་ལག་རྩ་ཆེན་ཆུང་ཆུང་ཞིག་ཡོད་པ་དེ་བརྐུས་ནས་བྲོས། བདག་པོས་རྐུན་མ་མཐོང་སྟེ་རྗེས་འདེད་བཏང་ནས་བརྒྱུགས་སྟབས། རྐུན་མ་དེ་ཐང་ཆེན་ཞིག་ལ་མི་མང་པོ་རྒྱུག་ཤར་འགྲན་བསྡུར་བྱེད་བཞིན་ཡོད་པ་དེའི་དཀྱིལ་དུ་བྲོས། བདག་པོས་ཁོ་པོའི་རྗེས་སུ་བརྒྱུགས། རྐུན་མ་དེ་ཤིན་ཏུ་དངངས་སྐྲག་ངང་མགྱོགས་པོ་བྲོས་ཀྱང་བདག་པོས་རྗེས་ཟིན་ཏེ་འཇུ་གྲབས་བྱེད་སྐབས། རྒྱུག་ཤར་གློད་མཁན་དེ་ཚོས་མཐོང་སྟེ་རྐུན་མ་དེ་འཛིན་མ་བཅུག སྦྱིན་བདག་དེ་ཁོང་ཁྲོ་ལངས་ནས། མི་འདི་རྐུན་མ་རེད། ཅེས་ལབ་ཀྱང་མ་ཕན་པར་རྒྱུག་ཤར་གློད་མཁན་ཚོས་རྐུན་མ་ཡིན་ནའང་འདྲ། ཇག་པ་ཡིན་ནའང་འདྲ། གང་ལྟར་ད་ལྟ་ང་ཚོ་རྒྱུག་ཤར་གློད་མཁན་ལ་ཁྱད་པར་ག་རེ་ཡོད་རེད་དམ། ཞེས་ལབ་སྟེ་འཇུ་བཟུང་བྱེད་མ་བཅུག་པས། བདག་པོ་དེས་ལན་གང་ཡང་སྤྲད་རྒྱུ་མ་རག་པར་རྐུན་མ་དེའི་རྗེས་ལ་ཧ་ཅང་མགྱོགས་པོ་བརྒྱུགས་ཏེ་རྗེས་ཟིན་གྲབས་བྱེད་སྐབས། ཁོང་ཚོ་གཉིས་རྒྱུག་ཤར་གློད་མཁན་ཚོའི་སྔོན་ལ་སླེབས་ཏེ། མི་མང་པོས་ཁོང་ཚོ་གཉིས་ཀ་བཟུང་ནས་རྐུན་མ་ལ་བྱ་དགའ་ཨང་དང་པོ་དང་སྦྱིན་བདག་ལ་ཨང་གཉིས་པ་སྤྲད་པ་རེད།

གུང་གསེང་ཟེར་བའི་སློབ་ཕྲུག་གཅིག

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    གུང་གསེང་ཟེར་བའི་སློབ་ཕྲུག་གཅིག་འཛིན་གྲྭ་ལྔ་པའི་ནང་གསར་དུ་འཛུལ། སློབ་ཕྲུག་དེའི་མིང་ལ་གུང་གསེང་ཟེར་བ་རྒན་ལགས་མ་གཏོགས་སུས་ཀྱང་ཤེས་མཁན་མེད། རྒན་ལགས་ཀྱིས་སློབ་ཕྲུག་ཚོ་རིམ་པས་སོ་སོའི་མིང་བོས་ཏེ་ཡིག་རྒྱུགས་གཏོང་སྐབས་གུང་གསེང་ཟེར་བའི་སློབ་ཕྲུག་དེའི་རིམ་པར་སླེབས་སྐབས། ཡ་་་་ད་གུང་གསེང་ཡིན་ད། ཞེས་ལབ་པར་སློབ་ཕྲུག་ཚོས་ད་རིང་གུང་གསེང་སྔ་པོ་བཏང་སོང་བསམས་ནས་དགའ་ཐག་ཆོད་དེ་ལམ་སང་ཕྱིར་བརྒྱུགས། རྒན་ལགས་དེས་གུང་གསེང་བཏང་བ་ཡིན་ཞེས་བརྗོད་མེད་ཅེས་ལབ་ཀྱང་སློབ་ཕྲུག་ཚོས་ཉན་ལོང་མེད་པར་ཕྱིར་ཐོན་ཟིན། ཉིན་རྗེས་མ་འཛིན་གྲྭ་ཚོགས་པ་དང་རྒན་ལགས་དེས། དེ་རིང་ངས་གུང་གསེང་གི་མིང་བརྗེ་པོ་བརྒྱབ་ནས་ཚེ་རིང་ཞེས་བཏགས་པ་ཡིན། བྱས་ཙང་དེ་རིང་ནས་བཟུང་ཚེ་རིང་ཞེས་ལབ་ན། གུང་གསེང་གི་མིང་ཡིན་པ་ཧ་གོ་བ་བྱེད་དགོས། ཞེས་གསུངས། དེ་ནས་སྔར་བཞིན་སློབ་ཕྲུག་ཚོའི་མིང་རིམ་པས་འབོད་ཀྱིན་ཡིག་རྒྱུགས་གཏོང་སྐབས་མིང་བརྗེ་པོ་བརྒྱབ་ཟིན་པའི་སློབ་ཕྲུག་དེའི་མིང་རིམ་པར་སླེབས་སྐབས། རྒན་ལགས་ཀྱིས། ད་ཚེ་རིང་ཡིན་ད། ཅེས་ལབ་པ་དང་སློབ་ཕྲུག་དེ་ཚོས་གུང་གསེང་གི་མིང་བརྗེ་པོ་བརྒྱབ་ཟིན་པ་གོ་སྟེ། དེ་རིང་ཡང་རྒན་ལགས་ཀྱིས་གུང་གསེང་སྔ་པོ་བཏང་སོང་བསམས་ཏེ། དགའ་ཐག་ཆོད་ནས་ལམ་སང་འཛིན་གྲྭ་གྲོལ་བ་རེད།

ལྷ་སར་སྤུན་མཆེད་ཐུག་པར་བསྐྱོད་པ།

བསྟན་འཛིན་བཟང་མོ།

    ཐེངས་གཅིག་ཨ་ཁུ་མགོན་པོ་ལྷ་སར་སྤུན་མཆེད་ཐུག་པར་བསྐྱོད། ཁོ་པ་ལྷ་སར་སླེབས་པ་ཙམ་ལས་སྤུན་མཆེད་ཀྱི་སྡོད་གནས་གང་དུ་ཡོད་མེད་ཤེས་ཀྱི་མེད་ལ་ཁ་བྱང་ཡང་མེད། ཨ་ཁུ་མགོན་པོས་ཁྲོམ་གཞུང་གང་སར་ཕྱིན་པ་མ་ཟད། མི་ཐུག་ཚད་ལ་བུ་པ་སངས་ལགས་བཞུགས་ས་གང་དུ་ཡིན་ནམ། ཞེས་དྲིས་རུང་སུས་ཀྱང་ཤེས་ཀྱི་མེད་པ་རེད། མཐར་ཨ་ཁུ་མགོན་པོ་འུ་ཐུག་ཐབས་ཟད་ཀྱི་རྣམ་པ་དང་བཅས། གྲོང་ཁྱེར་ནང་དུ་ཡོད་པའི་མི་རྣམས་སྤྱང་པོ་ཞེ་དྲག་ཡོད་རེད་ཟེར་བ་གོ་མྱོང༌། འོན་ཀྱང་ངས་བལྟས་ན་སྤྱང་རྒྱུ་གང་ཡང་མི་འདུག ཐ་ན་བུ་པ་སངས་སྡོད་ས་ཡང་ཤེས་ཀྱི་མི་འདུག ཅེས་བརྗོད་པ་ལམ་ཟུར་གྱི་མི་ཞིག་གིས་ཐོས་ནས། ཨ་ཁུ་ལགས། ཁྱེད་རང་ལ་སྤུན་མཆེད་ཀྱི་ཁ་བྱང་མེད་ན་གྲོང་ཁྱེར་ཆེན་པོ་འདི་ལྟ་བུར་བུ་པ་སངས་ཟེར་བ་མང་པོ་ཞེ་དྲག་ཡོད་པས། ཁྱེད་ཀྱི་སྤུན་མཆེད་བུ་པ་སངས་གང་དུ་ཡོད་སུས་ཤེས་ཐུབ། ཅེས་ལབ་པར་ཁོ་པས། ཨ་ལས་དེ་འདྲ་ཞིག་ཀྱང་མཁྱེན་གྱི་མེད་དམ། ཞེས་ལན་སློག་པས་ཁོ་པ་ངོ་ཚ་ཐག་ཆོད་དེ་ལུས་སོ། །

སྐྱེས་རབས་དཔག་བསམ་འཁྲི་ཤིང༌།

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    སྨན་ཧ་ཅང་དཀོན་པའི་ལུང་པ་གཅིག་ལ་མི་ཞིག་ཉིན་མང་པོའི་རིང་མཚན་མོ་ཆུ་ཚོད་དང་པོ་གཉིས་པའི་བར་གཉིད་མ་ཁུག་པར་དཀའ་ངལ་འཕྲད་ཀྱི་ཡོད་པ་མ་ཟད། སྨན་ཡང་ཟ་རྒྱུ་མ་རྙེད་སྟབས། རོགས་པ་མི་རྒན་ཞིག་གིས་དེབ་ཀློགས་དང་ག་ལེར་གཉིད་ཁུག་གི་རེད།  ཅེས་ལབ་པར་མི་དེས་སྐད་ཆ་དེ་ཉན་ཏེ་མཚན་མོ་ཉལ་རན་ཁར་སྐྱེས་རབས་དཔག་བསམ་འཁྲི་ཤིང་བལྟས་པ་རེད། དེབ་དེ་ཧ་ཅང་སྙན་པོ་བྱུང་སྟེ་རིམ་པས་སྐྱེས་ཕྲེང་ཁ་ཤས་ལྟ་སྐབས་ནམ་ལངས་ཟིན། རོགས་པ་མི་རྒན་དེས་མདང་དགོང་དེབ་ཀློག་པ་དེས་གཉིད་ཁུག་རྒྱུར་ཕན་ཐོགས་བྱུང་སོང་ངམ། ཞེས་དྲིས་པར་མི་དེས་ཕན་ཐོགས་རྒྱུ་ཕར་བཞག་གནོད་བསྐྱལ་བྱུང༌། དེབ་དེ་སྙན་ཐག་ཆོད་ནས་མཚན་གང་གཉིད་ཁུག་བཅུག་མ་བྱུང་ལབ། རྒད་པོ་དེའི་བསམ་པར་དེབ་དེ་སྙན་པོ་ཞིག་ཡོད་པ་འདྲ་བསམས་ཏེ། ཁོ་རང་གིས་ཡང་ཉལ་རན་ཁར་གཅིག་བལྟས་པས་སྙན་ཐག་ཆོད་དེ་མཚན་གང་དེབ་དེ་ཀློག་གིན་བསྡད་དོ། །

དེ་ལྟ་ལོ་མང་པོའི་སྔོན་ནས་ཡོད་མ་རེད།

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    རྒྱ་ནག་རི་བོ་རྩེ་ལྔར་གནས་སྐོར་འགྲོ་མཁན་བཟའ་ཟླ་གཉིས་མི་མང་རླངས་འཁོར་ནང་སོང་བས། རླངས་འཁོར་དེ་འབབ་རིལ་ཤོར་ཏེ་ཁྱོ་ག་དེ་དྲན་མེད་དུ་བརྒྱལ། སྐྱེ་དམན་དེར་ཉེན་ཚབས་གང་ཡང་མ་བྱུང་སྟབས་ཁྱོ་ག་སྨན་ཁང་དུ་འཁྱེར་ཏེ་ཛ་དྲག་སྡེ་ཚན་ནང་བསྐྱལ། མོ་རང་སེམས་འཚབ་ངང་ཛ་དྲག་སྡེ་ཚན་གྱི་སྒོ་འགྲམ་དེར་སྨན་པ་སྒུག་ནས་བསྡད། སྐར་མ་ཉི་ཤུ་ཙམ་གྱི་མཚམས་ལ་སྨན་པ་ཕྱིར་ཐོན་པ་དང་ལམ་སང་སྐད་ཆ་དྲིས་པར། སྨན་པས་སྲོག་ལ་ཉེན་ཁ་གང་ཡང་མི་འདུག ཡིན་ནའང་ཟེར་ནས་བཤད་རྒྱུ་ཚབས་ཆེན་ཞིག་ཡོད་ཀྱང་བཤད་མ་ཐུབ་པའི་བཟོ་འདྲ་བྱས་ཏེ་འཚེར་སྣང་གི་རྣམ་པ་ཞིག་བསྟན་པར། སྐྱེ་དམན་དེ་སེམས་ཁྲལ་ཆེན་པོའི་ངང༌། སྨན་པ་ལགས་ག་རེ་འདུག་ནའང་ང་ལ་གསུངས་རོགས་གནང་དང༌། ཞེས་ལབ་པར་སྨན་པ་དེས། མགོ་བོ་གོག་ཚར་འདུག ཅེས་ལབ་པར་སྐྱེ་དམན་དེས་སྐད་ཆ་དེ་གོ་མ་ཐག་སྐད་ཆེན་པོས་ངུས་ཏེ། མགོ་བོ་གོག་ཚར་ན་མི་གསོན་པོ་ཞིག་ག་པར་ཡོང་གི་རེད་དམ། ཞེས་ཟེར་གྱིན་སྐད་ཆེན་པོས་ངུས། སྨན་པས་ལམ་སང༌། མ་རེད་སྟེང་གི་མགོ་བོ་གོག་འདུག་ལབ་ཀྱི་མེད། འོག་གི་མགོ་བོ་ཁོ་གོག་འདུག་ཟེར་གྱི་ཡོད། ཅེས་ལབ་པར་སྐྱེ་དམན་དེ་ངུ་བཞིན་ཡོད་ནའང་ལམ་སང་དབང་མེད་གད་མོ་ཞིག་ཤོར་ཏེ། དེ་ལྟ་ལོ་མང་པོའི་སྔོན་ནས་ཡོད་མ་རེད། ཅེས་ལབ་ནས་འཛུམ་དམུལ་དམུལ་ངང་ཞུས་པར། སྨན་པ་དེ་ནི་ངོའང་ཚ་ལ་གད་མོ་ཡང་ཤོར་དགོས་པ་བྱུང་བ་རེད།

གད་མོ་བགད་པ་དེ་འཕྲོད་བསྟེན་རེད།

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    ཐེངས་གཅིག་འཛིན་གྲྭ་འཚོགས་བཞིན་པའི་སྐབས་ལ་དགེ་རྒན་ཞིག་གིས་རང་གི་སློབ་ཕྲུག་ཚོ་ལ། སློབ་ཕྲུག་ཚོ། གད་མོ་མང་པོ་བགད་རྒྱུ་དེ་འཕྲོད་བསྟེན་ཞིག་རེད་ད། ཞེས་གསུངས་སྟབས་ལམ་སང་སློབ་ཕྲུག་ཚང་མས་རྒན་ལགས་ཀྱིས་བཀའ་མོལ་ག་རེ་གསུངས་ནའང་གད་མོ་བགད། སྐུ་གཟུགས་འགུལ་བསྐྱོད་ཏོག་ཙམ་གནང་ནའང་གད་མོ་བགད། ཕྲུ་གུ་ཁ་ཤས་ལ་ཉེས་རྡུང་བཏང་ཡང་གད་མོ་བགད། གད་མོ་བགད་མི་དགོས་ལབ་ཀྱང་གད་མོ་བགད་པར་བརྟེན། རྒན་ལགས་འུ་ཐུག་ནས་འཛིན་གྲྭའི་ཕྱི་ལོགས་ལ་ཐོན་དགོས་བྱུང་བ་རེད།

ཆུ་ཚོད་གཉིས་ཉན་ཡང་ཅི་གང་གོ་རྒྱུ་མི་འདུག

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    སྤྱང་མདོག་དང་གྲུང་མདོག་ཁ་པོ་ཡོད་པའི་རྒྱལ་ཁབ་གཞན་གྱི་གསང་ཉུལ་བ་ཞིག་བོད་ཀྱི་ལུང་ཁུག་ཅིག་ནང་སླེབས་ཏེ། ཡར་མར་ལྟ་གིན་འགྲོ་བཞིན་པའི་སྐབས། མི་མདོག་ངན་གྱོན་གོས་སྐྱོ་པོ་ཞིག་ལས་གྱོན་རྒྱུ་མེད་པ་ཞིག་གྱང་ངོས་ལ་ཁ་ཕྱོགས་ནས་གཅིག་གོ་གི་ཡོད་པ་ལྟར་ཉན་གྱིན་བསྡད་ཡོད་པ་མཐོང་བས། གསང་ཉུལ་བ་དེས་ལམ་སང་དེར་སོང་ནས་ཉན་ཡང་གང་ཡང་མ་ཐོས་པར་བརྟེན་མི་མདོག་ངན་དེར། ཁྱེད་རང་ག་རེ་ཉན་གྱི་ཡོད་དམ། ཞེས་དྲིས་པར་མི་དེས་སྐད་ཆ་ཅི་ཡང་མ་བཤད་པར་མཛུབ་མོ་མཆུ་ཏོར་བཞག་ནས་ཁ་བཙུམ་ཟེར་བའི་བརྡ་སྤྲད་དེ་སྔར་བཞིན་ཉན་གྱིན་བསྡད། གསང་ཉུལ་བ་དེས་མི་འདིས་ཉན་སྟངས་ལ་བལྟས་ན་ཏན་ཏན་གསང་བའི་གནས་ཚུལ་གལ་ཆེན་ཞིག་གོ་གི་ཡོད་པ་ཐག་ཆོད་བསམས་ཏེ། གྱང་ངོས་ལ་རྣ་བ་གཏད་དེ་སྐར་མ་དྲུག་ཅུ་ཙམ་ཏག་ཏག་ཉན་ཡང་གོ་རྒྱུ་ཚོར་རྒྱུ་ཅི་ཡང་མ་བྱུང་སྟབས་ཤིན་ཏུ་ཁོང་ཁྲོ་ལངས་ནས། ངས་ཆུ་ཚོད་གཅིག་ཏག་ཏག་ཉན་ཡང་གོ་རྒྱུ་ཐོས་རྒྱུ་གང་ཡང་མི་འདུག ཅེས་སྐད་ཤུགས་ཆེན་པོའི་ངང་མི་མདོག་ངན་དེར་ལབ་པར། མི་མདོག་ངན་དེས་དེ་བས་སྐད་ཤུགས་ཆེན་པོས། ངས་ཆུ་ཚོད་གཉིས་ཏག་ཏག་ཉན་པ་ཡིན། ད་དུང་གང་ཡང་གོ་རྒྱུ་མི་འདུག ཅེས་ལབ་པས་གསང་ཉུལ་བ་དེ་ནི་ཁོང་ཁྲོ་དང་ངོ་ཚས་ཅི་ལབ་འདི་ལབ་མེད་པར་ལུས་སོ། །

