[toc]

ཆེད་དུ་བརྗོད་པ།(བཀའ་ཤག)

༄༅། །པུར་རྒྱལ་བོད་ཀྱི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་དར་བ་ནས་བཟུང་སྟོན་པ་བདེ་བར་གཤེགས་པས་ཇི་ལྟར་བསྟན་པ་བཞིན་བསླབ་པ་གསུམ་གྱི་གོ་རིམ་མ་འཆོལ་ཞིང༌། ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་སྒོ་ནས་ཕྱི་ནང་གི་རིག་པའི་གནས་མཐའ་དག་ལ་སྦྱོང་བའི་ལམ་སྲོལ་རྨད་དུ་བྱུང་བ་ཞིག་དར་རྒྱས་རྒྱུན་འཛིན་ཐུབ་པའི་ཉེར་ལེན་ལས། འཇིག་རྟེན་འདིར་སུས་ཀྱང་འགྲན་དུ་མི་བཟོད་པའི་མཁས་པའི་དབང་པོ་གྲངས་ལས་འདས་པ་ཞིག་བོད་དུ་བྱོན་པ་དང༌། དེ་དག་གི་འཆད་རྩོད་རྩོམ་པའི་རླབས་ཆེན་གྱི་མཛད་རྗེས་ཟུབ་མེད་གཟེངས་ཐོན་དུ་ཡོད་པ་འདིས། ད་ལྟའང་བོད་དང་བོད་མིའི་ངོས་འཛིན་རྒྱུན་གནས་ཐོག བོད་ཀྱི་ཆོས་དང་རིག་གཞུང་ལེགས་བྱང་བཅས་ལ་དད་མོས་དང༌། ཤེས་འདོད་ཞུགས་པའི་སྐྱེ་བོ་ཧ་ཅང་མང་པོས་ས་ཡི་གོ་ལའི་ཁྱོན་ཀུན་ཁྱབ་པ་བྱུང་ཡོད།
    ཕྱི་ལོ་ ༡༩༥༩ ལོར་དུས་འགྱུར་མི་བཟད་པའི་དབང་གིས་བོད་མི་ཁྲི་ཕྲག་མང་པོ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཕེབས་རྗེས་སུ་བསྙེགས་ཏེ་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་བཙན་བྱོལ་དུ་ཡོང་དགོས་བྱུང་བ་ནས་བཟུང་བོད་རིགས་ན་གཞོན་རྣམས་ལ་དེང་རབས་ཀྱི་ཤེས་ཡོན་སློབ་སྦྱོང་གི་དགོས་གལ་ཧ་ཅང་ཆེ་བར་གཟིགས་ཏེ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་ལམ་སྟོན་དང་གནས་ཡུལ་རྒྱ་གར་གཞུང་གི་མཐུན་འགྱུར་ལ་བརྟེན་ནས་བཙན་བྱོལ་བོད་ཕྲུག་ཡོངས་ལ་སྲོལ་རྒྱུན་དང་དེང་རབས་གཉིས་ཀའི་སློབ་གསོའི་གོ་སྐབས་རྨད་དུ་བྱུང་བ་ཞིག་ཐོབ་ཅིང༌། ཕྱི་ལོ་ ༡༩༥༩ ནས་བཟུང་ལོ་གྲངས་གསུམ་བཞིའི་ནང་སློབ་ཚན་འཆར་འགོད་དང༌། སློབ་དེབ་རྩོམ་སྒྲིག དགེ་རྒན་འོས་སྦྱོང་སོགས་གང་ཅིའི་གོ་སྒྲིག་ཕུན་སུམ་ཚོགས་པའི་ངང་བཙན་བྱོལ་སྤྱི་ཚོགས་སུ་ཤེས་ཡོན་སློབ་གསོའི་ལས་རིམ་ཐོག་རླབས་ཆེན་གྱི་གྲུབ་འབྲས་ཐོན་ཡོད། འོན་ཀྱང་ཕྱི་ལོ་ ༡༩༧༠ མགོ་སྟོད་ཙམ་ནས་བཟུང་བཙན་བྱོལ་བོད་མི་རྣམས་འཚོ་ཐབས་དང་གནས་ཡུལ་གང་ཐད་ནས་ལྷིང་འཇགས་ཕྲ་ཚུགས་རིམ་བྱུང་སྐབས་ཛ་དྲག་གི་ཚོར་སྣང་ཉམས་ཏེ་སློབ་གསོའི་ལས་དོན་ཡང་འཆར་ཅན་རྒྱུན་ལས་ཀྱི་རང་བཞིན་དུ་སོང་ནས་ཤེས་ཡོན་ཙམ་མ་ཟད། སྒྲིག་སྤྱོད་ཀྱང་ཇེ་ཞན་དུ་ཕྱིན་ཁར། ལྷག་པར་བོད་ཀྱི་སྐད་ཡིག་དང་ཐུན་མིན་རིག་གནས་ཁག་གི་སློབ་གསོ་ལ་དོ་ཕོག་ཇེ་མང་དུ་འགྲོ་བའི་སྐབས། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་གལ་ཆེའི་བཀའ་སློབ་ནན་ལྕི་ཡང་ཡང་ཕེབས་དགོངས་དང་བསྟུན་གཞི་རིམ་འཛིན་གྲྭ་ལྔ་པའི་བར་སློབ་སྦྱོང་གི་སྐད་ཡིག་བོད་སྐད་དུ་བསྒྱུར་ཐུབ་པ་བྱུང་ཡང༌། གཞི་རྩའི་ཤེས་ཡོན་གྱི་དགོས་དམིགས་དང་ངོ་བོ་བཅས་ཀྱི་ངོས་འཛིན་དང༌། སློབ་ཚན་བཀོད་བསྒྲིགས། སློབ་སྦྱོང་གི་སྒྲོམ་གཞི། སློབ་གསོའི་ཐབས་ལམ་བཅས་ཆ་ལག་ཚང་བའི་ལམ་སྲོལ་བཙན་བྱོལ་བོད་མིའི་དགོས་མཁོ་དང་འཚབས་པ་ཞིག་བསྐྲུན་མ་ཐུབ་པར་དུས་ཡུན་མི་ཉུང་བ་ཞིག་འདས་ཤིང༌། ཕྱི་ལོ་ ༡༩༩༡ ལོར་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་དོན་དམ་བོད་ཀྱི་གཞི་རྩའི་དགོས་མཁོ་དང་འཚམས་པའི་ཤེས་རིག་གི་སྲིད་བྱུས་ཡང་དག་ཅིག་བཟོ་རྒྱུ་གཞུང་གི་རྩ་བའི་བྱེད་སྒོ་ལམ་སྟོན་དུ་གསལ་ཡང༌། དེ་དག་ལག་བསྟར་བྱ་རྒྱུར་དུས་འགྱངས་རིང་ཙམ་སོང༌།
    ཕྱི་ལོ་ ༢༠༠༢ ནས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཤིག་གཏན་འབེབས་བྱ་རྒྱུའི་ལས་རིམ་བསྐྱར་འགོ་ཚུགས་ཏེ་ ༢༠༠༤ ཕྱི་ཟླ་ ༩ པའི་ནང་སྐབས་བཅུ་གསུམ་པའི་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་གཏན་ལ་ཕབ་ཡོད། སྲིད་བྱུས་འདི་འཁྲུགས་འཛིངས་ཅན་གྱི་འཇིག་རྟེན་འདིའི་ནང་ཆེས་གྲངས་འབོར་ཉུང་བའི་བོད་མི་རིགས་ཀྱི་ངོས་འཛིན་དང༌། ལྷག་པར་བོད་བརྒྱུད་ནང་དོན་རིག་པའི་གཞི་རྩ་ལ་བརྟེན་པའི་བོད་ཀྱི་ཐུན་མིན་བཅུ་ཕྲག་རིག་པའི་གནས་འཇིག་རྟེན་སྐྱེ་འགྲོ་ཡོངས་ལ་དགོས་མཁོ་ཆེ་ཞིང༌། འཕྲལ་ཡུན་གྱི་ཕན་བདེ་སྒྲུབ་པའི་ནུས་པ་ཅན་འདི་མི་ཉམས་རྒྱུན་འཛིན་ཐུབ་ཐབས་ཁོ་ན་གཙོ་བོར་བཟུང་ཐོག་དེང་རབས་ཀྱི་ལེགས་ཆ་ཡོད་དོ་ཅོག་ཀྱང་བླང་ཐུབ་པར་དམིགས་ཡོད།