སྔོན་པོ།

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    གྲོང་གསེབ་ཀྱི་མི་ཞིག་གྲོང་ཁྱེར་ནང་སླེབས་ཏེ་མགྲོན་ཁང་ཞིག་ལ་བསྡད། སྐབས་དེར་ཁོ་རང་གློག་བརྙན་ལྟ་འདོད་བྱུང་སྟེ། གཟུགས་བརྙན་འཁོར་ཐག་གླ་གཏོང་བྱེད་སའི་ཚོང་ཁང་ཞིག་ལ་ཕྱིན་ཏེ། ང་ལ་འཁོར་ཐག་ཁ་ཤས་ཤིག་གཡོར་དང་ལབ། ཚོང་པ་དེས་གཟུགས་མཐོང་འཁོར་ཐག་བཞི་གཡར་ཏེ། འདི་ནས་གསུམ་འཁྲུག་འཛིང་རྒྱག་རྒྱུའི་འཁོར་ཐག་རེད། གཅིག་སྔོན་པོ་རེད། ཅེས་མི་དེའི་ལག་ཏུ་སྤྲད། གྲོང་གསེབ་པ་དེས། འོ་ན་འཁོར་ཐག་སྔོན་པོ་འདི་ཅིག་སྟོན་ཙམ་གནང་རོགས་ལབ་པར། བདག་པོས་བརྙན་འཕྲིན་ནང་འཁོར་ཐག་སྔོན་པོ་དེ་བསྟན་པ་དང་སྦྲགས། བརྙན་འཕྲིན་ངོས་སུ་བུ་དང་བུ་མོ་སྐྲ་སེར་པོ་ཡིན་ལ་ཤ་མདོག་ཀྱང་སེར་པོ་དམར་རྗེན་མ་རྐྱང་རྐྱང་ཤར་སྟབས་གྲོང་གསེབ་པ་དེ་ཁོང་ཁྲོ་ལངས་ཏེ། འོ་ཛི་ཁོང་་་་ཁྱེད་ཀྱིས་ང་མགོ་བསྐོར་བཏང་ནས་ག་རེ་གནང་གི་ཡིན། ད་གིན་སྔོན་པོ་རེད་ལབ་མེད་དམ། ད་ལྟོས་དང་སེར་པོ་རྐྱང་རྐྱང་ཤར་ཡོང་གི་འདུག ཅེས་རྙོག་གྲ་བཤད་པར་ཚོང་བདག་དེ་ནི་རང་དབང་མེད་པར་གད་མོ་རྒྱུན་རིང་ཤོར་དགོས་གྱུར་ཏེ་བརྗོད་གསལ། གྲོང་གསེབ་པ་ནི་གྲོང་གསེབ་པ་རང་རེད། ཁག་ཁྱོན་ནས་མེད། ཅེས་ལབ་སྟེ་སྔོན་པོ་ཟེར་བའི་གསང་བའི་མིང་ཚིག་དེའི་གོ་དོན་རྣམས་གསལ་བཤད་བྱས་པས། གྲོང་གསེབ་པ་དེས་གཞི་ནས་སྔོན་པོ་ཞེས་པའི་གོ་དོན་ཤེས་རྟོགས་ཐུབ་པ་བྱུང་བས་ཁོ་རང་ཡང་ངོ་ཚ་ཞིང་གད་མོ་མ་ཤོར་རང་ཤོར་བྱུང་ངོ༌། །

ཁ་འདོན།

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    བླ་མ་ཞིག་གིས་རྒྱུན་དུ་ཞོགས་ལྟར་ཞལ་དང་སྤྱན་བཙུམས་ཏེ། ཙོག་ཙོག་གནང་ནས་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་བཞུགས་ཀྱི་ཡོད། ཉིན་གཅིག་ཕྲུ་གུ་ཞིག་གིས་བླ་མ་ཁོང་དེ་ལྟར་གནང་བ་མཐོང་བ་དང་སྦྲགས། བླ་མ་ལགས། ཁྱེད་རང་དེ་འདྲ་བཞུགས་ནས་ག་རེ་གནང་གི་ཡོད་དམ། ཅེས་དྲིས་པར་བླ་མ་དེས། ང་ཁ་འདོན་བྱེད་ཀྱི་ཡོད། ཅེས་གསུངས་པར། ཡང་ཕྲུ་གུ་དེས། ཨ་ལས་ཞལ་བཙུམས་ནས་བཞུགས་ན་གང་འདྲ་ཟེར་ཞལ་འདོན་གནང་གི་ཡོད་དམ། ཞེས་དྲིས་པར་བླ་མ་དེ་ཅི་ཟེར་འདི་ཟེར་མི་ཤེས་པར་ལུས་སོ། །

སྔོན་གླེང༌།

མཚར་གཏམ། སྡེ་ཚན་གསུམ་པ།

ཞང་ཁང་ལ་སོང༌།

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    བསམ་ཡས་བཤད་གྲྭའི་ནང་གྲྭ་ཚུལ་ཁྲིམས་ཟེར་བ་ཞིག་ཡོད་པ་ཁོང་དགོན་པའི་ལས་དོན་ཞིག་གི་ཆེད་ཧོང་ཀོང་(རྒྱ་སྐད་ལ་ཞང་ཁང་ཟེར་)ལ་ཕེབས་དགོས་བྱུང་བ་རེད། ཁོང་དེར་ཕེབས་རྗེས་ཀྱི་ཉིན་ཤས་རྗེས་ཁོང་གི་སྲིང་མོ་ཁམས་ནས་བསམ་ཡས་སུ་ཁོང་ཐུག་འཕྲད་དུ་འབྱོར། ཤག་རོགས་གྲྭ་པ་དེས། ཚུལ་ཁྲིམས་ཉིན་ཤས་སྔོན་ཞང་ཁང་ལ་ཕྱིན་སོང༌། ཁྱེད་རང་ལྷོད་ལྷོད་སྡོད། ཅེས་ལབ་པར་སྲིང་མོ་དེས། ད་ནི་དཔེ་བསགས་ཚར་འདུག གྲྭ་པ་ལོག་པ་མ་ཟད་ད་དུང་གཞང་ཁང་ལའང་འགྲོ་ཕོད་པ་དེ་འདྲ་དཔེ་སྲིད་དོགས་མེད་བསམས་ཏེ་ངུ་ཤོར་བ་རེད། ཤག་རོགས་གྲྭ་པ་དེས། བུ་མོ་ཁྱེད་རང་དེ་འདྲ་ངུ་དགོས་དོན་ག་རེ་འདུག ཚུལ་ཁྲིམས་མགྱོགས་པོ་གྲྭ་སར་ལོག་ཡོང་གི་རེད། ཅེས་ལབ་པར་བུ་མོ་དེས། འོ་ཛི་སྐུ་ཞབས་ལགས། གཞང་ཁང་ལ་སོང་ནས་གྲྭ་པ་ལོག་ཚར་ནའང་ད་དུང་ཚུར་ལོག་རྒྱུ་ཞིག་ཨེ་ཡོད། ཅེས་ལབ་བོ། །

སྒོ།

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    བོད་མི་ཚོང་ཁྲོམ་བཤམས་ནས་སྡོད་མཁན་ཞིག་གི་སར་དབྱིན་ཇིའི་མི་ཞིག་སླེབས་ཏེ། ཚོང་པ་ལགས། བོད་སྐད་ཐོག་ནས་ཅ་ལག་འདི་ཚོ་རེ་རེའི་མིང་གང་ཡིན་གསུངས་རོགས་གནང་དང༌། ང་ཅ་ལག་ཉོ་དགོས་ཡོད་ལ་ཞོར་ལ་བོད་སྐད་ཀྱང་སྦྱང་དགོས་ཡོད། ཅེས་ལབ་པར་བོད་མི་ཚོང་པ་དེས་དགའ་པོའི་ངང་ནས། འདི་ལ་གཟི་ཟེར། ཕ་གི་འཁོར་ལོ་རེད། འདི་སྒམ་རེད། འདི་ཕོར་པ་རེད། འདི་བྱི་རུ་རེད། ཅེས་རེ་རེ་བཞིན་ངོ་སྤྲོད་བྱས་ཀྱང་དབྱིན་ཇི་དེས་གཅིག་ཀྱང་མ་ཉོས་པར་ད་དུང་སྐད་ཆ་མང་པོ་དྲིས། གང་ཙམ་ནས་ཚོང་པ་དེའང་ཉོབ་སྐབས་དབྱིན་ཇི་དེས་སྒོ་ཞིག་ལ་མཛུབ་མོ་བཙུགས་ཏེ། ཕ་གིའི་མིང་ལ་ག་རེ་ཟེར་བ་རེད་དམ། ཞེས་དྲིས་པར་ཚོང་པ་དེས་སྐད་ཤུགས་ཆེན་པོས། སྒོ།  སྒོ། ཟེར་ནས་ཡང་བསྐྱར་ཡང་བསྐྱར་ཐེངས་གཉིས་ལབ་པར་བརྟེན། དབྱིན་ཇི་དེའི་སེམས་ནང༌། ངས་ཅ་ལག་གཅིག་ཀྱང་མ་ཉོས་ཙང་ཚོང་པ་ཁོ་ཁོང་ཁྲོ་ལངས་ཏེ་རྒྱུགས། རྒྱུགས། go go ཞེས་ལབ་པ་རེད་བསམས་ཏེ། དེར་མ་བསྡད་པར་མགྱོགས་པོ་ཕྱིན་པ་རེད།

མི་གསུམ་བར་དོར་ཐུག་པ།

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    ཉི་ཧོང་ནས་ཡིན་པའི་མི་ཞིག་དང་། བོད་ནས་ཡིན་པའི་མི་ཞིག ཨ་རི་ནས་ཡིན་པའི་མི་གཅིག་བཅས་མི་གསུམ་བར་དོར་ཐུག་པ་རེད། ཁོང་གསུམ་གྱི་ཕན་ཚུན་བར་དོར་ཡོང་དགོས་དོན་གང་ཡིན་སྐོར་སྐད་ཆ་དྲིས་པར། དང་པོ་ཉི་ཧོང་པ་དེས་བརྗོད་གསལ། ང་ནི་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ། ཨ་མེ་རི་ཀའི་དམག་མི་ཚོས་ང་ཚོའི་ལུང་པར་རྡུལ་ཕྲན་མཚོན་ཆ་གཡུགས་ཏེེ། མི་དང་སྲོག་ཆགས་སྡོད་གནས་མེད་པ་བཟོས་ཙང་ང་འདིར་གནས་སྤོས་པ་ཡིན་ཞེས་བཤད། དེའི་རྗེས་བོད་ནས་ཡོང་མཁན་དེས། ཕྱི་ལོ་ ༡༩༥༩ ལོར་བོད་དུ་རྒྱ་མིས་བཙན་འཛུལ་བྱེད་སྐབས། རྒྱ་དམག་སྟོང་ཕྲག་མང་པོས་སྐོར་བ་བརྒྱབ་ནས་འཛམ་གླིང་ནང་ལ་འགྲོ་སའི་ལམ་བཀག་སོང་བར་བརྟེན་ང་འདིར་མ་ཡོང་རང་ཡོང་བཟོས་སོང༌། ཞེས་བཤད། དེ་ནས་ཨ་རི་ནས་ཡོང་མཁན་མི་དེས། ང་དང་པོ་ཨ་རིར་འགྲོ་དུས་ལོ་སུམ་ཅུ་བསྡད་ཆོག་པའི་ཝི་ས་རག་སོང༌། དེ་ནས་ངས་ཨ་རིར་འཛམ་གླིང་ཚོང་འབྲེལ་བསྟི་གནས་ཁང་ནང་ལས་ཀ་བྱས་ནས་སྡོད་སྐབས། ༢༠༠༡ ཟླ་ ༩ ཚེས་ ༡༡ ཉིན་ཏག་ཏག་ཨ་རིར་སྡོད་རྒྱུའི་ཝི་ས་རྫོགས་སོང༌། བྱས་ཙང་ང་འདིར་ཝི་ས་ཞུ་བར་སླེབས་པ་ཡིན། ཝི་ས་རག་རྗེས་ཨ་རིར་སླར་ཡང་འགྲོ་རྒྱུ་ཡིན་ཞེས་བཤད་དོ། །

ཤེས་རབ་སྙིང་པོ།

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    བལ་ཡུལ་ནང་ཡོད་པའི་མི་ཚང་ཞིག་གིས་གྲྭ་བ་ཁ་ཤས་རང་གི་ནང་དུ་ཞབས་བརྟན་ལ་གདན་འདྲེན་ཞུས། དེའི་རྗེས་སྐུ་ཞབས་ཚོས་ཤེས་རབ་སྙིང་པོ་འདོན་བཞིན་པའི་སྐབས་སྦྱིན་བདག་དེས། མིག་མེད། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། ཅེས་པ་རྣམས་ཐོས་པ་དང་སྦྲགས་ནང་མི་རྣམས་སྐད་བཏང་སྟེ། དེ་རིང་སྐུ་ཞབས་ཚོས་ཞལ་འདོན་ཁྱད་མཚར་ཞིག་འདོན་གནང་གི་འདུག ཅེས་ཚང་མས་ཡག་པོ་ཉན་སྐབས། དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད་དོ། །ཞེས་འདོན་པ་ཐོས་པས་བུ་ཆེ་བ་དེས། པཱ་ལགས་ཞབས་བརྟན་འདི་འདྲ་འདོན་མ་གནང་རོགས་ཞུས་དང༌། ང་ཚོའི་ནང་ལ་གང་ཡང་མེད་པ་ཆགས་པ་འདུག བུ་མོས་སྐུ་ཞབས་ཚོས་ཞལ་འདོན་རྫུན་མ་འདོན་གྱི་འདུག་ཅེས་ལབ། མ་རྒན་ཆོས་དད་ཆེན་པོ་ཡོད་པ་དེས། ཁྱེད་ཚོས་ཧ་གོ་ཡི་མ་རེད། ཉན་མི་དགོས། ཞེས་དེར་སྡོད་མ་བཅུག དེ་ནས་སྤོ་བོ་དང་རྨོ་མོ་གཉིས་ཀྱིས་ལེགས་པར་ཉན་སྐབས། དེ་བཞིན་དུ་སྡུག་བསྔལ་བ་དང་ཀུན་འབྱུང་བ་དང༌། འགོག་པ་དང་ལམ་མེད། ཅེས་འདོན་བཞིན་པ་ཐོས་པས་རྨོ་མོ་དེ་ཧང་སངས་ཏེ། སྐྱབས་སུ་མཆི། མིག་དང་རྣ་བ་ཚང་མ་མེད་ནའང་ད་དུང་སྡུག་བསྔལ་མེད་པ་དེ་ནི་སངས་རྒྱས་ལོས་ཡིན། ང་ཚོ་ནི་རྐང་ལག་གང་རུང་གཅིག་མེད་ནའང་སྡུག་བསྔལ་ག་ཚོད་ཡོང་གི་མ་རེད་དམ། ཞེས་གཅིག་གིས་གཅིག་ལ་བཤད་པའི་སྐད་ཆ་དེ་དག་སྐུ་ཞབས་ཚོས་ཐོས་ཏེ། འཇིག་རྟེན་རྨོངས་པ་ཟེར་རྒྱུ་དེ་འདི་འདྲ་ཞིག་རེད་ཨང་སྙམ་སྟེ་ཤ་ཚ་ཞིང་གད་མོའང་ཤོར་དགོས་བཟོས།

ཁྲིད་གས།

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    རྒྱ་གར་བ་ཡུལ་སྐོར་སྤྲོ་འཆམ་པ་བུ་མོ་མཛེས་མ་ཞིག་བོད་པའི་ཚོང་ཁང་ཞིག་ལ་ཡོང་ནས་ཅ་ལག་ཁ་ཤས་ཉོས། འགྲོ་རན་ཁར་ཚོང་དཔོན་ཕོ་གསར་དེར་ཅ་ལག་སྟེང་བྲིས་ཡོད་པའི་རིན་པ་རྣམས་ཆད་ལུས་མེད་པར་སྤྲད་དེ། ཋཱིཀ་ ཧཻ་ ཞེས་ལབ་སྟེ་འཛུམ་ཙམ་བྱས། ཚོང་དཔོན་དེས་རྒྱ་གར་སྐད་ཚིག་གཅིག་ཀྱང་ཤེས་ཀྱི་མེད་པས། བུ་མོ་མཛེས་མ་དེས་བོད་སྐད་རྒྱག་ཤེས་ཀྱི་འདུག་པ་མ་ཟད། ད་དུང་ཁྲིད་གས་ཞེས་མོ་རང་ཁྲིད་ཀྱི་ཡིན་པས། ཞེས་ཤོད་ཀྱིན་འདུག་བསམས་ཏེ་དགའ་ཐག་ཆོད་དེ། འོ་ཛི་འཁྲིད་དང་འཁྲིད། བུ་མོ་མཛེས་མ་ཁྱེད་རང་འདྲ་བ་མ་འཁྲིད་ན་གཞན་སུ་འཁྲིད། ཅེས་བུ་མོ་དེའི་ལག་པ་ནས་འཇུས་ཏེ་ནང་ལ་འཁྲིད་རྩིས་བྱེད་སྐབས། བུ་མོ་དེ་ནི་ཁོང་ཁྲོ་ཆེན་པོ་ལངས་ནས་མོ་རང་གིས་རྐང་པར་གྱོན་པའི་ལྷམ་ཡ་གཅིག་མར་ཕུད་དེ། ཚོང་པ་དེར་གཞུ་རྩིས་བྱས་པས་ཚོང་དཔོན་དེ་བྲོས་འགྲོ་དགོས་བྱུང་བ་རེད། ཚོང་དཔོན་ཁོ་སྐད་ངན་ཤོར་གྱིན། ཧིན་རྒྱ་གར་བུ་མོ་དེ་ཧམ་པ་ཚ་བ་ལ། དང་པོ་ང་ཁྲིད་གས། ཞེས་ལབ་མཁན་མོ་རང་རེད། ཨ་ནི་ངས་འཁྲིད་རྩིས་བྱེད་སྐབས་ཡང་མོ་རང་ཁོང་ཁྲོ་ལང་དགོས་དོན་གང་ཡིན་ནམ། ཞེས་འུ་ཐུག་ངང་ལུས་སོ། །

ར་ཡིག

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    སློབ་གྲྭ་ཞིག་གི་ནང་ལ་གསར་དུ་ཞུགས་མཁན་སློབ་ཕྲུག་མང་པོ་སླེབས་ཡོད་པ་ཚོར་འཛིན་གྲྭ་གང་དུ་གཏོང་ཚོད་ལྟའི་ཡིག་རྒྱུགས་གཏོང་གི་ཡོད་པས། ཐེངས་དེར་ཡང་ཕྲུ་གུ་རེ་རེ་བཞིན་ཡིག་རྒྱུགས་གཏོང་སྐབས་ནག་པང་ངོས་ལ་བོད་ཡིག་འབྲི་རུ་འཇུག་གི་ཡོད། དེའི་རྗེས་ཚེ་རིང་གི་རིམ་པར་སླེབས་ཏེ་རྒན་ལགས་ཀྱིས། ཚེ་རིང༌། ཁྱེད་རང་གིས་ནག་པང་སྟེང་དུ་ར་ཡིག་གཅིག་བྲིས་ལབ་པ་རེད། ཚེ་རིང་ནི་ཡི་གེ་ན་གཅིག་ཀྱང་མི་ཤེས་མཁན་ཞིག་ཡིན་སྟབས། ཁོ་པས་ནག་པང་སྟེང་དུ་རྭ་ཅོ་དང༌། རྔ་མ། དེ་བཞིན་རྐང་ལག་ཆ་ཚང་ལྡན་པའི་ར་ཞིག་བྲིས་པས། འཛིན་གྲྭ་དེའི་ནང་ཡོད་པའི་སློབ་ཕྲུག་ཚང་མ་གད་མོ་ཧ་ཅང་ཤུགས་ཆེན་ཞིག་ཤོར་བ་རེད། དགེ་རྒན་དེས། འོ་ཛི་འདི་འདྲ་མ་རེད། ཅེས་རང་ཉིད་ཀྱིས་ནག་པང་དུ་ར་ཡིག་གཅིག་བྲིས་ཏེ། ར་ཡིག་ཟེར་ན་འདི་ལ་ཟེར་བ་རེད། ཅེས་ཚེ་རིང་ལ་གསལ་བཤད་གནང་བར་ཚེ་རིང་གིས་དེར་ཧང་སངས་སངས་ངང་ནས་བལྟས་ཏེ། ཁྱད་མཚར་ལ། རྒྱ་གར་ལུང་པའི་ར་ལ་རྐང་ལག་དང་རྭ་ཅོ་རྔ་མ་གང་ཡང་མི་འདུག ཅེས་ལབ་ནས་ནག་པང་ལྡེབས་སུ་མིག་ཧུར་རེར་ཅེར་ནས་བསྡད་སྐབས། འཛིན་གྲོགས་གཞན་རྣམས་སྔར་ལས་ཀྱང་ལྷག་པའི་གད་མོ་ཤུགས་ཆེ་ཤོར་དགོས་བཟོས་སོ། །