    རྒྱ་ཆེ་གཏིང་ཟབ་ཀྱི་སློབ་གསོའི་ལྟ་གྲུབ་དང༌། ཐབས་ལམ་ཡིག་ཚོགས་ཉུང་ངུར་བསྡུས་པའི་ཡིག་ཆ་འདིའི་དངོས་ཤུགས་ཀྱི་བརྗོད་བྱ་དང༌། བསྟན་དོན། དེ་དག་གི་གཞི་རྩའི་ལྟ་གྲུབ་ཀྱི་རྒྱབ་ལྗོངས། ལམ་སྲོལ་གྱི་ཆ་ལག་དང༌། འཕྲོས་དོན་སོགས་ཟབ་ཅིང་རྒྱ་ཆེ་བའི་ནང་དོན་རྣམས་ཞིབ་ཕྲའི་འགྲེལ་བརྗོད་ངོ་སྤྲོད་ཅིག་མ་བྱུང་ན་ཇི་བཞིན་རྟོགས་དཀའ་བའི་གནས་སུ་གཟིགས་ཏེ་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་ཉམས་ཞིབ་པ་རེ་མདོ་སེངྒེ་མཆོག་གིས་ བོད་ཀྱི་ཤེས་ཡོན་ལོ་རྒྱུས་སྤྱི་དང༌། བྱེ་བྲག་བོད་མིའི་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཉབས་ཞིབ་ཆེད་རྩོམ་ ཞེས་པའི་དཔེ་དེབ་རྩོམ་སྒྲིག་གནང་འདུག་པ་འདིས་བློ་གསལ་དོན་གཉེར་ཅན་མང་པོར་བོད་ཀྱི་ཤེས་ཡོན་གྱི་བྱུང་རབས་དང༌། འཕེལ་རིམ། དེ་བཞིན་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུསཀྱི་རྒྱབ་ལྗོངས་དང་སྲིད་བྱུས་དངོས་ཀྱི་བརྗོད་དོན། དེའི་འཕྲལ་ཕུགས་ཀྱི་བསྒྲུབ་བྱའི་དམིགས་ཡུལ་བཅས་ལ་གོ་རྟོགས་ཚད་ལྡན་གོང་འཕེལ་ཡོང་རྒྱུ་དང༌། ལོག་རྟོག་དང་ཐེ་ཚོམ་སེལ་བའི་ཆ་རྐྱེན་བཟང་པོ་ཞིག་གྲུབ་འདུག་པར་ཡི་རང་དང་ལེགས་སོའི་བསྔགས་བརྗོད་ཡོད།
    ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བོད་མིའི་སྤྱི་ཚོགས་སུ་ལག་བསྟར་ཚད་ལྡན་ཞིག་ཡོང་རྒྱུར་ཕྱི་ནང་གི་མཐུན་རྐྱེན་སྤྱི་དང༌། ཁྱད་པར་སློབ་དགེའི་སྤུས་ཚད་དང་ཕ་མའི་ཕུགས་བསམ་ལ་ཤུགས་ཆེ་རག་ལུས་པར་བརྟེན། དེ་དག་ཚང་འཛོམས་ཡོང་རྒྱུར་དུས་ཡུན་གང་འཚམས་འགོར་རྒྱུར་སྨོས་མེད་ཐོག འཛོམས་དུས་ཤིག་ཡོང་མིན་ཡང་སོམ་ཉིའི་གནས་སུ་མཐོང༌། བདག་ཉིད་ཆེན་གཱན྄དྷིའ་སྐུ་ཚེ་ཧྲིལ་པོ་རྒྱ་གར་གྱི་རྒྱལ་ཁབ་དང་མི་རིགས་ལ་ཞབས་འདེགས་རླབས་ཆེན་བསྒྲུབས་གནང་མཛད་པའི་མཐའ་མཇུག་ཏུ་ཤེས་ཡོན་གསར་པ་ནཡིའ་ཏཱལིའམ་ཞེས་པའི་དགོངས་ཚུལ་རྒྱས་བཤད་གནང་སྟེ་དགོངས་ཚུལ་འདི་ནི་ཁོང་གིས་རྒྱ་གར་མང་ཚོགས་ལ་ཕུལ་བའི་ལེགས་སྐྱེས་མཐའ་མ་དང་བཟང་ཤོས་དེ་ཡིན་ཞེས་བཀའ་བསྩལ་ནའང༌། ཆེས་དེང་རབས་དང་དེང་རབས་གོང་མའི་བསམ་སྤྱོད་ཀྱི་རླུང་འཚུབ་འཁྲུགས་པའི་གསེབ་ཏུ་གཱན྄དྷིའའི་ལམ་སྟོན་གྱི་མར་མེ་ཡུན་རིང་འཚོ་གནས་མ་ཐུབ། རང་རེའི་ཤེས་ཡོན་སྲིད་བྱུས་འདི་ཡང་དེ་མཚུངས་སུ་འགྱུར་མི་སྲིད་པ་མིན་ནའང༌། གལ་འགངས་ཆེ་བའི་ལྟ་གྲུབ་དང་ལམ་སྲོལ་འདི་ཡིག་ཆར་འཁོད་ཐུབ་པ་ཙམ་གྱིས་བྱུང་རབས་དེབ་ཐེར་དུ་གནས་རྒྱུའི་ཐོག