མི་སྣ་རིང་པོ།

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    དོན་ཡོད་ཟེར་བའི་མི་སྣ་ཁུག་རིང་པོ་ཞིག་ཡོད་པ་དེས་རང་གི་བུ་ལ་བརྗོད་དོན། བུ། མི་སྣ་རིང་པོ་དེ་ཚོ་ལས་སླ་པོར་ཁོང་ཁྲོ་ལང་གི་མ་རེད། ཅེས་བཤད་པ་རེད། དེ་ནས་ཉིན་ཤས་སོང་རྗེས་བུ་དེ་སློབ་སྦྱོང་མ་བྱས་པར་འཚུབ་ཐེར་ཁོ་ན་བྱས་པར་སོང༌། པ་ཕ་དེ་ཁོང་ཁྲོ་ཆེན་པོ་ལངས་ཏེ་ཉེས་རྡུང་གཏོང་དགོས་བྱུང་བ་རེད། སྐབས་དེར་བུ་དེ་ངུ་ཡིན་ངུ་ཡིན་ལ། པཱ་ལགས་ཀྱིས་ང་ལ་སྐད་ཆ་རྫུན་མ་གསུངས་འདུག མི་སྣ་ཁུག་རིང་པོ་དེ་ཚོ་ལས་སླ་པོར་ཁོང་ཁྲོ་ལང་གི་མ་རེད་གསུངས་པ་མ་ཡིན་ནམ། འོ་ན་པཱ་ལགས་ཁྱེད་རང་ལ་སྣ་ཁུག་རིང་པོ་འདུག་ག ག་རེ་བྱས་ནས་ལས་སླ་པོར་ཁོང་ཁྲོ་ལངས་སོང་ངམ། ཞེས་ཞུས་པར་པ་ཕས་སྐད་ཆ་དེ་གོ་བ་དང་གད་མོ་ཤོར་ཏེ། ཡིན་རྒྱུ་དེ་འདྲ་རེད། ཡིན་ནའང་ཁྱེད་རང་གིས་འཚུབ་ཐེར་མང་པོ་བྱས་ཙང༌། པ་ཕའི་སྣ་ཁུག་ཡང་ཐུང་དུ་སོང་འདུག ཅེས་མཚར་གཏམ་བཤད་པས་ཕ་བུ་གཉིས་གད་མོ་ཤོར་དགོས་ཆགས།

མིག་ལ་བརྟག་དཔྱད་བྱེད་དུ་བསྐྱོད་པ།

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

མི་གཅིག་སྨན་ཁང་ནང་མིག་བརྟག་དཔྱད་བྱེད་དུ་སོང་བ་ན། སྨན་པས་ག་རེ་གནང་སོང་ངམ་ཞེས་བརྗོད་པར་ཁོ་པས། ངའི་མིག་གིས་ཡག་པོ་ཁྱོན་ནས་མཐོང་ཐུབ་ཀྱི་མི་འདུག ག་རེ་བྱས་ན་དྲག་གི་རེད་དམ་ཨེམ་ཆི་ལགས། ཞེས་ཞུས་པར་ཨེམ་ཆི་དེས། དེ་ལས་སླ་པོ་རེད། མིག་ཤེལ་ཞིག་བསྒྲིགས་ནས་གྱོན་ན་ཡག་པོ་གཟིགས་ཐུབ་ཀྱི་རེད། ཅེས་གསུངས་པར་མི་དེ་ཧ་ཅང་དགའ་ནས། ད་ཡིན་ན་དཔེ་མི་སྲིད་པའི་ཡག་པོ་བྱུང་སོང༌། དེ་མིན་ང་ལ་ག་དུས་ཡིན་ནའང་རྨི་ལམ་ནང་ལ་གདོན་འདྲེ་འདྲ་པོ་དེ་འདྲ་དང་། སེམས་ཅན་ཞེད་སྣང་ཚ་པོ་རྐྱང་རྐྱང་མ་གཏོགས་ཡག་པོ་གཅིག་ཀྱང་མཐོང་རྒྱུ་མི་འདུག བྱས་ཙང་དེ་རིང་ནས་བཟུང་མིག་ཤེལ་བསྒྲིགས་ཚར་རྗེས་མཚན་ལའང་མིག་ཤེལ་མ་ཕུད་པར་གྱོན་གྱི་ཡིན། ཞེས་ཞུས་པར་སྨན་པ་ཁོ་པར་ཁོང་ཁྲོ་ལངས་ཏེ། ཁྱོད་རང་ཆོ་མེད་པའི་སྐད་ཆ་མ་ཤོད་དང༌། ང་ཚོས་གཉིད་ཁུག་དུས་གྱོན་རྒྱུའི་མིག་ཤེལ་དེ་འདྲ་བཟོ་ཤེས་ཀྱི་མེད། ཅེས་གཤེ་གཤེ་བཏང་བར་མི་དེས། ད་ཡིན་ན་སྨན་པས་ཀྱང་ཡག་པོ་མཐོང་རྒྱུ་བཟོ་ཐུབ་ཀྱི་མི་འདུག་ལབ་ནས་ཕྱི་རུ་ཐོན་སོང་བ་རེད།

བྱ་དེ་ཁག་ཅིག་ལ་དང་པོ་ནས་རྐང་པ་གཅིག་ལས་མེད།

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    མི་ཞིག་གིས་བྲེལ་འཚུབ་ངང་ནས་ཁྲོམ་ནས་བྱ་ཤ་གཅིག་ཉོས་ཏེ་ནང་ལ་ལོག་སོང་བ་རེད། ནང་དུ་སླེབས་རྗེས་འགྱིག་ཤོག་ནང་ནས་ཕྱིར་བཏོན་ཏེ་ལྟ་སྐབས། བྱ་ཤ་དེ་ལ་རྐང་པ་གཅིག་མ་གཏོགས་མེད་སྟབས། ཁོ་པས་ལམ་སང་བྱ་ཤ་ཕྱིར་སློག་བྱེད་པར་སོང་སྟེ་ཚོང་པ་དེར། བྱ་ཤ་འདི་ལ་རྐང་པ་གཅིག་མ་གཏོགས་མི་འདུག གང་ཡིན་ནམ། ཞེས་རྙོག་གྲ་བཤད་པར། ཚོང་པ་དེས་དེ་བས་ཧམ་པ་ཆེ་ཙམ་ངང་ནས། འོ་ཛི་ཁོང༌། བྱ་དེ་ཁག་ཅིག་ལ་དང་པོ་ནས་རྐང་པ་གཅིག་ལས་མེད། གལ་ཏེ་ཁྱེད་རང་ཡིད་མ་ཆེས་ན་བྱ་གསོ་ཁང་ལ་བལྟ་བར་སོང༌། བྱ་གསོ་ཁང་ནང་སླེབས་རྗེས་ཡག་པོ་ལྟ་སྐབས། བྱ་དེ་ཁག་ཅིག་རྐང་པ་ཡ་གཅིག་བསྐུམས་ནས་སྡོད་ཀྱི་ཡོད་སྟབས། ཁོ་པའི་སེམས་ནང༌། དངོས་གནས་ཚོང་པ་དེས་བཤད་པ་ལྟར་བྱ་དེ་ཁག་ཅིག་ལ་རྐང་པ་ཡ་གཅིག་ལས་མི་འདུག་སྙམ་སྟེ་ལོག་འགྲོ་དགོས་བྱུང་ངོ༌། །

ང་ཚོ་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ལ་འགྲོ་འདོད་འདུག

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    ཨ་རིའི་ཚན་རིག་སྡེ་ཚན་གྱི་ཚོགས་མི་འགའ་ཤས་ཤིག་བོད་ཀྱི་འབྲོག་པའི་ས་ཁུལ་དུ་དེང་རབས་ཀྱི་འཕྲུལ་ཆས་ཀམ་པུ་ཊར་གྱི་སྐོར་གོ་རྟོགས་སྤེལ་བར་བསྐྱོད་པ་རེད། ཚན་རིག་པ་ཁོང་རྣམས་བོད་ཀྱི་འབྲོག་པའི་ས་ཁུལ་དུ་འབྱོར་རྗེས་དེང་རབས་ཀྱི་འཕྲུལ་ཆས་ཀམ་པུ་ཊར་ཞེས་པ་དེའི་དགེ་མཚན་སྐོར་ལ་འགྲེལ་བཤད་བརྒྱབ་སྟེ། ཀམ་པུ་ཊར་ནི་བེད་སྤྱོད་ཆེ་ལ་ཤོང་ཚད་དེ་བས་ཆེ་བའི་འཕྲུལ་ཆས་ཤིག་ཡིན། དཔེར་ན་ཀམ་པུཊར་ཞིག་གི་ནང་འཛམ་བུ་གླིང་བླུགས་ནའང་ཤོང་གི་རེད། ཅེས་སོགས་ཀྱི་འགྲེལ་བརྗོད་བྱས་པར། བོད་ཀྱི་འབྲོག་པ་རྣམས་ཡ་མཚན་ཆེན་པོ་སྐྱེས། དེའི་རྗེས་ཁོང་ཚོ་ལོག་འགྲོ་ཁར་འབྲོག་པ་ཚོས། ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། རྗེས་སུ་ཁྱེད་རྣམས་འདི་ཕྱོགས་ཕེབས་སྐབས་ཨ་རིའི་གྲོང་ཁྱེར་”ནིའུ་ཡོཀ་”ཟེར་བ་དེ་ཀམ་པུ༌ཊར་ནང་ལ་བླུགས་ནས་འཁྱེར་ཡོང་རོགས་གནང་། ང་ཚོ་ཨ་རིའི་གྲོང་ཁྱེར་དེར་འཆམ་འཆམ་ཞིག་ལ་འགྲོ་འདོད་འདུག ཅེས་ལབ་པར་ཨ་རིའི་ཚན་རིག་སྡེ་ཚན་གྱི་ཚོགས་མི་དེ་ཚོས་ཁོང་རང་ཚོས་འགྲེལ་བཤད་ག་ཚོད་བྱས་ཀྱང་གོ་བརྡ་སྤྲོད་སྟངས་ནོར་བ་ཧ་གོ་སྟེ་ངོ་ཚ་པོ་བྱུང་བ་རེད།

ལས་སླ་པོ་རེད།

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཞིག་གནའ་རྫས་རྩ་ཆེན་རིགས་ལ་ལྟ་བར་འགྲོ་སྐབས། ཁོང་ཚོ་འགྲེམས་སྟོན་ཁང་ཞིག་གི་ནང་འབྱོར། འགྲེམས་སྟོན་ཁང་དེའི་ནང་དངོས་པོ་ཧ་ཅང་ཡ་མཚན་ཅན་ཞིག་མཐོང་བ་རེད། སྐབས་དེར་ལྟ་སྐོར་བ་ཞིག་གིས་འགྲེམས་སྟོན་ལས་བྱེད་ཅིག་ལ། ཁོང་། དངོས་པོ་ཡ་མཚན་ཅན་འདིའི་མིང་ལ་གང་ཟེར་རམ། ཞེས་དྲིས་པར་མི་དེས། འདི་ཡི་མིང་ལས་སླ་པོ་རེད། ཅེས་ལབ་པར་ཡང་ལྟ་སྐོར་བ་དེས། ལས་སླ་པོ་ཡིན་ན་གསུངས་དང་། ཞེས་ལབ་པར་མི་དེས་སླར་ཡང་། ལས་སླ་པོ་རེད། ཅེས་ལབ། ཡང་ལྟ་སྐོར་བ་དེས། ལས་སླ་པོ་ཡིན་ན་མི་གསུང་བ་གང་ཡིན་ནམ་ཞེས་དྲིས། འགྲེམས་སྟོན་ལས་མི་དེ་འུ་ཐུག་སྟེ། ངས་ཐེངས་ག་ཚོད་ལབ་མ་བྱུང་ངམ། ད་དུང་ཡང་མིང་ལས་སླ་པོ་དེ་ཤེས་ཀྱི་མི་འདུག་གམ། ཞེས་གཤེ་གཤེ་བཏང་། སྤྲོ་འཆམ་པ་དེ་ཚོས་ཁྱེད་རང་གིས་མིང་མ་ལབ་པར་ང་ཚོས་ག་འདྲ་ཟེ་ཧ་གོ་གི་རེད་དམ་ལབ་པར་ལས་མི་དེས། འོ་ཛི་ངས་ཐེངས་ག་ཚོད་ལབ་ཀྱང་གོ་གི་མི་འདུག ད་ཡག་པོ་ཉོན་ཨ། དངོས་པོ་འདིའི་མིང་ལ། ལས་སླ་པོ་ཟེར་གྱི་ཡོད། ཅེས་གསལ་བཤད་བྱས་པས་མཐར་སྤྲོ་འཆམ་པ་ཚོས་གཞི་ནས་དངོས་པོ་ཡ་མཚན་ཅན་དེའི་མིང་ག་གོ་ཐུབ་པ་བྱུང་སྟེ། ལས་སླ་པོ་ཟེར་བའི་མིང་འདི་ནི་དངོས་གནས་ལས་སླ་པོ་ཞིག་རེད་མི་འདུག དེ་ལས་འདིའི་མིང་ལ་དཀའ་ལས་ཁག་ལབ་ན་ཡག་ཤོས་རེད། ཅེས་ལབ་པས་མི་ཚང་མ་གད་མོ་ཤོར་དགོས་པ་བྱུང་ངོ་། །

རྫུན་བཤད་ཆོག་པའི་ཉི་མོ།

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    ཕྱི་ཟླ་བཞི་པའི་ཟླ་འགོ་ཤར་བའི་ཉི་མོ་དགོན་པ་ཞིག་གི་ནང་ལ་གྲྭ་པ་ཚོས་གཅིག་གིས་གཅིག་ལ་རྫུན་བཤད་རེས་བྱས་ཏེ་རྙོག་གྲ་ཆེན་པོ་ཆགས། དགོན་པའི་མཁན་པོས། དེ་ལྟར་རྙོག་གྲ་ཆགས་ཡོད་པ་མཁྱེན་ཏེ་གྲྭ་པ་དེ་ཚོ་སྐད་བཏང་ནས་གཅིག་གིས་གཅིག་ལ་རྫུན་བཤད་དགོས་དོན་གང་ཡིན་ནམ། ཞེས་བཀའ་འདྲི་གནང་བར། གྲྭ་པ་ཞིག་གིས་མཁན་པོར་ཞུས་དོན། ང་ཚོས་རྫུན་བཤད་དགོས་དོན་ནི་དེ་རིང་གི་ཉི་མོ་འདི་ནི་རྒྱལ་སྤྱིའི་ནང་རྫུན་བཤད་ཆོག་པའི་ཉི་མོའི་དུས་ཆེན་ཡིན་པའི་རྒྱུ་མཚན་གྱིས་ཡིན་ཞེས་ཞུས། སྐབས་དེར་མཁན་རིན་པོ་ཆེས་སླར་ཡང་། ཨ་ལས་ཁྱེད་ཚོས་རྫུན་བཤད་ཆོག་པའི་ཉི་མོ་ཡིན་པའི་རྒྱུ་མཚན་གྱིས་རྫུན་ཤོད་ཀྱི་ཡོད་དམ། ཞེས་བཀའ་འདྲི་གནང་བར་གྲྭ་པ་ཚོས། ལགས་དེ་རང་ཡིན། ཞེས་ཞུས་པར་མཁན་རིན་པོ་ཆེ་མཆོག་གིས། འོ་ན་རྒྱ་གར་གྱི་ཆང་ས་རྒྱག་པའི་དུས་ཆེན་ཡིན་པའི་རྒྱུ་མཚན་གྱིས་ཁྱེད་ཚོ་ཡང་ཆང་ས་རྒྱག་རྒྱུ་ཡིན་ནམ། ཞེས་གསུངས་པར་གྲྭ་པ་དེ་ཚོ་ཁ་ཁུ་སིམ་མེར་སྡོད་དགོས་བྱུང་། སླར་ཡང་མཁན་པོས། རབ་ཏུ་བྱུང་བ་རྣམས་ཀྱིས་རྫུན་ནམ་ཡང་བཤད་མི་རུང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་མི་དགེ་བ་བྱེད་པའི་དུས་ཆེན་ཞིག་ནམ་ཡང་གནང་མེད། ཅེས་བཀའ་བཀྱོན་གནང་སྟེ་དགོན་པ་དེར་རྫུན་གཏམ་ནམ་ཡང་བཤད་མི་ཆོག་པའི་སྒྲིག་ཁྲིམས་གསར་པ་ཞིག་བཟོས་སོ། །

ཆང་ཁང༌།

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    ཐེ་ཝན་གྱི་རྒྱལ་ས་ཐེའེ་པེ་ལ་དགོན་པ་ཞིག་ཡོད་ཅིང་། ཉིན་གཅིག་དགོན་པའི་དབུ་འཛིན་གྱིས་གྲྭ་ཆུང་ཞིག་ལ། ཁྱེད་ཚོའི་རྒན་ལགས་སྐད་གཏོང་བར་འགྲོ་དགོས་ལབ། གྲྭ་ཆུང་དེས་ཆུ་ཚོད་གཅིག་ཙམ་བཙལ་ཡང་མ་རྙེད་པས་མི་རྒྱུས་ཡོད་ཞིག་ལ་རྒན་ལགས་ག་པར་ཕེབས་དྲིས་པར། མི་དེས་ཆང་རག་བཏུང་སའི་ས་ཆ་ཞིག་ལ་ཕྱིན་སོང་ལབ། གྲྭ་ཆུང་དེས་དེར་སོང་ནས་ཡར་མར་བལྟས་པས་རྒན་ལགས་ར་བཟི་སྟེ་མི་གཞན་དང་འཁྲུག་པ་རྒྱག་བཞིན་ཡོད་པ་མཐོང༌། དེ་མ་ཐག་དེར་སོང་སྟེ་རྒན་ལགས་དགོན་པའི་ནང་ཁྲིད། སང་ཉིན་དེར་རྒན་ལགས་ར་བཟི་དྭངས་ཏེ་སློབ་ཕྲུག་ཚོར་ཡིག་རྒྱུགས་གཏོང་པར་ཕེབས། དེ་ཉིན་ཁ་ཉིན་རྒན་ལགས་ཁོང་རང་སྐད་གཏོང་བར་འགྲོ་མཁན་གྱི་གྲྭ་ཆུང་དེ་ཡིག་རྒྱུགས་མ་འཕྲོད་པར་བརྟེན་རྒན་ལགས་ཀྱིས་གྲྭ་ཆུང་དེར། ཁ་སང་ཁྱེད་རང་སློབ་སྦྱོང་མ་བྱས་པར་ག་པར་སོང་བ་ཡིན་ནམ་ཞེས་དྲིས། སློབ་ཕྲུག་གཞན་ཞིག་གིས་ཁོ་ཆང་ཁང་ནང་ལ་སོང་འདུག་ཞུས། རྒན་ལགས་ཀྱིས་གྲྭ་ཆུང་དེར་འགྲམ་ལྕག་ཚ་ཐག་ཆོད་གཅིག་གཞུས་ཏེ། མི་སྡུག་རིགས་སྡུག་ཚད་འགྲོ་སར་ཁྱེད་རང་མ་གཏོགས་སུ་འགྲོ་ཡི་རེད་དམ། ཞེས་ལབ་པར་གྲྭ་ཆུང་དེས། རྒན་ལགས་ཁྱེད་རང་འགྲོ་ཡི་རེད། ཅེས་ལབ་པར་ཡང་རྒན་ལགས་དེས་འགྲམ་ལྕག་ཞུ་གྲབས་བྱེད་སྐབས་གྲྭ་ཆུང་དེས་མིག་ཆུ་གཏོང་གིན་ལ། ངས་རྒན་ལགས་ཁྱེད་རང་སྐད་གཏོང་བར་ཡོང་སྐབས། རྒན་ལགས་ཁྱེད་རང་ཆང་ཁང་ནང་ར་བཟི་ནས་འཁྲུག་པ་བརྒྱབ་པ་དྲན་གནང་གི་མི་འདུག་གམ། ཞེས་ཞུས་པར་སློབ་ཕྲུག་ཚང་མ་གད་མོ་དབང་མེད་ཤོར། རྒན་ལགས་ནི་ཁོང་རང་གི་རང་སྐྱོན་རྣམས་དངོས་སུ་ཐོན་པས་ཅི་བྱེད་འདི་བྱེད་མེད་པར་ངོ་གནོངས་དགོས་པ་ཆགས་སོ། །

ཧ་མ་གོ་གོང་ནས་ཁོང་ཁྲོ་ལངས་པ།

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    མི་མང་པོ་ཞིག་ལྷ་ས་བར་སྐོར་ནང་བར་སྐོར་རྒྱག་བཞིན་ཡོད་པའི་སྐབས་ཤིག་ལ། ལྷ་ས་བ་ཕོ་གསར་ཞིག་ཁོང་ཚོའི་དཀྱིལ་དུ་ཧ་རེ་ཧུ་རེའི་ངང་ནས་མགྱོགས་པོ་རྒྱུགས་ཡོང༌། སྐབས་དེར་སྟབས་མ་ལེགས་པ་ཞིག་ལ་ཁམས་པའི་མི་ཞིག་ལ་འབུད་རྒྱག་ཕྲན་བུ་ཤོར་བ་རེད། དེར་བརྟེན་ཁམས་པ་དེ་ནི་ཤིན་ཏུ་ཁོང་ཁྲོ་ལངས་པའི་རྣམ་འགྱུར་དང་སྦྲགས། ཕ་རོ་ཟ་རྒྱུ་ག་རེ་བྱེད་ཀྱི་ཡོད་དམ། ཞེས་ལབ་པར་ལྷ་སའི་ཕོ་གསར་དེས། ངག་འཇམ་པོའི་ཐོག་ནས། ཨ་ཕོ་ལགས་དང་པོ་ངས་ག་རེ་བྱེད་ཀྱི་ཡོད་མེད་ཧ་མ་གོ་གོང་ནས་ག་རེ་བྱས་ནས་ཁོང་ཁྲོ་ལང༌གི་ཡོད་དམ། ཞེས་ལབ་པར། ཁམས་པའི་མི་དེ་ཡུད་ཙམ་ཞིག་ཅི་ཟེར་འདི་ཟེར་མེད་པར་མི་ཚོགས་དེའི་ནང་ངོ་ཚ་ཁ་སྐྱེངས་ངང་གནས་དགོས་བཟོས་པ་རེད།

ལས་རོགས་ཤིག་བྱུང་ན་ཕན་ཐོགས་ཆེན་པོ་ཡོང་བ་འདུག

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    དཔེ་མཛོད་ཁང་ཞིག་ལ་དྲུང་ཡིག་ལས་ཀ་ཡག་པོ་མི་བྱེད་མཁན་ཞིག་ཡོད་པ་རེད། དཔེ་མཛོད་དེའི་འགན་འཛིན་གྱིས་ཁོ་པས་ལས་དོན་ཡག་པོ་སྒྲུབ་ཀྱི་མེད་སྐོར་གོ་ཐོས་ལན་མང་བྱུང་བར་བརྟེན། ཉིན་གཅིག་དྲུང་ཡིག་དེ་ལ་ཁ་ཐུག་ལས་ཀ་མེད། ཁྱེད་རང་འགྲོ་དགོས་ཞེས་ལབ་མ་ཐུབ་ཀྱང་ད་ཆ་དྲུང་ཡིག་གཞན་ཞིག་སྐད་གཏོང་དགོས་ས་རེད། ཅེས་སྐད་ཆ་བསྐོར་ནས་བཤད་སྟབས་དྲུང་ཡིག་དེས་ལམ་སང་དགའ་བའི་རྣམ་འགྱུར་དང་སྦྲགས། དེ་འདྲ་བྱུང་ན་དཔེ་ཡག་པོ་ཡོང་བ་འདུག ང་ལ་ལས་རོགས་ཤིག་བྱུང་ན་ལས་ཀ་བྱེད་རྒྱུ་ལ་ཕན་ཐོགས་ཆེན་པོ་ཡོང་བ་འདུག ཅེས་དགའ་མདོག་ཁ་པོས་དེ་ལྟར་ལན་སྤྲད་པ་ན། འགན་འཛིན་དེ་ནི་ཅི་བཤད་མེད་པར་མིག་ཧོབ་བེར་ལྟ་དགོས་པ་བཟོས་པ་རེད།

ཨུ་པར་ཝཱ་ལཱས་བཟོས་པ།

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    ཧིནྡུའི་ཆོས་ལུགས་ཡིན་པའི་རྒྱ་གར་གྱི་བུ་མོ་ཞིག་ལ་ཕྲུ་གུ་སྐྱེ་གྲབས་བྱེད་སྐབས། སྐྱེ་ཟུག་ཧ་ཅང་ཆེན་པོ་བརྒྱབ་པར་བརྟེན་སྐད་ངན་རང་དབང་མེད་པར་ཤོར་ཏེ། འདི་འདྲའི་ན་ཟུག་ཆེན་པོ་གཏོང་དགོས་པ་ངས་གང་བྱས་པའི་རྣམ་སྨིན་ཡིན་ནམ། ཞེས་སྐད་ཤུགས་ཆེན་པོས་ངུས་པར། མོའི་ཁྱོ་ག་དེས་མཛུབ་མོ་གནམ་ལ་བཙུགས་ཏེ་རྒྱ་གར་སྐད་ཐོག་ནས། འདི་ནི་ཨུ་པར་ཝཱ་ལཱས་བཟོས་པ་ཞིག་རེད། ཁྱེད་རང་ངུས་མ་ངུས་ཡོད་པ་མ་རེད། དེ་ལས་སྡུག་རུས་གང་ཐུབ་ཐུབ་བྱོས་དང༌། སྐྱེས་ཚར་སོང་ན་ན་ཚ་གཏོང་གི་མ་རེད། ཅེས་ལབ་པ་རེད། སྐད་ཆ་དེ་བུ་མོའི་པ་ཕས་གོ་བ་དང་སྦྲགས་ཁོ་པར་མ་འདོད་པའི་རྣམ་འགྱུར་ཞིག་བསྟན་ཏེ། རང་གི་མཛུབ་མོ་ཁོ་པའི་འདོམས་ཀྱི་ཐད་དུ་མར་བཙུགས་ཏེ་རྒྱ་གར་སྐད་ནང༌། ག་རེ་ཨུ་པར་ཝཱ་ལཱས་བཟོས་པ་རེད། ལྟོས་དང་ཁྱོད་རང་ནི་ཅེ་ཝཱ་ལཱ་འདིས་བཟོས་པ་རེད། ཅེས་གཤེ་གཤེ་བཏང་བ་རེད། སྐབས་དེར་བུ་མོ་དང་བུ་མོའི་ཁྱོ་ག་གཉིས་ནི་ངོ་ཚ་ཐག་ཆོད་དེ་སྐད་ཆའང་ཤོད་མི་ནུས་པར་ལུས་ཤིང༌། ན་ཟུག་ཀྱང་གར་སོང་མེད་པར་བུ་ཞིག་བདེ་བར་བཙས་སོ། །

སྔོན་གླེང༌།

མཚར་གཏམ། སྡེ་ཚན་བཞི་པ།

སྐྱག་གཅིན་གཉིས་རྒྱུག་ཤར་འགྲན་སྡུར།

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    དུས་རྒྱུན་དུ་སྐྱག་པ་དང་གཅིན་པ་གཉིས་རྒྱུག་ཤར་འགྲན་སྡུར་ཇི་ཙམ་བྱས་ཀྱང་། ག་དུས་ཡིན་ན་ཡང་གཅིན་པ་ཨང་དང་པོ་ཐོབ་ཀྱི་ཡོད། ཉིན་གཅིག་སྐྱག་པས། ད་ཐེངས་ངས་རིག་པ་ཞིག་བཏོན་ཏེ་རང་ཉིད་ཨང་དང་པོ་ཐོབ་པ་བྱེད་དགོས། ཞེས་བསམ་བཞིན་རང་གི་ཨ་ཞང་དྲུང་དྲུང་ཡིན་པ་རྙང་མའི་སར་སོང་སྟེ། ཨ་ཞང་རྙང་མ་ལགས། ང་ལ་ཕྱག་རོགས་ཤིག་གནང་དང༌། གཅིན་པ་ཁོ་དང་ང་གཉིས་རྒྱུག་ཤར་འགྲན་སྐབས་ག་དུས་ཡིན་ནའང་ཁོ་རང་ལ་ཨང་དང་ཐོབ་པ་ལས་ང་ལ་རྩ་བ་ནས་ཐོབ་འཇུག་གི་མི་འདུག ཅེས་ལབ་པར་རྙང་མས། ལྟས་ངན་སྐྱག་པ་ཁྱོད་ཀྱིས་ཟ་རྒྱུ་རྐྱང་རྐྱང་མ་གཏོགས་གཞན་ཅི་གང་འཇོན་གྱི་མ་རེད། ད་རེས་ཨ་ཞང་ངས་གཅིན་པ་ཁོའི་མཉམ་དུ་རྒྱུག་ཤར་འགྲན་སྡུར་ཞིག་བྱས་ཆོག ཁྱོད་རང་ཡག་པོ་བྱས་ནས་ལྟོས་ཨང༌། ཞེས་ལབ་སྟེ་སོང་བ་རེད། དེ་ནས་གཅིན་པར་རྙང་མས་དེ་རིང་ང་གཉིས་རྒྱུག་ཤར་འགྲན་སྡུར་ཡིན་ད། ཅེས་ལབ་སྟེ་འགྲན་སྡུར་འགོ་བཙུགས་པ་རེད། སྐབས་དེར་རྙང་མས་དབུགས་རིང་ཞིག་དང་ལྷན་དུ་སྐད་ཅོར་ཆེན་པོ་ཞིག སྐྲག་་་སྐྲག་་་རྫུབ། ཟེར་བ་དང་སྦྲགས་རྒྱུགས་པས་རྙང་མ་ནི་གཅིན་པའི་སྔོན་ལ་ཕྱིར་སླེབས་པས། སྐབས་དེར་རྙང་མར་ཨང་དང་པོའི་རྒྱལ་ཁ་དེ་ཐོབ་པས་རང་གི་ཚ་བོ་སྐྱག་པ་དགའ་ཐག་ཆོད་དགོས་བཟོས་པ་རེད།

ཏ་ལི་བྷན་གྱི་འགོ་གཙོ་དང་སྲིད་འཛིན་བྷུཤ

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    ཉེ་ཆར་ཏ་ལི་བྷན་གྱི་འགོ་གཙོས་ཨ་རིའི་སྲིན་འཛིན་བྷུཤ་ལ་ཁ་པར་ཞིག་བཏང་སྟེ།  ཁྱོད་རང་གིས་ང་གང་སར་འཚོལ་བཞིན་ཡོད་པས་ང་དངོས་གནས་ཐུག་འདོད་འདུག་གམ། ཞེས་དྲིས་པར་བྷུཤ་ཡིས་ཁོང་ཁྲོ་དང་སྦྲགས། ཁྱོད་རང་མི་དངོས་གནས་བློ་ཁོག་ཡོད་མཁན་ཞིག་དང་། འཇོན་ཐང་ཡོད་མཁན་ཞིག་ཡིན་ན། ངའི་མདུན་ཡོང་ནས་དཔའ་དང་འཇོན་ཐང་སྟོན་དང༌། དེ་མིན་སྲིན་བུ་ནང་བཞིན་ཡིབས་ནས་མ་སྡོད། ཅེས་ལབ་པར་ཏ་ལི་བྷན་གྱི་འགོ་གཙོས། ཁྱོད་རང་གིས་ངའི་དཔའ་དང་འཇོན་ཐང་ལ་བལྟ་འདོད་འདུག་ན་ངའི་མཉམ་དུ་ཨ་ལཱ་སར་འགྲོ། ང་ཡི་དཔའ་དང་འཇོན་ཐང་གི་འཁྲབ་གཞུང་ཆ་ཚང་ཁྱོང་རང་གི་མདུན་དུ་བསྟན་ཆོག ཅེས་བཤད་པར་བྷུཤ་ཡིས། ངས་ཁྱོད་རང་གང་མགྱོགས་ཨ་ལཱ་སར་བཏང་ཆོག དེ་ནས་ཁྱོད་རང་གིས་འཁྲབ་གཞུང་དེ་ཚོ་གྲ་སྒྲིག་བྱས་ནས་སྒུགས་ཨ། ང་མགྱོགས་པོ་སླེབ་ཡོང༌། ཞེས་བཤད། ཏ་ལི་བྷན་གྱི་འགོ་གཙོས། ང་ཨ་ལཱ་སར་གཏོང་རྩིས་ཡོད་པ་ཤིན་ཏུ་ཐུགས་རྗེ་ཆེ། ང་ནི་གང་མགྱོགས་འགྲོ་འདོད་འདུག ང་མ་འགྲོ་གོང་ད་དུང་འཁྲབ་གཞུང་ཁ་ཤས་ཤིག་བསྟན་རྩིས་ཡོད་པས་ཐུགས་སྤྲོ་པོ་བྱས་གཟིགས་ཨང༌། དུས་ཚོད་མང་པོ་མེད་ཨ་ལཱ་སར་མགྱོགས་པོ་ཐུག་ཡོང༌། ཞེས་ལབ་སྟེ་ཁ་པར་མཚམས་འཇོག་བྱས། བྷུཤ་ཁོང་ཁྲོ་མེ་ལྟར་འབར་ཏེ། ཨ་ལཱའི་ཨ་ཕྲུག་ཁྱོད་ཨ་ལོག་ཅིག་བརྒྱབ་ན་མ་གཏོགས་མ་འོངས་པར་ཨ་རི་ཨ་ལོག་བརྒྱབ་ཉེན་འདུག ཅེས་ལྕོག་རྩེའི་སྟེང་ཁུ་ཚུར་གཞུས།

ཁ་མ་གཏོགས་ཡོད་པ་མ་རེད།

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    ཕྲུ་གུ་ཆུང་ཆུང་ཞིག་གིས་ཐ་མག་འཐེན་བཞིན་བསྡད་ཡོད་པ་ཁོ་པའི་ཕས་གཟིགས་ཏེ་ཕྲུ་གུ་དེའི་ཨ་མཆོག་ནས་བཟུང་སྟེ། ཁྱེད་རང་ལ་ཐ་མག་འཐེན་སྟངས་སུས་བསླབས་བྱུང་ངམ། ག་འདྲ་བྱས་ནས་ཤེས་བྱུང༌། ཞེས་ཚ་འདྲི་བྱས་པར་ཕྲུ་གུ་དེས། པཱ་ལགས་ང་ལ་ཐ་མག་འཐེན་སྟངས་བསྟན་འཛིན་གྱིས་བསླབས་བྱུང༌། ཐ་མག་འཐེན་ན་ཞིམ་པོ་དང་སྣང་བ་སྐྱིད་པོ་ཡོད་རེད་ལབ་བྱུང༌། བྱས་ཙང་ངས་འཐེན་པ་ཡིན། ད་རེས་མ་གཏོགས་རྩ་བ་ནས་འཐེན་གྱི་མིན། པཱ་ལགས་ཐུགས་རྗེས་གཟིགས་ང་མ་བརྡུང་རོགས་གནང༌། ཞེས་ཞུས་པར་པཱ་ལགས་དེས་ཁོང་ཁྲོ་དང་སྦྲགས། ག་རེ། མི་དེའི་སྐད་ཆར་ཉན་རྒྱུ་ག་རེ་ཡོད་རེད། ཁོ་ལ་ཁ་མ་གཏོགས་ཡོད་མ་རེད་གསུངས་གནང་ངམ། ཞེས་ཞུས་པར་པ་ཕ་དེ་ནི་དེ་བས་ཁོང་ཁྲོ་ཆེ་བ་ལངས་ཏེ། ཨ་་་་ག་རེ། ད་བྱས་ན་ཁྱེད་རང་ལ་ཨ་མཆོག་མེད་པ་འདྲ། ག་ཚོད་ལབ་ཀྱང་གོ་རྒྱུ་མི་འདུག ཅེས་གཤེ་གཤེ་བཏང་བར་བུ་དེས། ངའི་ཨ་མཆོག་པཱ་ལགས་ཀྱིས་དམ་པོར་བཟུང་ཡོད་པས་ཡིན་གྱི་རེད། ཅེས་ཞུས་པར་པཱ་ལགས་དེར་གསུང་རྒྱུ་གང་ཡང་མ་རག་པར་ལུས་པ་རེད།

བཙོན་ཁང་ནང་འགྲོ་རྒྱུའི་ལག་འཁྱེར།

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    བལ་ཡུལ་དུ་གནས་སྡོད་བོད་མི་ཞིག་གིས་ཨ་རིར་འགྲོ་རྒྱུའི་ལག་ཁྱེར་རྫུན་མ་ཞིག་བཟོས་ཏེ། ཨ་རིའི་གཞུང་ཚབ་ལ་ཕྱིན་ནས་ལག་ཁྱེར་དེ་བསྟན་ནས། ལོ་གཅིག་གི་མཐོང་མཆན་(visa)སྤྲོད་རོགས་ལབ་པར་གཞུང་ཚབ་ཀྱི་མི་དེས། ཁྱེད་རང་གི་ལག་འཁྱེར་འདི་ཨ་རིར་འགྲོ་རྒྱུའི་ལག་འཁྱེར་རེད་མི་འདུག ཅེས་ལབ། ལག་འཁྱེར་བདག་པོ་དེས་ད་དུང་ཨ་རིར་འགྲོ་རྒྱུའི་ལག་འཁྱེར་ཡིན། ཞེས་ཐེངས་མང་ལབ་ཀྱང་ཨ་རིའི་གཞུང་ཚབ་པས་སླར་ཡང་རེད་མི་འདུག་ཅེས་ལབ་པ་རེད། མཐར་ལག་འཁྱེར་རྫུན་མ་བཟོས་ཏེ་འཁྱེར་མཁན་དེ་འུ་ཐུག་སྟེ། འོ་ན་འདི་ཨ་རིར་འགྲོ་རྒྱུའི་ལག་འཁྱེར་མིན་ན་ག་པར་འགྲོ་རྒྱུའི་ལག་འཁྱེར་རེད་དམ། ཞེས་དྲིས་པར་ཨ་རིའི་གཞུང་ཚབ་པ་དེས། འདི་བཙོན་ཁང་ལ་འགྲོ་རྒྱུའི་ལག་འཁྱེར་རེད། ཅེས་ལབ་པར་ཡང་ལག་འཁྱེར་རྫུན་མ་འདི་ནི་ཁྱེད་རང་བཙོན་ཁང་ལ་འགྲོ་རྒྱུའི་ལག་འཁྱེར་མིན་ན་གང་རེད་དམ། ཞེས་ཁོ་པའི་ལག་འཁྱེར་རྫུན་མ་དེའི་སྟེང་ཐམ་ག་དམར་པོ་ཞིག་བརྒྱབ་ནས། ད་ཁྱེད་རང་གིས་ལག་འཁྱེར་འདི་ཁྱེར་ནས་བཙོན་ཁང་ནང་ལོ་གཉིས་བསྡད་ཆོག་པ་ཡོད། ཅེས་ལབ་རྗེས་ཉེན་རྟོག་པས་ཁོ་པ་འཛིན་བཟུང་བྱས་པ་རེད།

གྲྭ་བཙུན་ཚོས་ག་རེ་བྱས་ནས་སྐྲ་བཞར་གྱི་ཡོད།

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    རྒྱུན་ལྡན་མི་ཚོགས་མང་པོའི་ཁྲོད་དུ་སྐད་ཆ་འདྲ་མིན་སྣ་ཚོགས་ཡོང་གི་ཡོད་པ་བཞིན། ཉིན་གཅིག་མི་འགའ་ཞིག་མཉམ་དུ་འཛོམས་བསྡད་ཡོད་ས་དེར་མི་གཅིག་གིས། གྲྭ་པ་དང་ཨ་ནེ་ཚོས་རྒྱུན་དུ་སྐྲ་མར་རིལ་ནང་བཞིན་ག་རེའི་དོན་དུ་བཞར་གྱི་ཡོད་དམ། ཁྱེད་ཚོས་ཤེས་ཀྱི་ཡོད་དམ། ཞེས་ལབ་པར་མི་གཅིག་གིས། དེ་ལས་སླ་པོ་རེད། མི་སྐྱ་ཕོ་མོ་ཚོས་ཁོང་ཚོར་སྣང་བ་མི་འགྲོ་བའི་ཆེད་དུ། གྲྭ་བཙུན་ཚོས་རང་གི་དབུ་སྐྲ་བཞར་དགོས་ཀྱི་ཡོད་པ་རེད། ཅེས་ལབ་པར་མི་གཞན་ཞིག་གིས་ལམ་སང༌། སྐད་ཆ་དེ་དངོས་གནས་འདྲ་ཆགས་པོ་ལབ་སོང༌། གང་ཡིན་ཟེར་ན་དེང་སང་མི་སྐྱ་ཕོ་མོ་མང་པོ་ཞིག་གིས་གྲྭ་པ་དང་ཨ་ནེ་དེ་ཚོར་ཁ་ཞེ་དྲག་གཏོང་གི་འདུག ཅེས་བཤད་པ་རེད།

ནོར་འཁྲུལ་བཟོ་མཁན་ཁྱོད་རེད།

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    མཐོ་རིམ་སློབ་གྲྭ་ཞིག་གི་ནང་ལ་སློབ་ཕྲུག་འབོར་ཤོབ་ཚ་པོ་ཞིག་ཡོད་ཅིང་། ག་དུས་ཡིན་ནའང་སློབ་ཕྲུག་ཉམ་ཆུང་ཚོ་ལ་ཐུབ་ཚོད་དང་རྫིག་རྫིག་བྱེད་ཀྱི་ཡོད་པར་བརྟེན་སློབ་ཕྲུག་ཉམ་ཆུང་དེ་ཚོ་འུ་ཐུག་སྟེ།  ཉིན་གཅིག་ཁོ་པ་ཚོ་ཁ་མཐུན་ནས་སློབ་ཕྲུག་འབོར་ཤོབ་ཚ་པོ་དེ་ཚུར་བཟུང་སྟེ། གྱོན་གོས་ཆ་ཚང་ཕུད་ནས་མི་མང་དཀྱིལ་དུ་དམར་ཧྲེང་མར་འགྲོ་རུ་བཅུག་པས་མི་མང་ཚོས་ཁོ་པར་འཕྱ་སྨོད་བྱས།  སློབ་གྲྭའི་འགན་འཛིན་གྱིས་ཀྱང་ཁོ་པར་ད་ནས་བཟུང་སློབ་གྲྭར་ཡོང་མི་ཆོག  ཅེས་གསུངས་པ་རེད།  སློབ་ཕྲུག་དེ་ནི་ཤིན་ཏུ་བློ་ཕམ་སྐྱེས་ཏེ།  ཐུགས་རྗེ་གཟིགས་ང་སློབ་གྲྭ་ནས་མ་ཕུད་རོགས་གནང༌།  ངས་ཉེས་ཆད་ག་རེ་སྒྲུབ་དགོས་ཀྱང་ཞུ་ཆོག  ཅེས་རེ་བ་དང་ཞུ་བ་བྱས་པས་འགན་འཛིན་མཆོག་ནས།  འོ་ན་ཁྱེད་ཀྱིས་ཉེས་ཆད་སྒྲུབ་ཐུབ་ཀྱི་ཡོད་ན་འགྲིག་གི་རེད།  དང་པོ་སློབ་ཕྲུག་ཉམ་ཆུང་ལ་ཐུབ་ཚོད་བཏང་བའི་ཉེས་ཆད་སྒོར་ ༡༠༠༠ དང་། མི་མང་དཀྱིལ་དམར་ཧྲེང་མར་ཕྱིན་པའི་ཉེས་ཆད་སྒོར་ ༥༠༠ སློབ་ཕྲུག་དེ་ཚོས་ཁྱེད་རང་མི་མང་དཀྱིལ་དུ་དམར་ཧྲེང་དུ་འགྲོ་བཅུག་པའི་ཉེས་ཆད་སྒོར་ ༣༠༠ བཅས་འབུལ་དགོས།  ཞེས་གསུངས། སློབ་ཕྲུག་དེས།  ང་དམར་ཧྲེང་མ་མི་མང་དཀྱིལ་དུ་འགྲོ་འཇུག་མཁན་ཁོང་ཚོ་རེད།  དེའི་ཉེས་ཆད་ངས་ག་རེ་བྱས་སྒྲུབ་དགོས་རེད་དམ།  དེ་ཁོང་ཚོའི་ནོར་འཁྲུལ་མ་རེད་དམ།  ཞེས་ཞུས་པར་འགན་འཛིན་གྱིས། དང་པོ་ནོར་འཁྲུལ་འགོ་འཛུགས་མཁན་དང་ནོར་འཁྲུལ་བཟོ་འཇུག་མཁན་དེ་ཁྱེད་རང་རེད།  དེས་མ་ཚད་རྒྱུ་མཚན་འདིས་རྐྱེན་བྱས་ནས་རྙོག་གྲ་ཡོད་ཚད་ཀྱི་ཉེས་པ་ཁྱེད་རང་གི་ཐོག་ལ་འབབ་རྒྱུ་རང་རེད།  ཅེས་གསུངས་པས་སློབ་ཕྲུག་དེ་ནི་མགོ་བསྒུར་ནས་མི་སྡོད་ཀ་མེད་བྱུང་ངོ༌། །

ནག་ཚོང་རྒྱག་མཁན་དེ་ཚོ་ལ་ཨ་སྒོར་མང་པོ་འདུག

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    ངག་དབང་ཟེར་བའི་ཚོང་པ་ཞིག་ཡོད།  ཚོང་པ་དེས་རྨོ་མོ་གཅིག་ལ་ཚོང་གི་སྐོར་ལ་སྐད་ཆ་བཤད་དེ།  ནག་ཚོང་རྒྱག་མཁན་དེ་ཚོ་ལ་ཨ་རིའི་སྒོར་མོ་དཔེ་མང་པོ་ཡོད་རེད།  ཅེས་ལབ་སྐབས་རྨོ་མོ་ལགས་དེས།  དེ་ཚོས་འདི་འདྲ་བྱེད་ཀྱི་རེད།  དང་པོ་ཨ་སྒོར་དཔེ་མང་པོ་བདག་པོ་བརྒྱབ་པ་དང་སྦྲགས་རྗེས་སུ་ཨ་སྒོར་རྫུན་མ་བཟོ་རྒྱུའི་ཉེན་ཁ་ཡོད་རེད།  ཅེས་ལབ་པར་ཚོང་པ་དེ་གད་མོ་ཤོར་ཏེ།  ངས་ལབ་པ་དེ་རྨོ་མོ་ལགས་ཁྱེད་རང་གིས་གོ་མི་འདུག ཅེས་གསལ་བཤད་བྱས་པར་རྨོ་མོ་ལགས་དེ་གད་མོ་ཤོར་དགོས་བཟོས་པ་རེད།

དཀོན་མཆོག་གིས་མཁྱེན་བཅུག་རྒྱུ་མེད།

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    ཕན་ཚུན་ངོ་ཤེས་མ་ཐག་པའི་མི་གཉིས་ལམ་དུ་མཉམ་དུ་འགྲོ་སྐབས།  གཅིག་གིས་གང་བྱུང་དུ་ལུད་པ་གཡུགས་པ་གཞན་དེས་མཐོང་བས་སྐྱུག་བྲོ་བཟོད་དཀའ་བ་ལངས་ཏེ།  དཀོན་མཆོག་མཁྱེན།  ང་ལ་ལམ་རོགས་ཛོར་པོ་འདི་འདྲ་ཞིག་ག་ནས་རག་པ་ཡིན་ནམ། ཞེས་ལབ་མ་ཐག་གཞན་དེས་ངོ་ཚ་ཁ་སྐྱེངས་ངང་ནས།  འོ་ཛི་ཁོང༌། གནས་ཚུལ་ཛོར་པོ་དེ་འདྲ་དཀོན་མཆོག་གིས་གཏན་ནས་མཁྱེན་བཅུག་རྒྱུ་མེད།  ཅེས་བཤད་པ་རེད།

སྤྲང་པོའི་བོད་གཞས།

སྨྱུག་རྒོད་གངས་བུ་དཔལ

    མོན་གྷོ་གཞིས་ཆགས་སུ་རྒྱ་གར་བ་སྤྲང་པོ་ཞིག་ཡོད་པ་དེས་བོད་སྐད་ཚིག་གཅིག་ཤེས་ཀྱི་མེད་ཀྱང་དངུལ་སློང་བའི་ཐབས་སུ་བོད་གཞས་འདྲ་མིན་སྦྱངས་ཏེ༌གཏོང་གི་ཡོད།  དེ་ལྟར་ཟླ་བ་སྔོན་མ་དེའི་ནང་ཡང་རྒྱ་གར་བ་སྤྲང་པོ་དེས་འབད་བརྩོན་ཆེན་པོ་བྱས་ནས་ཕུར་བུ་རྣམ་རྒྱལ་གྱིས་བཏང་བའི་གཞས་གསར་པ།  མཉམ་དུ་འགྲོ་ཞེས་པ་དེ་སྦྱངས་རྗེས་ཨ་མ་རྣམ་རྟོག་ཚ་པོ་ཞིག་ཡོད་པ་དེའི་སྒོ་འགྲམ་དུ་སོང་སྟེ་སྐད་ཆེན་པོས།  མཉམ་དུ་འགྲོ། མཉམ་དུ་འགྲོ།  ང་དང་མཉམ་དུ་འགྲོ། ཞེས་བཏང་བས། ཨ་མ་དེ་ནི་རྣམ་རྟོག་ཟ་ཐག་ཆོད་དེ།  ག་རེ་ང་འུ་ག་ཚོད་ཐུག་ཀྱང་སྤྲང་པོ་ཁྱོད་ཀྱི་མཉམ་དུ་འགྲོ་མ་དགོས་ཙམ་ཡོད།  ཅེས་དངུལ་སྟེར་རྒྱུ་ཕར་བཞག་ད་དུང་གཤེ་གཤེ་བཏང་སྟེ་ཕྱིར་འབུད་བྱས་སོ། །

ལས་ཀ་འགོ་བཙུགས་ནས་མ་ཚར་བར་མཚམས་འཇོག་བྱེད་རྒྱུ་མེད།

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    ཕ་མས་རང་གི་ཕྲུ་གུར་དུས་རྒྱུན་དུ་ལས་ཀ་ཞིག་འགོ་བཙུགས་ནས་མ་ཚར་བར་མཚམས་འཇོག་བྱེད་རྒྱུ་མེད།  ཅེས་བསླབ་བྱ་གནང་གི་ཡོད་པར་བརྟེན། ཉིན་གཅིག་ཕྲུ་གུ་ཞིག་ལ་བཀའ་འགྱུར་དང་བསྟན་འགྱུར།  བོད་ཀྱི་མཁས་དབང་ཚོའི་བཀའ་འབུམ་རྣམས་ཀྱི་དཀར་ཆག་དཔེ་བཤུ་བྱེད་བཅུག་པ་རེད། དེ་ནི་ཕྲུ་གུ་དེའི་ལས་ཀ་བྱེད་པ་ཐེངས་དང་པོ་ཡིན།  ཕྲུ་གུ་དེས་དཀར་ཆག་དཔེ་བཤུའི་ལས་ཀ་འགོ་བཙུགས་ཏེ། ཉིན་གང་པོར་མཚམས་མ་བཞག་པར་དཔེ་བཤུ་བྱས་ནས་ཟ་མ་ཡང་ཟ་ཁོམ་མ་བྱུང་སྟབས། ཕ་རྒན་ཧང་སངས་ནས་ངའི་བུ་དེ་ལས་ཀ་ཧུར་ཐག་འདི་འདྲ་བྱས་དྲགས་ན། ནད་པ་ཆཌ་པའི་ཉེན་ཁ་འདུག་བསམས་ནས་བུ་དེར། དེ་རིང་ལས་མཚམས་ཞོག ལབ་པར་བུ་དེས་ད་ལྟ་དཀར་ཆག་བཤུས་ཚར་མ་སོང༌། ཞུས་ནས་མཚམས་འཇོག་མ་བྱས་པར་མུ་མཐུད་བྱས།  ཕས་བུ་ལ་ཁྱེད་རང་གིས་ལས་ཀ་འདི་ཟླ་བ་གཅིག་གི་ལས་ཀ་རེད་མ་གཏོགས་ཉིན་གཅིག་ལ་ཚར་རྒྱུ་དེ་འདྲ་མ་རེད།  དེ་རིང་གི་དཔེ་བཤུ་བྱེད་མཚམས་བཞག་ནས་ཞལ་ལག་ཟོ་མ་གཏོགས་ནད་པ་ཆགས་ཀྱི་རེད། ཅེས་གསུངས་པར་བུ་དེས།  འོ་ན་པཱ་ལགས་ཁྱེད་རང་གིས་ང་ལ་ག་དུས་ཡིན་ནའང་ལས་ཀ་ཞིག་འགོ་བཙུགས་ཚར་ནས་མཚམས་འཇོག་བྱེད་རྒྱུ་མེད་ཅེས་གསུངས་པ་མ་ཡིན་ནམ།  བྱས་ན་ངས་མཚམས་འཇོག་བྱེད་དགོས་རེད་དམ།  ཞེས་ཞུས་པར་པ་ཕ་དེ་ཤིན་ཏུ་དགའ་ནས་ང་ཡི་བུ་འདིས་ཏན་ཏན་ཕ་མའི་ཁར་བརྩི་འཇོག་བྱེད་མཁན་ཞིག་རེད་འདུག་བསམས་པ་རེད།  འོན་ཀྱང་སྐད་ཆ་ཏོག་ཙམ་གོ་ནོར་བྱུང་འདུག་བསམས་ཏེ་བུ་ལ་གོ་བརྡ་ལེགས་པོ་སྤྲད།

པ་འགོ་ལ་མ་རེད་རྗེས་ལ་རེད།

དགའ་སོག་དཀོན་མཆོག་རྒྱ་མཚོ།

    ཚེ་རིང་རང་ཡུལ་དང་ཁ་བྲལ་ནས་ལོ་གསུམ་སོང་བའི་ཉིན་གཅིག་ཕ་ཡུལ་ལ་ཁ་པར་ཞིག་གཏོང་སྐབས་མཉམ་འཇོག་ཅི་ཡང་མ་བྱས་པར་ལམ་སང༌།  ཧ་ལོ། ཧ་ལོ།  ཅེས་ལབ་པར་བོད་ནང་ཁ་པར་ཉན་མི་དེས། ཧ་ལོ་ཞེས་པའི་གོ་དོན་མ་རྟོགས་པར།  ང་ཚོ་ཧ་ལོག་མིན་བོད་པ་ཡིན།  ཞེས་ཚིག་འཇམ་པོས་ལབ་ཀྱང་ཚེ་རིང་ཁོང་ཁྲོ་ལངས་ཏེ།  པ་འགོ་སྤྲང་པོ་དེས་ག་རེ་ལབ་ཀྱི་འདུག་ཅེས་ལབ་པར་བོད་ནང་གི་མི་དེས་གོ་ནོར་ཤོར་བ་འདྲ་སྙམ་སྟེ་གསལ་བཤད་ཀྱི་ཚུལ་དུ།  པ་མགོ་ལ་མ་རེད། པ་མཇུག་ལ་ཡོད་པ་རེད་ཟེར། བོད་པ་ཞེས་པ་མཇུག་ལ་ཡོད་རེད། ཅེས་ལབ་པས་རང་སྐད་གཙང་མར་གཞན་གྱི་ཐ་སྙད་སྲེ་མཁན་ཚེ་རིང་ཁ་པར་མི་འཇོག་ཐབས་མེད་བྱུང་བ་རེད།

བསམ་བློ་ཆེན་པོ་ཐོངས་དང༌།

སྨྱུག་རྒོད་གངས་བུ་དཔལ།

    དེ་སྔ་གཞིས་ཆགས་སུ་ཡོད་པའི་སློབ་ཕྲུག་འགའ་ཞིག་མོ་ཊ་ཆུང་ཆུང་ཊ་ཊ་སོ་མོ་ཞེས་པ་བཏང་ནས་འཚོ་བ་སྐྱེལ་མཁན་གྱི་ཁ་ལོ་པ་རྣམས་ལ་སྣང་བ་འགྲོ་ཡི་ཡོད།  ཉིན་གཅིག་སློབ་གྲྭ་ཐོན་ལ་ཉེ་བའི་བུ་ཉི་བསྐྱལ་གྱི་ཕ་སྟོབས་རྒྱལ་ནས་རང་གི་བུར།  བུ་ཁྱོད་རང་སློབ་གྲྭ་ཐོན་རྗེས་ལས་ཀ་ག་རེ་བྱེད་ཀྱི་ཡིན་ནམ།  ཞེས་དྲིས་གནང་བར་བུ་ཉི་བསྐྱལ་གྱིས་ལམ་སང༌།  ཊ་ཊ་སོ་མོ་གཏོང་མཁན་བྱེད་ཀྱི༌ཡིན།  ཞེས་ཞུས་པར་ཕ་སྟོབས་རྒྱལ་ཧང་སངས་ནས།  ཨ་ཙི་བུ་བསམ་བློ་ཆུང་ཆུང་དེ་འདྲ་མ་གཏོང༌།  བསམ་བློ་ཆེན་པོ་བཏང་ནས་ཤོད་དང༌།  ཞེས་གསུངས་རྗེས་བུ་ཉི་བསྐྱལ་གྱིས་བསམ་བློ་གང་ཙམ་བཏང་རྗེས།  བྱས་ན་པཱ་ལགས་ང་སློབ་གྲྭ་ཐོན་རྗེས་མོ་ཊ་ཆེན་པོ་དེ་འདྲ་གཏོང་མཁན་བྱེད་ཀྱི་ཡིན།  ཞེས་ཞུས་པར་ཕ་སྟོབས་རྒྱལ་དེ་བས་ཧང་སངས་དགོས་པ་བཟོས་པ་རེད།

སྒྲོལ་མ་ཉེར་གཅིག་བརྗེད་པ།

དྷ་ས་རིགས་སློབ་ངག་དབང་རྣམ་གྲོོལ།

    རྣམ་གྲོལ་བོད་ནས་རྒྱ་གར་དུ་ནང་ཆོས་སྦྱོང་བར་སླེབས་པ་བཞིན་འབྲས་སྤུངས་དགོན་པར་སོང༌།  སྟབས་ལེགས་པ་ཞིག་ལ་ཁོ་པར་རང་ཉིད་ཀྱི་གཤིས་ཀ་དང་མཐུན་པའི་དགེ་རྒན་སྐལ་བཟང་ལགས་ཀྱི་དགེ་ཕྲུག་བྱ་རྒྱུ་བྱུང༌།  དེ་ནས་ལོ་ཤས་སོང་རྗེས་བོད་ནང་རྣམ་གྲོལ་གྱི་ནང་མིར་གོད་ཆག་བྱུང་བའི་གནས་ཚུལ་འབྱོར་བར་སོང་། ཁོས་རྒན་ལགས་ཀྱི་བཀའ་འབྲེལ་བཞིན་བོད་དུ་ཕྱིན་ནས་ལོ་བཞི་ཙམ་བསྡད་དེ་ཚུར་ཡོང༌།  འོན་ཀྱང་སྐབས་དེར་རང་གི་འཛིན་གྲོགས་ཚོ་དང་མཉམ་དུ་འགྲོ་ཐབས་མེད་པ་དང་། གཉིས་ནས་བོད་དུ་ངན་གོམས་ཤོར་ཡོད་པས་ཉིན་ལྟར་འཁྱམ་ཉུལ་བྱེད་པ་དང་། དགོན་པའི་ལས་ཀ་ཞིག་ཨེ་རག་ལྟ་བ་ལས་སློབ་སྦྱོང་ལ་དོ་སྣང་མི་བྱེད་པ་མ་ཟད། དེ་སྔ་ཤར་ཤར་ཏུ་འདོན་པའི་སྒྲོལ་མ་ཉེར་གཅིག་གི་བསྟོད་པ་དེ་ཡང་འཁྱར་འཁྱོར་ལས་འདོན་མ་ཤེས་སྟབས།  རྒན་ལགས་ཀྱིས་ཁོ་པར།  ད་ཆ་ཁྱོད་ཀྱི་ཤེས་སྤྱོད་གཉིས་ཀར་ལྟ་བཟོ་མེད་པ་མ་ཟད། སྒྲོལ་མ་ཉེར་གཅིག་དེ་ཡང་ཤེས་ཀྱི་མི་འདུག ཅེས་གསུངས་པར་ཁོ་པས།  ཨ་ཙི་སྒྲོལ་མ་ཉེར་གཅིག་ངས་བོད་ལ་མ་སོང་གོང་ནས་ཀྱང་ཤེས་ཀྱི་མེད་པ།  རྒན་ལགས་ཁྱེད་ཀྱིས་གསུངས་དང་ཉེར་གཅིག་སུ་དང་སུ་རེད་དམ།  ཞེས་ཞུས་པར་དགེ་རྒན་དེས།  སྒྲོལ་ལྗང༌།  སྒྲོལ་དཀར། དེ་ནས་ཞེས་མགོ་བོ་འཕུར་འཕུར་གནང་གིན་སྒྲོལ་མ་ཁྲོ་གཉེར་ཅན་སོགས་མང་པོ་ཡོད་རེད།  ཅེས་གསུངས་དགོས་བྱུང་བ་རེད།

མི་མ་ཤི་སར་འགྲོ་ས་ཡོད་དམ།

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ཤོད་མཁན་ཞིག་གིས་ནང་པའི་མཚན་ཉིད་རིགས་ལམ་ཤེས་མཁན་གྱི་གྲྭ་པ་ཞིག་དྲི་བ་དྲིས་ལན་གྱི་ལས་རིམ་ནང་གདན་འདྲེན་ཞུས་ཏེ།  དྲི་བ་དང་པོར།  ང་ཚོ་འཛམ་གླིང་གི་མི་མ་ཤི་སར་འགྲོ་ས་ཡོད་དམ།  ཞེས་དྲིས་པར་གྲྭ་པ་དེས་བསམ་བློ་ཞིག་བཏང་སྟེ།  ཡོད་དང་ཡོད།  ཅེས་ལན་སྤྲད་པར།  གསར་བཀོད་པས་ཧང་སངས་སངས་ངང་ནས།  བྱས་ན་ས་ཆ་དེ་གང་ན་ཡོད་དམ།  ཞེས་དྲིས་པར་སྐུ་ཞབས་དེས།  ས་ཆ་མང་པོ་ཡོད།  དཔེར་ན་སུད་སི་དང་བོད།  ནིའུ་ཛ་ལེནྜ།  སིང་ག་པུར་སོགས་ཀྱི་སེམས་ཅན་དམིགས་བསལ་ཅན་འདྲ་མིན་སྣ་ཚོགས་དང༌།  རྫ་རི་དང་། བྲག་རི། སྤང་རི། གངས་རི་སོགས་རང་བྱུང་ཁམས་ཀྱི་མཛེས་ཆོས་ལྡན་པའི་ལུང་པ།  བཀོད་པ་དོད་པའི་མཛེས་ལྗོངས་ཡོད་སར་འཆམ་འཆམ་འགྲོ་སའི་ལུང་པ་དེ་ཚོ་ནི། འཛམ་གླིང་ནང་ནས་མི་མ་ཤི་སར་གསོན་པོ་དེ་ཚོ་འགྲོ་ས་རེད་མ་གཏོགས་གཤིན་པོ་ནི་འགྲོ་ཐུབ་ཀྱི་མ་རེད།  ཅེས་ལན་བརྒྱབ་སྟབས།  དབྱིན་ཇིའི་གསར་བཀོད་པ་དེ་ཚོར་ཅི་ཡང་ལབ་རྒྱུ་མ་རྙེད་པར་ལུས་སོ། །

ཨེ་སེ་ཧཻ།

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    རྒྱ་གར་གྱི་གནས་ཆེན་ཨེ་ལོ་ར་དང་ཨཇན་ཏ་ཞེས་གྲུབ་ཆེན་བརྒྱད་ཅུའི་བྲག་ཕུག་ཁག་ལ་གནས་མཇལ་དུ་འགྲོ་མཁན་བོད་མི་ཞིག་གིས་གནས་དེའི་ཉེ་འགྲམ་དུ་མགྲོན་ཁང་ཞིག་གཡར་བར་སོང་སྟེ།  མགྲོན་ཁང་གི་བདག་པོ་ཞིག་ལ་ཁང་གླ་སྐད་ཆ་དྲིས་པར།  མགྲོན་ཁང་བདག་པོས།  ཁང་གླ་མཐོ་ཤོས་ཉིན་རེར་སྒོར༌ ༡༠༠༠ ཡིན་པ་དང༌། འབྲིང་ལ༌ ༥༠༠། དམའ་ཤོས་ལ༌ ༡༥༠། རེད་ཅེས་འགྲེལ་བཤད་བརྒྱབ། མི་དེས་ཁང་གླ་དམའ་ཤོས་ཀྱི་ཁང་མིག་དེར་ཆ་རྐྱེན་ག་རེ་ཡོད་རེད་དྲིས་པར། མགྲོན་བདག་དེས་མགོ་བོ་གཡུག་གཡུག་བྱས་ཏེ་རྒྱ་གར་གྱི་སྐད་ཐོག་ནས་“ཨེ་སེ་ཧཻ་”ལབ་པར་གནས་སྐོར་བ་དེས་དབྱིན་སྐད་ཐོག་ནས་གྲང་གློག་ཡོད་རེད་ལབ་པ་ཐོས་ཏེ་ཁང་གླ་ཆུང་ཤོས་དེ་གླས།  ཁང་པའི་ནང་འགྲོ་སྐབས་གྲང་གློག་སོགས་གང་ཡང་མེད་སྟབས་ལམ་སང་མགྲོན་ཁང་བདག་པོར།  ཁྱེད་ཀྱིས་ཁང་གླ་ཆུང་ཤོས་ཀྱི་ནང་ལ་གྲང་གློག་ཡོད་རེད་ཟེར་ནས་རྫུན་ག་རེ་བྱས་ཤོད་ཀྱི་ཡོད།  འདིའི་ནང་གང་ཡང་མི་འདུག ཅེས་ལབ་སྟེ་རྙོག་གྲ་བཤད། མགྲོན་ཁང་བདག་པོ་དེས། ངས་གྲང་གློག་ཡོད་རེད་ལབ་མེད། རྒྱ་གར་སྐད་ཐོག ཨེ་སེ་ཧཻ་ཞེས་བོད་སྐད་དུ་བསྒྱུར་ན་དེ་འདྲ་ཞིག་རེད་ལབ་ཀྱི་ཡོད།  ཁྱེད་ཀྱིས་གོ་ནོར་ཐེབས་པ་འདྲ། ཞེས་ལབ། གནས་སྐོར་བ་དེས། ངའི་བསམ་པར་ཁྱེད་རང་གིས་དབྱིན་སྐད་ཐོག་ནས་ཨེ་སི་ཡོད་རེད་ལབ་སོང་བསམས་བྱུང༌། བྱས་ཙང་གྲང་གློག་ཞིག་ཡོད་ན་འགྲིགས་ས་རེད་བསམས་ནས་ངས་ཁང་མིག་དེ་གླས་པ་ཡིན་ཞེས་ལབ་ཀྱིན་ཁོ་རང་གད་མོ་ཤོར། །

སྐྱེད་ཀ།

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    ལོ་ལྟར་འཛམ་གླིང་རྒྱལ་ཁབ་གང་སར་བཅའ་དངོས་གསར་པ་འདོན་སྤེལ་བྱེད་བཞིན་ཡོད་པ་ལྟར། རྒྱ་གར་གྱི་བཟོ་གྲྭ་(CAT)ཟེར་བས་ལྷམ་བཟོ་ལྟ་གསར་པ་ཞིག་བཟོས། སྐབས་དེར་ལྷམ་དེ་དར་སོ་ཆེན་པོ་བྱུང་སྟེ་ཉོ་མཁན་ཡང་མང་པོ་བྱུང་བ་རེད། བཀྲིས་ཟེར་བའི་བུ་ཞིག་ཡོད་པ་དེས་ལྷམ་ཐོན་གསར་དེ་ཉོ་འདོད་ཀྱང་སྒོར་བརྒྱ་མ་གཏོགས་མེད་སྟབས། ཁོང་གིས་པཱ་ལགས་སུ་སྒོར་ ༡༠༠༠ བསླངས། པ་ཕས་ཁ་ཐུག་སྤྲོད་ཀྱི་མིན་ལབ་མ་ཐུབ་པར།  སྤྲད་ཆོག་འོན་ཀྱང་ལམ་སང་བེད་སྤྱོད་གཏོང་བ་ལས་ལོ་གཅིག་དངུལ་ཁང་ལ་བཅོལ་བཞག་ན་སྒོར་ ༡༠༠ ཁེ་སང་རག་གི་རེད་ལབ། བུ་དེས་ལོ་གཅིག་བསྒུག་བསྡད་པ་ལས་སྒོར་ ༡༠༠༠ དེ་ང་ལ་གནང་རོགས།  ངས་ད་ལྟ་རང་སྒོར་ ༡༠༠ སྐྱེད་ཀར་ཕུལ་ཆོག་ལབ་སྟེ། ཁོ་རང་ལ་ཡོད་པའི་སྒོར་ ༡༠༠ ཕར་ཕུལ་བས། པཱ་ལགས་གང་ཡང་གསུང་རྒྱུ་མ་རྙེད་པར་བུ་ལ་སྒོར་ ༡༠༠༠ དེ་སྤྲོད་དགོས་བྱུང་ངོ༌། །

མགོ་དང་མཇིང་པ།

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

དམག་དཔོན་ཉི་མ་ཚེ་རིང་གིས་རང་གི་གྲོགས་པོར།  དམག་སྒར་འདིའི་ནང་གི་འགོ་གཙོ་ཆེ་ཤོས་དེ་ང་ཡིན།  ཞེས་འགྲེལ་བརྗོད་བྱས་པར་གྲོགས་པོ་དེས། བྱས་ན་ཁྱིམ་དུ་འགོ་པ་ཆེ་ཤོས་སུ་ཡིན་ནམ།  ཞེས་དྲིས་པར་དམག་དཔོན་དེས།  ཁྱིམ་དུའང་ང་ཡིན་དགོས་བྱུང༌།  ཞེས་ལབ་པར་གྲོགས་པོ་དེས།  ཨ་ལས་བྱས་ན་ཁྱེད་རང་གི་སྐུ་ཟླ།  ཞེས་དྲིས་པར་དམག་དཔོན་དེས།  ཁོང་མཇིང་པ་རེད།  ཅེས་ལབ་པར་གྲོགས་པོ་དེས། མཇིང་པ་རེད་ཟེར་བའི་དོན་གང་ཡིན་ནམ།  ཞེས་དྲིས་པར་དམག་དཔོན་དེས།  ངའི་མགོ་སྒུལ་བར་མཇིང་པས་ཁ་ལོ་བསྒྱུར་དགོས་པའི་དོན་ཆུང་ཆུང་དེའང་ཁྱེད་ཀྱིས་ཤེས་ཀྱི་མེད་དམ།  ཞེས་བཤད།

ལྟད་མོ་བཙོག་པ།

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    དེང་དུས་ཀྱི་གྲྭ་པ་རབ་དབྱངས་ཟེར་མཁན་ཞིག་ཡོད་པ་རྒྱུན་དུ་ནང་མི་ཚོ་ཕྱིར་ལས་ཀ་བྱེད་པར་སོང་རྗེས་ལམ་སང་སྒོ་བརྒྱབ་ནས་ལྟད་མོ་བཙོག་པ་ཞིག་ལྟ་ཡིན་ཡོད་ཅིང༌། ཉིན་གཅིག་ཕ་རྒན་ཐོག་རྒྱག་མགོ་རྒྱག་ལ་ནང་ལ་འཛུལ་ཡོང་བས། ཁོ་པས་དེ་ལྟར་ལྟད་མོ་བཙོག་པར་ལྟ་བཞིན་པ་གཟིགས། ལམ་སང་ཕ་རྒན་དེས། ཁྱེད་རང་གྲྭ་པ་ཞིག་གིས་ལྟད་མོ་བཙོག་པ་འདི་འདྲ་ལྟ་རྒྱུར་ངོ་ཚ་གི་མི་འདུག་གམ།  ཞེས་བཀའ་བཀྱོན་བཏང༌། གྲྭ་པ་དེ་ཧ་ཅང་ངོ་ཚ་པོ་བྱུང་སྟེ་ཐབས་ཤེས་ཤིག་བྱས་ན་མ་གཏོགས་འགྲིག་མ་སོང་སྙམ་སྟེ། ཕ་རྒན་གྱིས་བཤད་པའི་སྐད་ཆ་དེ་ཐད་ཀར་གོ་མ་བྱུང་མདོག་མདོག་བྱས་ཏེ། པཱ་ལགས་ངས་ལྟད་མོ་བཙོག་པ་ལྟ་ཡི་མེད། ད་ལྟ་རང་བརྙན་འཕྲིན་འཁོར་ཐག་དང་བརྙན་འཕྲིན་གཉིས་ཀ་གཙང་མ་གཙང་རྐྱང་བཟོས་པ་ཡིན།  ཞེས་ལབ་པར་ཕ་དེས་གྲྭ་པར་ངོ་ཚ་ཕབ་དྲགས་ན་ཡག་པོ་མི་འདུག་བསམས་ཏེ་ཐབས་མཁས་ཐོག  འོ་ཏག་ཏག་རེད། སྐུ་ཞབས་རང་གིས་གཙང་མ་བཟོས་པ་དེ་ཡག་པོ་བྱུང་འདུག  དེ་རིང་ནས་བཟུང་ཁྱེད་རང་ལ་གཙང་མ་བཟོ་རྒྱུའི་ལས་འགན་མེད་ཅེས་སྨྲས་སོ། །

ཝཱན།

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    རྒྱ་ནག་ལྕགས་རིར་འཆམ་འཆམ་འགྲོ་མཁན་མི་གཉིས་ཐུག་སྟེ། མི་གཅིག་གིས་གཞན་དེར་ཁྱེད་རང་གིས་དབྱིན་སྐད་ཤེས་ཀྱི་ཡོད་དམ་ཞེས་དྲིས། གཞན་དེས། ངས་ཞེ་དྲག་ཡག་པོ་ཤེས་ཀྱི་མེད། ཡིན་ནའང་ཟ་སྐད་འཐུང་སྐད་རྒྱག་ཐུབ་ཀྱི་ཡོད་ཅེས་བཤད། མི་གཅིག་དེས། འོ་ན་གཅིག་རྒྱོབས་དང་ལབ། མི་གཞན་དེས། ཝཱན། ཞེས་ཚིག་ཁེར་རྐྱང་གཅིག་བརྒྱབ་སྟེ་གཞན་གང་ཡང་མ་ལབ་སྟབས། མི་གཅིག་དེས་ཁྱེད་རང་གི་དབྱིན་ཇིའི་སྐད་གཅིག་མ་གཏོགས་ཤེས་ཀྱི་མེད་དམ་ལབ་པར། མི་གཞན་དེས་དབྱིན་ཇིའི་སྐད་མང་པོ་ཤེས་ཀྱི་ཡོད། ཡིན་ནའང་ཁྱེད་རང་གིས་ང་ལ་གཅིག་རྒྱོབས་དང་ལབ་པ་མ་ཡིན་ནམ། བྱས་ཙང་ངས་གཅིག་བརྒྱབ་པ་ཡིན་ཞེས་བཤད་སྟབས། མི་གཞན་དེས་ཁོས་དབྱིན་སྐད་ཨོའོ་ཙམ་ཤེས་ཀྱི་ཡོད་པ་འདྲ་བསམས་ནས། དེ་ལས་ལྷག་པ་ཤེས་ཀྱི་ཡོད་མེད་གང་ཡང་མ་དྲིས། དོན་ངོ་མ་མི་གཞན་དེས་དབྱིན་སྐད་ཚིག་གཅིག་མ་གཏོགས་ཤེས་ཀྱི་མེད་ཀྱང་རླུང་རྟ་རྒྱུགས་སྟེ། ཚིག་གཅིག་ཁེར་རྐྱང་ཤེས་པ་དེ་སྤོབས་པ་དང་བཅས་བེད་སྤྱོད་གཏོང་རྒྱུ་རག་པ་རེད།

ཉི་མའི་ཨོ་ལོ་ས་ལ་ཟགས་པ།

ཚེ་དབང་རྟ་མགྲིན།

   ཐེངས་གཅིག་གཙང་པའི་མི་གཉིས་ལམ་ལ་འགྲོ་བཞིན་པའི་སྐབས་དེར།  མི་གཅིག་གིས་ལམ་ཟུར་དེར་བོན་པོ་རྣམས་ཀྱིས་ཞབས་བརྟན་སྐབས་བེད་སྤྱོད་བྱེད་རྒྱུའི་རགས་ཀྱིས་བཟོས་པའི་ཤང་གསར་པ།  ཉི་མའི་ཕྲུ་གུ་ས་ལ་ལྷུངས་པ་དང་འདྲ་བར་འོད་ཆེམ་ཆེམ་འཕྲོ་བ་ཞིག་ཡོད་པ་དེ་མཐོང་སྐབས་ཁོ་པས།  ཁོ་དེ་ཁོ་དེ།  ཧ་ན་ལྟོས་ཅིག  ཉི་མའི་ཨོ་ལོ་ཁོ་ཧ་ན་ཟགས་འདུག་ག ཅེས་མཛུབ་མོ་བཙུགས་ཏེ་བསྟན་པས།  གྲོགས་པོ་གཞན་པ་དེ་ཡིས་ཤང་གི་ལྕེ་ལེ་དེར་ལེགས་པར་བལྟས་རྗེས།  འོ་འདུག་འདུག  གླི་ཝང་འབའ་ཁོ་ཡང་འཁྲུལ་ལེར་འདུག་ཅེས་ལབ་པ་རེད།

སྔོན་གླེང༌།

མཚར་གཏམ། སྡེ་ཚན་ལྔ་པ།

བཙོག་པ་གཏོང་ས་ལ་གཅིན་པ་གཏོང་ཆོག་དང་ཆོག

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    བལ་ཡུལ་གྱི་རྒྱལ་ས་ཀཱཐ་མཱན་ཌུའི་ཡུལ་མི་མང་ཆེ་བས༌གཡས་གཡོན་གང་སར་གཙང་སྦྲ་འཕྲོད་བསྟེན་ལ་དོ་སྣང་མི་བྱེད་ཅིང་། རྒྱུན་དུ་སྡོད་ཁང་གི་གཡས་གཡོན་དུ་ཡོད་པའི་རྒྱུག་ཆུ་དང་། སྲང་ལམ། ལམ་ཆེན་ལ་སོགས་གང་སར་གཅིན་པ་གཏོང་བ་དང༌། ཁ་ལུད་གཡུག་པ་དང་། གད་སྙིགས་སྤུངས་པ་སོགས་ཛར་རེ་ཛོར་རེ་བྱས་ནས་སྡོད་ཀྱི་ཡོད་སྟབས། གཞུང་གིས་ཛོར་པོ་བཟོ་མི་ཆོག་པའི་དྲིལ་བསྒྲགས་བྱེད་ཀྱི་ཡོད་ཀྱང་བཀག་ཐུབ་ཀྱི་མེད། མི་ཞིག་གིས་ནང་མི་གཙང་སྦྲ་འཕྲོད་བསྟེན་ཡོད་མཁན་གྱི་ཁང་པ་ཞིག་གི་རྩར་རྒྱུན་དུ་བཙོག་པ་གཏོང་བར་ཡོང་གི་ཡོད་པ་དེ་ཉིན་གཅིག་ཁང་བདག་དེས་མཐོང་སྟེ།  རྗེས་སུ་ང་ཚོའི་ཁང་པའི་རྩར་བཙོག་པ་གཏོང་བར་མ་ཡོང་རོགས་ཞེས་ལབ་ཀྱང་། མི་དེས་མ་ཉན་པར་ཐེངས་མང་པོ་ཁང་པ་དེའི་རྩ་ལ་བཙོག་པ་བཏང་སྟབས། བདག་པོ་དེ་ཤིན་ཏུ་ཁོང་ཁྲོ་ཟ་སྟེ། ཉིན་གཅིག་སེམས་གནག་ཅིག་བྱེད་དགོས་བསམས་ནས་མི་དེ་སྒུག་བསྡད། མི་དེ་སྔོན་མ་ལྟར་དེར་སླེབས་ནས་བཙོག་པ་གཏོང་བཞིན་པའི་སྐབས།  བདག་པོ་དེས་ཁང་པའི་ཐོག་ཁ་ནས་མི་དེའི་མགོ་བོའི་ཐོག་ལ་གཅིན་པ་བཏང༌། བཙོག་པ་གཏོང་མཁན་གྱི་མི་དེ་སྐད་ངན་ཤོར་ཏེ།  ངའི་མགོ་ལ་གཅིན་པ་བཏང་ནས་ག་རེ་བྱེད་ཀྱི་ཡོད། ཅེས་ལབ་པར་ཁང་བདག་དེས་ཧ་མ་གོ་མདོག་མདོག་བྱས་ཏེ། ངའི་གཅིན་པ་གཏོང་སའི་ས་ཆ་ལ་ཁྱེད་རང་སླེབས་ཡོད་པ་མཐོང་མ་བྱུང་ལབ་པར། བཙོག་པ་གཏོང་མཁན་དེས་ཧམ་པ་ཚ་པོས། འདིར་གཅིན་པ་གཏོང་ཆོག་གི་རེད་དམ་ལབ་པར། ཁང་བདག་དེས། བཙོག་པ་གཏོང་ས་ལ་གཅིན་པ་གཏོང་ཆོག་དང་ཆོག  ལབ་པར་མི་དེ་ག་ལབ་འདི་ལབ་མེད་པར་ཁ་གདངས་ནས་སྡོད་དགོས་བྱུང་བ་རེད།

ངས་མིག་ཆུ་བཏང་མེད།

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    བྱམས་པ་སློབ་གྲྭ་གྲོལ་ནས་ནང་དུ་ལོག་ཡོང་བའི་ལམ་བར་དུ། རྐང་པ་རྡོ་ལ་བརྡབས་ནས་རྨ་ཆེན་པོ་ཞིག་བཟོས།  ནང་དུ་སླེབས་པ་དང་ཨ་མ་ལགས་ཀྱིས་རྨ་རས་དཀྲི་བཞིན། འོ་ཛི་རྨ་ཆེན་པོ་འདི་འདྲ་བཟོས་འདུག་ག ད་གིན་ཁྱེད་རང་ལམ་བར་དུ་ངུས་ཡོད་པ་ཐག་ཆོད། ཅེས་པར་བྱམས་པས། ངས་མིག་ཆུ་བཏང་མེད། ཅེས་ཞུས། ཨ་མ་ལགས་ཀྱིས། བྱས་ན་ད་རེས་བུ་རང་བློ་ཁོག་ཆེན་པོ་བྱུང༌།  ཞེས་གསུངས་པར་བུ་བྱམས་པས། དེའི་སྐབས་ངས་ངུས་ཀྱང་འཁྲིས་སུ་མི་གཅིག་ཀྱང་མི་འདུག་པས་སུས་གོ་གི་རེད་དམ།  ཞེས་ཞུས་པ་རེད།

དེབ་གཅིག་རིན་མེད་སྤྲོད་པ།

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    པར་སྐྲུན་ཁང་ཞིག་གིས་མི་མང་འདུ་འཛོམས་ཆེ་ས་ཞིག་ཏུ། མི་མང་རྣམས་ལ་གསལ་བསྒྲགས་ཞུ་རྒྱུར་བོད་ཡིག་ནང་གསར་དུ་བསྐྲུན་པའི་ཀམ་པུའུ་ཊར་སྐོར་གྱི་དེབ་འདི་ནས་གཅིག་ཉོས་ན་དེབ་གཅིག་རིན་མེད་སྤྲོད་ཀྱི་ཡོད།  ཅེས་ཁྱབ་བསྒྲགས་བྱས་རྐྱེན་དེབ་ཉོ་མཁན་འཚང་ཁ་ཤིག་ཤིག་བྱུང་བ་རེད། དེའི་རྗེས་དེབ་ཉོ་མཁན་གཞོན་ནུ་ཞིག་གིས། གཅིག༌རིན་མེད་སྤྲོད་དགོས་དོན་གང་ཡིན་ནམ།  ཞེས་དྲིས་པར་ཚོང་གཉེར་བ་ཚོས།  དེབ་གཅིག་མ་དེབ་དང་གཅིག་ནོར་བཅོས་ཡིན་པས་རིན་མེད་དེབ་གཅིག་སྤྲོད་ཀྱི་ཡོད་པ་དེ་ནི་ནོར་བཅོས་དེ་ཡིན་ཞེས་བཤད་དོ། །  

ཕྲུ་གུ་གསུམ་སྐྱེ་རྒྱུ་མང་ཉུང་ཏག་ཏག་རེད།

            ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

ལེ་ཚན་དང་པོ།

    སོག་པོའི་ལུང་པ་ཞིག་གི་ནང་དུ་བུ་ཞིག་དང་བུ་མོ་ཞིག་ཕན་ཚུན་མོས་མཐུན་ངང་ཆང་ས་བརྒྱབ་ནས་ལོ་གསུམ་སོང་བའི་རྗེས་སུ། བུ་མོ་གསུམ་སྐྱེས་རྗེས་ཕྲུ་གུའི་ཨ་མ་དེ་བློ་བདེ་ནས། གསུམ་སྐྱེས་པ་མང་ཉུང་ཏག་ཏག་རེད།  ཅེས་ལབ་པར་ཕྲུ་གུའི་པ་ཕ་དེ་བློ་མ་བདེ་བར།  འོ་ཛི་ང་ཚོར་ད་དུང་བུ་ཞིག་ངེས་པར་དུ་དགོས་ཀྱི་འདུག ཅེས་ལབ་པ་རེད། སྐབས་དེར་ཕྲུ་གུའི་ཨ་མ་གད་མོ་ཤོར་གྱིན་དུ། ཁྱེད་རང་ལ་བུ་དགོས་ཀྱི་ཡོད་ན་ཁྱེད་རང་གིས་བཟོ་རོགས་བྱེད། ཅེས་བཤད་པར་ཕྲུ་གུའི་པ་ཕ་དེས། འོ་ཛི་ང་གཅིག་པུས་གང་འདྲ་བྱས་ནས་བཟོ་དགོས་སམ།  ཞེས་སྐད་ཤོར་བར་ཕྲུ་གུའི་ཨ་མ་དེས།  ད་བྱས་ན་འགྲིག་གི་རེད།  ཅེས་ཁས་བླངས་པ་རེད། དེ་ནས་ལོ་གཅིག་འགྲོ་ལ་ཉེ་བར་ཡང་བསྐྱར་ཕྲུ་གུ་ཞིག་སྐྱེས་པ་དེ་ནི་བུ་མོ་ཡིན་པ་རེད། ཕྲུ་གུའི་པ་ཕ་དེ་བུ་མོ་སྐྱེས་པར་མ་དགའ་བར། ང་ལ་བུ་མོ་དགོས་ཀྱི་མེད། ཅེས་ལབ་པར་ཕྲུ་གུའི་ཨ་མས། ཁྱེད་རང་ག་རེ་གསུང་གི་ཡོད་དམ། བུ་མོ་མི་དགོས་ན་བུ་གང་འདྲ་བཟོ་རྩིས་ཡིན་པ། ཞེས་ལབ་པར་ཕྲུ་གུའི་པ་ཕ་དེ་རེ་ཞིག་ཅི་ཟེར་འདི་ཟེར་མ་རྙེད་པར་ལུས་པ་རེད།

ལེ་ཚན་གཉིས་པ།

    ཡང་བཟའ་ཚང་དེ་གཉིས་ལ་ལོ་གཅིག་སོང་རྗེས་བུ་མོ་ཞིག་སྐྱེས་སྟབས། ཁྱོ་ག་དེས་ཁོ་རང་གི་བཟའ་ཟླ་ལ། ད་ཁྱེད་རང་བུ་སྐྱེ་རྒྱུ་ཡོད་མཁན་གྱི་རིགས་དེ་ཡིན་ས་མ་རེད། དེ་ལས་སྐྱེ་དམན་གཞན་དག་ཅིག་གི་མཉམ་དུ་ཆང་ས་བརྒྱབ་ན་ཡག་ས་རེད། ཅེས་ལབ་པར་ཕྲུ་གུའི་ཨ་མ་དེས། སྔོན་ལ་ཁྱེད་རང་བསམ་བློ་ཡག་པོ་ཐོངས། ངེད་གཉིས་དང་པོ་ཆང་ས་རྒྱག་དུས་བུ་སྐྱེ་རྒྱུའི་ཆེད་དུ་ཆང་ས་བརྒྱབ་པ་མ་རེད། ངེད་གཉིས་འཆམ་པོའི་ངང་ནས་མི་ཚེ་སྐྱེལ་རྒྱུ་བྱུང་ན་འགྲིག་གི་ཡོད་རེད། ཅེས་གསུངས་མེད་དམ། སྤྱིར་བཏང་བུ་མི་སྐྱེ་བར་བུ་མོ་རྐྱང་རྐྱང་སྐྱེ་བ་དེ་ང་གཉིས་གཉིས་ཀ་ཡི་ལས་རེད་མ་གཏོགས། ལས་མེད་ན་སྐྱེ་དམན་སྟོང་ཕྲག་གཅིག་དང་ཆང་ས་བརྒྱབ་པ་ཡིན་ནའང་བུ་སྐྱེ་ཡི་མ་རེད། ཅེས་ལབ་པར་ཕྲུ་གུའི་པ་ཕ་དེས་སྐད་ཆ་དེ་ཉན་ནས་ཁ་བྲལ་དགོས་མ་བྱུང་ཙམ་བྱུང་བ་རེད།

ལེ་ཚན་གསུམ་པ།

    ཡང་དེའི་རྗེས་ལོ་གཅིག་ཕྱིན་པའི་མཚམས་ལ་བུ་མོ་དྲུག་པ་དེ་སྐྱེས་སྟབས། ཕ་དེ་སེམས་ཁྲལ་ཆེན་པོ་ལངས་ཏེ། ད་ང་ཚོ་གཉིས་འདི་འདྲ་བྱས་ནས་བསྡད་ན་བུ་མོ་རྐྱང་རྐྱང་སྐྱེས་ནས་དཀའ་ངལ་ཆེན་པོ་འཕྲད་ས་རེད། དེ་ལས་ང་རང་ལོ་ཁ་ཤས་ཤིག་གི་རིང་ལ་ས་ཐག་རིང་པོ་ཞིག་ལ་འགྲོ་ཡི་ཡིན་ལབ་པར་སྐྱེ་དམན་དེས་འདོད་མོས་མ་བྱུང་བར། གལ་སྲིད་ཁྱེད་རང་ས་ཐག་རིང་པོ་ཞིག་ལ་ཕྱིན་པ་ཡིན་ན་ང་ལ་སྔོན་མ་ལས་ཕྲུ་གུ་མང་ཙམ་སྐྱེ་རྒྱུའི་ཉེན་ཁ་ཡོད་རེད། ཅེས་ལབ་པར་ཁྱོ་ག་དེ་སྔར་བཞིན་ནང་དུ་མུ་མཐུད་སྡོད་དགོས་ཐུག་པ་རེད།

ལེ་ཚན་བཞི་པ།

    དེ་ནས་ལོ་གཅིག་སྐོར་བ་ཐེབས་པ་དང་སྦྲགས་སླར་ཡང་བུ་མོ་ཞིག་སྐྱེས། ཕ་དེ་སྔར་ལས་སེམས་འཚབ་ཆེ་བ་ཞིག་བྱུང་སྟེ་ཁོ་རང་གི་སྐྱེ་དམན་ལ།  ང་ཚོ་གཉིས་འདི་འདྲ་བྱས་ནས་མཉམ་དུ་བསྡད་པ་ཡིན་ན་ལོ་ལྟར་ཕྲུ་གུ་རེ་སྐྱེ་རྒྱུ་རང་རེད་འདུག འདི་འདྲ་བྱས་ན་ང་གཉིས་ལོ་དྲུག་ཅུ་ཟིན་སྐབས་ཕྲུ་གུ་ཧ་ལམ་བཞི་བཅུ་ཙམ་ཆགས་རྒྱུ་རེད་འདུག  དེ་ལས་ཁྱེད་རང་གི་སྐྱེ་སྒོ་དེ་འགོག་པར་འགྲོ་རོགས་བྱེད་དང༌།  ཞེས་ལབ་པར་སྐྱེ་དམན་དེས། ངའི་སྐྱེ་སྒོ་འདི་དེ་ག་ཙམ་ལས་སླ་པོར་བཀག་ཆོག་ཆོག་ཡོད་པ་མ་རེད། འཛམ་གླིང་འདིའི་ནང་ལ་མི་ཡོང་སའི་ལམ་ཁ་གཅིག་རང་ལས་མེད་པ་དེ་རེད། ཅེས་བཤད་པས་ཁྱོ་ག་དེ་ཁ་ཁུ་སིམ་མེར་སྡོད་དགོས་བྱུང་བ་རེད།

ལེ་ཚན་ལྔ་པ།

    ཉིན་ཤས་རྗེས་སུ་མི་དེར་རིག་པ་གསར་པ་ཞིག་རྙེད་དེ། ཁོ་རང་གི་སྐྱེ་དམན་ལ་ཕྲུ་གུ་མི་སྐྱེ་བའི་སྨན་བཟའ་དགོས་རེད་ཅེས་བཤད། འོན་ཀྱང་སྐྱེ་དམན་དེས་གད་མོ་ཞིག་བགད་དེ། ངས་ཁ་ནས་ཕྲུ་གུ་མི་སྐྱེ་བའི་སྨན་བཟས་པ་དེ་དང་། ཁྱེད་ཀྱིས་ཕྲུ་གུ་སྐྱེ་བའི་སྨན་བླུགས་པ་གཉིས་གང་ཤུགས་ཆེ་བ་འདུག་བལྟ་ཆོག ཅེས་བཤད། ཁྱོ་ག་དེས་མཚར་སྣང་ཤར་ཏེ་འགྲིག་གི་རེད་ཟེར་ནས་ཁས་བླངས་སྟབས། སྐྱེ་དམན་དེ་ནི་སྔར་ལས་གད་མོ་ཤུགས་ཆེ་བ་ཤོར་ཏེ་ངས་རྩེད་མོ་ལབ་ཀྱིན་ཡོད། ཕྲུ་གུ་མི་སྐྱེ་བའི་སྨན་བཟས་ན་སྡིག་པ་ཆེན་པོ་ཡོད་རེད་ཅེས་ཁས་མ་བླངས།

ལེ་ཚན་དྲུག་པ།

    དེ་ནས་ལོ་ཤས་ཟིན་མཚམས་ཡང་བུ་མོ་ཞིག་སྐྱེས། ཁྱོ་ག་དེ་ནི་ཅི་བྱེད་འདི་བྱེད་མ་ཤེས་པར། ད་ང་ཚོ་གཉིས་ལ་ཕྲུ་གུ་མང་པོ་དེ་འདྲ་སྐྱེས་ན་ཁ་གསོ་ཐུབ་ཀྱི་མ་རེད། ཟེར་ནས་སེམས་ཁྲལ་ཆེན་པོ་བྱུང་བ་རེད། སྐྱེ་དམན་དེས། ཁྱེད་རང་སེམས་ཁྲལ་བྱེད་མི་དགོས། ཕྲུ་གུ་ག་ཚོད་མང་བ་སྐྱེས་ན་དེ་ག་ཙམ་ཡག་ག་ཡོད་རེད། ང་ཚོའི་མི་རིགས་ཧ་ཅང་ཉུང་ཉུང་ཡིན་ཙང་མི་འབོར་ཁ་སྣོན་ལ་ཕན་གྱི་མ་རེད་དམ། ཞེས་ལབ་སྟེ་སེམས་གསོ་བཏང་པ་རེད། དེ་ལྟར་རྒྱུན་རིང་མ་སོང་བར་བཟའ་ཟླ་དེ་གཉིས་ལ་སོག་པོའི་གཞུང་གིས་བུ་མོ་རྐྱང་རྐྱང་གི་མི་རིགས་རྒྱུད་སྤེལ་བྱེད་མཁན་གྱི་ཨང་དང་པོའི་བྱ་དགའ་དེ་ཁོང་གཉིས་ལ་གནང་སྟེ། རྒྱུན་དུ་གཞུང་གིས་བུ་མོ་མང་ཤོས་གྲས་ཀྱི་ཕོགས་སྤྲོད་རྒྱུ་བྱས་ཏེ་དཀའ་ངལ་བསལ་ཏོ། །

ལྕེ་ལ་གཟིགས་པ།

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    བུ་མོ་བསམ་སྐྱིད་གྲོད་པ་བདེ་མིན་ལ་སོང་སློབ་གྲྭར་འགྲོ་མ་ཐུབ་པར་བརྟེན། ཨ་མ་ལགས་ཀྱིས་བུ་མོ་སྨན་ཁང་ཞིག་གི་ནང་སྨན་བཅོས་བྱེད་པར་ཁྲིད་པ་རེད། སྨན་ཁང་དུ་འབྱོར་རྗེས་ཨེམ་ཆི་ལགས་ཀྱིས་བུ་མོར།  བུ་མོ། རང་གི་ཁ་གདངས་ཏེ་ང་ལ་ལྕེ་སྟོན་དང༌།  ཞེས་གསུངས་པར་བསམ་སྐྱིད་ཞེད་ཐག་ཆོད་པའི་རྣམ་འགྱུར་དང་སྦྲགས། ཐབ་ཚང་ནང་གི་སྒོ་ང་དང་ཅོག་ལེ་ཌི་མང་ཆེ་བ་གཅེན་པོས་བཟས་སོང༌།  ངས་ཚང་མ་བཟས་མེད། ཅེས་ཞུས་པ་རེད།

བྱུང་སོང་ཁ་ཐུག་མ་སོང་།

བློ་གླིང་སྤོམ་རྭ་བསྟན་འཛིན་འཕགས་པ།

    ཕ་རྡོ་རྗེ་དང་མ་སྒྲོལ་མ་གཉིས་ཀྱི་བུ་མོའི་སྦྱིན་བདག་ཨ་རིའི་ཡུལ་ནས་ཡུལ་སྐོར་དུ་ཕེབས་པའི་ཞོར་ལ། རྡོ་རྗེའི་ནང་མི་ཐུག་འཕྲད་དུ་ཁྱུག་ཙམ་ཕེབས།  རྡོ་རྗེ་བཟའ་མི་གཉིས་ནས་ད་རེས་གོ་སྐབས་ཡག་པོ་ཞིག་རག་སོང་བསམས་ནས་ཕྱི་རྒྱལ་བ་དེ་གཉིས་རང་གི་ཕྲུ་གུ་ལས་ཀྱང་རྩ་ཆེ་བ་གནང་སྟེ།  ཞལ་ལག་སོགས་གང་ལེགས་ཕུལ་བས་མ་ཚད་བོད་ཀྱི་རྩ་ཆེའི་སྐུ་བརྙན་དང་ཐང་ཁ་སོགས་སྒོར་ཁྲི་ལྷག་ཙམ་འགྲོ་སོང་བཏང་སྟེ། སང་ཉིན་དེར་དེ་བས་མང་བ་ཚུར་རག་རྒྱུའི་རེ་བ་བྱས། སང་ཉིན་དེར་ཕྱི་རྒྱལ་བ་ཁོང་གཉིས་རང་ཡུལ་དུ་ལོག་འགྲོ་ཁར་རྡོ་རྗེ་ལགས་བཟའ་མི་གཉིས་ལ། ད་རེས་ང་གཉིས་སྐྱིད་པོ་ཞེ་དྲག་བྱུང༌། འདིར་སྒོར་ ༡༠༠༠ ཡོད་པ་ཁྱེད་གཉིས་གསོལ་ཇ་མཆོད་རོགས་གནང༌། ཞེས་ལབ་པར་ཕ་རྡོ་རྗེས་བྱུང་སོང་ཁ་ཐུག་མ་སོང་སྙམ་ནས། འདི་ལས་ཏོག་ཙམ་མང་བ།  ཏོག་ཙམ། ཞེས་ཞུས་པར་ཕྱི་རྒྱལ་བ་གཉིས་ཀྱིས། རྗེས་སུ་འདི་ལས་ཏོག་ཙམ་མང་བ་བསྡད་ཆོག ཅེས་ལབ་ནས་སོང་ངོ༌། །

དྲང་པོ་ཞུས་ན།

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

གཞོན་ནུ་ཕོ་མོ་གཉིས་གཉེན་སྒྲིག་ཐོ་འགོད་ཀྱི་ལག་འཁྱེར་བླངས་ནས་ལོག་ཡོང་བའི་ལམ་བར་དུ་ཕོ་གསར་དེས་བརྗོད་དོན། མཛེས་མ་ལགས། ངས་དྲང་པོ་ཞུས་ན། ཁ་སང་ཁྱེད་རང་ངའི་ནང་དུ་གདན་དྲངས་སྐབས་ངའི་ནང་དུ་ཡོད་པའི་ཆ་སྒམ་མཆོད་གཤོམ་དང་། དེ་བཞིན་གྲ་རྒྱས་པའི་ནང་ཆས་དེ་ཚོ་ཚང་མ་མི་གཞན་གྱི་ས་ནས་གཡར་བ་ཤ་སྟག་ཡིན། དགོངས་པ་མ་འཚོམས་ཞེས་བཤད་པར་བུ་མོ་དེས། དེར་སྐྱོན་གང་ཡང་མེད། ངས་ཀྱང་ཁྱེད་ལ་དྲང་པོ་ཞུས་ན། ད་ལྟ་གཉེན་སྒྲིག་ལག་འཁྱེར་ཐོག་བཀོད་ཟིན་པའི་མིང་དེ་ནི་ངའི་གཅེན་མོའི་མིང་རེད། ཅེས་བཤད་པས་ཕོ་གསར་དེ་ཧ་ལས་ཤིང་ཧོན་ཐོར་ནས། ཁ་ཉིན་ཁྱེད་ཀྱི་ཁྱིམ་དུ་ཡོད་པའི་བུ་མོ་མདོག་ཉེས་མ་དེ་རེད་དམ། ཞེས་བཤད་པར་བུ་མོ་དེས། འོ་ཛི་ཁྱེད་ཀྱིས་ཁོང་ལ་དེ་འདྲ་གཏན་ནས་གསུངས་མི་ཉན། ད་ལྟ་ཁོང་ནི་ཁྱེད་ཀྱི་ཁྲིམས་མཐུན་གྱི་བཟའ་ཟླ་རེད། ཅེས་བཤད་དོ། །

དཔེ་ཆ་མི་ཤེས་མཁན་ཕྱི་རྒྱལ་བ།

 ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    ཐེངས་གཅིག་ཕྱི་རྒྱལ་གྱི་ཆོས་ཚོགས་ཤིག་གི་བླ་མས་ཤར་ནུབ་ཀྱི་མི་རིགས་མང་པོ་ཞིག་ལ་ནང་ཆོས་ཀྱི་ཐོག་གསུང་ཆོས་གནང་སྐབས་གསུངས་དོན། འཛམ་གླིང་འདིའི་ནང་སྐྱེ་བོ་ཕལ་པའི་བྱ་བ་གང་ལའང་སྙིང་པོ་ཡོད་པ་མ་རེད།  ཅེས་སོགས་ཀྱི་གསུང་ཆོས་གནང་སྐབས། ཕྱི་རྒྱལ་བ་དཔེ་ཆ་མི་ཤེས་མཁན་དྲན་རྒྱུ་ཅན་ཞིག་ཡོད་པ་ཁོང་ཡར་ལངས་ནས། བླ་མ་ལགས་སུ་ཞུ་རྒྱུར།  སྐུ་ཉིད་བླ་མ་ཡིན་ཙང་སྙིང་པོ་དེ་འདོན་མྱོང་མེད་ཙང་ཐུགས་ཁག་ཁྱོན༌ནས་མི་འདུག ང་ཚོས་སྙིང་པོ་མར་འདོན་གྱི་ཡོད་པས་སྙིང་པོ་བཏོན་ན་སྙིང་པོ་ག་ནས་ཡོང༌། ང་ཚོས་སྙིང་པོ་བཏོན་བཏོན་ཉིད་ཀྱིས་ད་ནི་ཞེན་པའང་ལོག་གི་འདུག ཅེས་ཞུས་པར་བླ་མ་ནི་བཞད་མོ་ཤོར། བླ་མས། ཁྱེད་རང་གིས་སྙིང་པོ་མཐོང་ནས་ཞེན་པ་ལོག་ན་ཡག་པོ་རེད། འོན་ཀྱང་ཁྱེད་རང་ནི་དེ་ལྟར་མིན་པར་སྙིང་པོ་མ་མཐོང་བར་ཞེན་པ་ལོག་པ་རེད། ཁྱེད་རང་གི་སྐད་ཆར་སྙིང་པོ་མི་འདུག་ལ། ཁྱེད་རང་ལ་ངོ་ཚའང་མི་འདུག ཅེས་གསུངས་པར་ཆོས་ཞུ་བ་ཚང་མ་གད་མོ་དབང་མེད་དུ་ཤོར་རོ། །

དག་ཡིག་མི་ཤེས་མཁན་གྱི་གྲྭ་པ།

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    ཉིན་གཅིག་སུམ་རྟགས་གཉིས་རྩ་བ་ནས་སྦྱངས་མྱོང་མེད་པའི་དཔེ་ཆ་བ་ཞིག་གིས་སྡེབ་སྦྱོར་རིན་ཆེན་ཕྲེང་བའམ་བྱིས་པ་དག་ཡིག་གཅིག་ལག་ཏུ་བཟུང་ནས་བལྟ་ཙམ་བྱས་པ་རེད། ཁོང་གིས་དག་ཡིག་དེ་ཀློག་གིན་ཀློག་གིན་ལ་གང་ཙམ་ནས། རྐུ་མ་རྐུ་བ་ར་རྐུ་ཡིན། ཞེས་པ་དེ་མཐོང་པ་དང་སྦྲགས།  ཧ་ཧ་ཧཧཧཞེས་བཞད་མོ་ཆེན་པོ་ཞིག་ཤོར་ནས། དེ་ལ་དགག་ཡིག་ཅིག་བྲིས་པ་འདི་ལྟར།  རྐུ་མ་རྐུ་བ་ཡིན་ན་ཆོས་ཅན། ར་དང་ལུག་གཅིག་པུ་རྐུ་མཁན་ཡིན་པས་མ་ཁྱབ་པར་ཐལ། གསེར་དང་དངུལ་ལ་སོགས་པའང་རྐུ་མཁན་ཡོད་པའི་ཕྱིར། འདོད་ཟེར་ན། འཁོར་གསུམ་ཞེས་བྲིས་པས། ཁོང་གིས་བྲིས་པ་དེ་རིག་གནས་དང་དག་ཡིག་ཤེས་མཁན་ཞིག་གིས་གཟིགས་ཏེ། གོང་གི་དཔེ་ཆ་བའི་གད་མོ་དེ་ལས་ཀྱང་ཆེ་བ་ཤོར་བཞིན། ཁོང་གིས་དེར་དག་བཅོས་ལེགས་པར་གནང་སྟེ། སྐུ་ཞབས་ཁོང་ལ་བཏང་པས་ཁོང་གིས་མཚན་ཉིད་གཅིག་པོ་མིན་པར་སུམ་རྟགས་ཀྱང་སྦྱོང་རྒྱུ་གལ་ཆེན་པོ་ཡིན་པ་མཁྱེན་ཏེ། སྦྱང་བརྩོན་གནང་བས་ཕྱིས་སུ་དོན་དམ་པའི་མཁས་པར་གྱུར་པ་རེད།

ལྷམ་གྱོན་ནས་ཉལ་པ།

ས་སྐྱ་མཐོ་སློབ་པ་ཁྲི་ཚོ་འགྱུར་མེད་རྡོ་རྗེ།

    ཨ་མས་རང་གི་བུ་ཆུང་ལ། བུ་རང་ལྷམ་གྱོན་ནས་ཉལ་ན་ཉལ་ཆས་བཙོག་པ་བཟོ་ཡི་མ་རེད་དམ། ལྷམ་མར་ཕུད་དགོས་ཞེས་གསུངས་པར་བུ་ཆུང་གིས། ཨ་མ་ལགས། མདང་དགོང་ང་རང་རྐང་རྗེན་མར་ཤེལ་ཧྲུག་ཐོག་ཕྱིན་པའི་རྨི་ལམ་བཏང་བྱུང་བས། ངའི་རྐང་པར་ན་ཟུག་ཆེན་པོ་ཞེ་པོ་ཞིག་བཏང་བྱུང༌། བྱས་ཙང་དོ་ནུབ་ངས་ལྷམ་གྱོན་ནས་ཉལ་ན་ཤེལ་ཧྲུག་ཐོག་ཕྱིན་པའི་རྨི་ལམ་ག་ཚོད་བཏང་ན་ཡང་སྐྲག་དགོས་པ་མི་འདུག་བསམས་ནས་གྱོན་པ་ཡིན། ཞེས་ཞུས་པ་རེད།

ར་ཕ་མ་བུ་གསུམ།

དགའ་ཤར་སློབ་མ་དཀོན་མཆོག་ལྷག་པ།

    ཐེངས་གཅིག་ར་མ་བུ་གསུམ་ལུང་པའི་ཕུར་གནས་སྐོར་ཞིག་ལ་འགྲོ་སྐབས། རི་ཟུར་ཞིག་ཏུ་ཚ་ཕོག་རྒྱག་རྒྱུ་བྱས་ཏེ། ར་ཕོས་ཤིང་སྒྲུག་ཏུ་སོང༌། ར་མས་མེ་གཏོང་རྒྱུའི་གྲ་སྒྲིག་བྱས། རེའུས་ཆུ་ལེན་དུ་སོང༌། རེའུ་ཆུ་འགྲམ་དུ་སླེབས་སྐབས་སྤྱང་ཀི་ཞིག་ཐུག་སྟེ་ཁོས་རེའུར་དབང་ཡོད་བཤད་དེ། ངའི་མིང་ལ་གང་ཟེར་རམ། ཞེས་དྲིས་པར་རེའུས། ཁྱེད་ཀྱི་མིང་ལ་ཨ་ཁུ་གཤིན་རྗེ་རྒྱལ་པོ་ཟེར། ཞེས་ལབ་པར་ཡང་སྤྱང་ཀི་དེས། འོ་ན་ངས་གང་གྱོན་འདུག་གམ། ལབ་པར་རེའུ་དེས། ཁྱེད་ཀྱིས་ང་ཚོའི་སྤུ་ལས་བཟོས་པའི་ཕྱུ་པ་ལྗང་ཁུ་ཞིག་གྱོན་འདུག ཅེས་ལབ། ཡང་སྤྱང་ཀི་དེས། བྱས་ན་ངས་གང་བཏགས་འདུག་གམ། ལབ་པར་རེའུ་དེས། ཁྱེད་ཀྱིས་ང་ཚོའི་ལུང་པ་ནས་ཐོན་པའི་གསེར་དངུལ་གྱི་རྒྱན་ཆ་བཏགས་འདུག ཅེས་ལབ་པར་སྤྱང་ཀི་དེས་ཁོང་ཁྲོ་དང་བཅས་སྤྱང་ཀིའི་སྐད་ཐོག་ནས། འོ་གཡའའོ་ཏ་ ཧྲེ་ནི། ཞེས་བོད་སྐད་དུ་བསྒྱུར་ན། ང་ལ་དགོས་པ་དེ་ཁྱོད་ཡིན་ཟེར་ནས་རེའུ་དེ་བསད་དེ་བཟས། ར་ཕ་མ་གཉིས་ཀྱིས་རང་གི་རེའུ་ཡུན་རིང་བསྒུགས་ཀྱང་མ་ཡོང་སྟབས་ར་མ་ཆུ་ལེན་སར་ལྟ་བར་སོང༌། ཆུ་ལེན་ས་དེར་སྤྱང་ཀི་ཁོ་ཐུག་སྟེ་རེའུར་གང་ལབ་པ་བཞིན་ལབ་སྟེ་ར་མ་ཡང་བསད་དེ་བཟས། དེའི་རྗེས་ར་ཕོ་ཆུ་ལེན་ས་དེར་ཡོང་སྐབས་ཏག་ཏག་སྤྱང་ཀི་ཁོ་ཐུག་སྟེ་ཁོས། ངའི་མིང་ལ་གང་ཟེར་རམ། ཞེས་དྲིས་པར་ར་ཕོས། ཁྱེད་རང་གི་མིང་ལ་རྒྱ་ཁྱི་མི་གསོད་ལག་དམར་བ་ཟེར། བརྗོད་པར་ཡང་སྤྱང་ཀི་ཁོས། ངས་ག་རེ་གྱོན་འདུག་གམ། ཞེས་ལབ་པར་ར་ཕོས། ཁྱོད་ཀྱིས་གཡོ་སྒྱུའི་སྤྱང་ལྤགས་སྔོན་པོ་ཞིག་གྱོན་འདུག ཅེས་ལབ་པར་ཡང་ཁོས། འོ་ན་ངས་གང་བཏགས་འདུག་གམ། ལབ་པར་ཡང་ར་ཕོས། ང་ཚོའི་དཔའ་བོ་དཔའ་མོ་གྲངས་ལས་འདས་པ་བསད་པའི་སོར་མོའི་ཕྲེང་བ་ཞིག་བཏགས་འདུག ཅེས་སྤོབས་སེམས་ལྡན་པའི་ངང་བཤད་པར་སྤྱང་ཀི་ཁོ་ཚིག་པ་ཟ་ཐག་ཆོད་ནས། འོ་གཡའའོ་ཏ་ ཧྲེ་ནི། ཞེས་གསོད་གྲབས་བྱེད་སྐབས། ར་ཕོས་ཞེད་སྣང་མེད་པར་ཀྱག་ཀྱག་བྱས་ནས་རིལ་མ་མང་དག་ཅིག་བཏང་པར་སྤྱང་ཀི་དེས། ཁོ་རེ་དེ་གང་རེད་དམ་ཞེས་དྲིས་པར་ར་ཕོས། འདི་ནི་ངའི་དམག་མིར་མདེའུ་གྲ་སྒྲིག་བྱེད་ཀྱི་ཡོད། ཅེས་བཤད་པར་སྤྱང་ཀི་ཁོ་ཞེད་ཐག་ཆོད་ནས་རང་ཡུལ་དུ་བྲོས་སོ། །

ལྷ་མོའི་སྦྱིན་བདག

དགའ་བྱང་གོ་བོ་རྨར་ཁམས་བློ་བཟང་རྒྱལ་མཚན།

   རྒན་རྒྱལ་མཚན་ལགས་ནི་གཞུང་ཆེན་མོར་མཁྱེན་རྒྱ་ཆུང་ཡང་རང་རློམ་ཅན་ཞིག་ཡིན། ཉིན་གཅིག་ཁོང་ལྷ་མོ་ཁང་ནས་མར་ཕེབས་སྐབས་གྲྭ་ཆུང་ཚུལ་ཁྲིམས་ཡི་གེ་འབྲི་བཞིན་ཡོད་པ་མཐོང་བས་ཁོང་གིས། ཁོ་རེ་ཁྱོད་ག་རེ་འབྲི་ཡི་ཡོད་དམ། ཞེས་དྲིས་པར་ཚུལ་ཁྲིམས་ཀྱིས་སྦྱིན་བདག་ལ་ཡི་གེ་ཞིག་འབྲི་ཡི་ཡོད་ལབ། རྒན་རྒྱལ་མཚན་ལགས་ནས། ལྟས་ངན་ཁྱོད་དགོས་པའི་སློབ་སྦྱོང་མ་བྱས་མི་དགོས་པའི་སྦྱིན་བདག་ལ་ཡི་གེ་རྐྱང་རྐྱང་འབྲི་ཡིན་སྡོད་ཨ། དཔལ་ལྡན་ལྷ་མོའི་བཀའ་ཆད་ཕོག་ཡོང༌། ཞེས་ཚོགས་གཏམ་བཏང་པར། ཚུལ་ཁྲིམས་ཀྱིས། རྒན་ལགས་སྦྱིན་བདག་ལ་ཡི་གེ་བྲིས་པར་བཀའ་ཆད་ག་རེ་བྱས་ཏེ་ཕོག མ་གཞི་ནས་དཔལ་ལྡན་ལྷ་མོ་ཁོང་རང་ལ་ཡང་སྦྱིན་བདག་ག་ཚོད་དང་ག་ཚོད་མི་འདུག་གམ། ཞེས་ལབ་པར་རྒན་དེ་ཧང་སངས་ཏེ། ལྟས་ངན་ཁྱོད་ཀྱིས་ག་རེ་ཟེར་གྱི་ཡོད། དཔལ་ལྡན་ལྷ་མོར་སྦྱིན་བདག་མང་པོ་ག་པར་འདུག ཅེས་གསུངས་པར་ཚུལ་ཁྲིམས་ཀྱིས། ཡོད་དང་ཡོད། འཇིག་རྟེན་ན་སྐད་གྲགས་ཆེ་ཤོས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་དང༌། ལྷ་ཆེན་ཚངས་པ་ཆེན་པོ། ཀླུའི་རྒྱལ་པོ་དགའ་བོ་ལ་སོགས་ཁོང་གི་སྦྱིན་བདག་མིན་ན་གང་རེད་དམ། དེ་ལྟར་མིན་ན་དཔལ་ལྡན་ལྷ་མོའི་སྙན་གཡས་ཀྱི་སེངྒེ་དང༌། རྨ་བྱའི་གཙུག་ཕུད། སྦྲུལ་གྱི་གདེངས་ཀ་སོགས་སུས་ཕུལ་བ་རེད་དམ། ཞེས་དྲིས་པར་རྒན་རྒྱལ་མཚན་ལགས་ལ་ལན་འདེབས་རྒྱུ་མ་རག་པར་ལུས་པ་རེད།། །།མངྒལཾ།

སྔོན་གླེང༌།

 

Menu