ནམ་ཞིག་དངོས་སུ་ལག་ལེན་བསྟར་བའི་གོ་སྐབས་ཤིག་ཡོང་རྒྱུའི་སྲིད་མཐའ་མ་བཀག་པས་རེ་བ་བཟང་ཕྱོགས་སུ་བརྒྱབ་རྒྱུའི་ཆ་རྐྱེན་ཞིག་མངོན་དུ་གྱུར་ཟིན། འོན་ཀྱང་འབྱུང་འགྱུར་སྲིད་བྱུས་འདིའི་ལས་དབང་ཅི་འགྱུར་ནི་རྒྱལ་སྤྱིའི་གནས་བབ་དང༌། ལྷག་པར་བོད་མིའི་སྤྱི་མཐུན་གྱི་ལས་བསོད་ལ་རག་ལུས།
    ཉམས་ཞིབ་པ་རེ་མདོ་སེངྒེས་བློ་གཟུ་བོར་གནས་པའི་ཐོག ཕྲ་ཞིང་མཛངས་ལ་ཞིབ་པའི་བློ་གྲོས་ཀྱིས་དཔྱད་པ་ཕུན་སུམ་ཚོགས་པའི་ལམ་ནས་སྲོལ་རྒྱུན་མཐའ་དཔྱོད་ཀྱི་ཁྱད་ཆོས་དང༌། དེང་རབས་ཉམས་ཞིབ་ཀྱི་གནས་ཚད་གཉིས་འཛོམས་ཡོད་པའི་རྩོམ་ཡིག་འདིས་ཀློག་པ་པོ་རྣམས་ལ་དོན་ཕན་རླབས་ཆེ་རྒྱུན་སྲིང་ཡོང་བའི་ཡིད་ཆེས་ཡོད། འགྲོ་ཀུན་བདེ་བའི་སྨོན་འདུན་བཟང་པོ་བཅས། ཤཱཀྱའི་དགེ་སློང་ཟམ་གདོང་པ་བློ་བཟང་བསྟན་འཛིན་གྱིས་ ༢༠༡༡ ཕྱི་ཟླ་ ༡ ཚེས་ ༡༩ ལ་བྲིས་པ་དགེ་བར་གྱུར་ཅིག། །། ཇཡཇགཏ྄།།

ཆེད་དུ་བརྗོད་པ།(ཤེས་རིག་ལས་ཁུངས)

༄༅། །གཞུང་ལུགས་དུ་མར་མང་དུ་ཐོས་ཤིང། འདུལ་བ་འཛིན་པ་ཀིརྟི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་དཔོན་རེ་མདོ་སེང་གེ་ལགས་ཀྱིས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དམིགས་ཚད་དང། ལྟ་བའི་རྒྱབ་ལྗོངས་སྐོར་ཉམས་ཞིབ་གནང་བའི་རྩོམ་སྒྲིག་འདིའི་ཐོག་མཐའ་བར་གསུམ་དུ་ཞིབ་བཀླགས་བྱ་རྒྱུ་བྱུང་ཞིང། བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་མ་བྱུང་བའི་སྔ་རོལ་ན་ཤེས་ཡོན་སློབ་གསོའི་ལམ་སྲོལ་ཅི་འདྲ་ཞིག་ཡོད་པ། དུས་རབས་བདུན་པའི་ནང་ཐོག་མར་སངས་རྒྱས་ཀྱི་ཆོས་དང། རིག་གནས་རིམ་དར་བྱུང་བ་ནས། ཕྱི་ལོ་༡༩༥༩ ལོར་བོད་དུ་དུས་འགྱུར་མི་བཟད་པ་བྱུང་བའི་བར་གྱི་སྲོལ་རྒྱུན་སློབ་གསོའི་གནས་བབ། ལྷག་པར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་རྗེས་སུ་བོད་མི་འབུམ་ལ་ཉེ་བ་ཞིག་བསྙེགས་ཏེ་བཙན་བྱོལ་དུ་ཡོང་དགོས་བྱུང་བའི་བོད་ཕྲུག་ན་གཞོན་རྣམས་སྲོལ་རྒྱུན་དང་དེང་རབས་གཉིས་ཀའི་ཤེས་ཡོན་པ་འདབ་གཤོག་གཉིས་ལྡན་ཞིག་ཏུ་བསྐྱེད་བསྲིང་བྱ་རྒྱུ་སྤྱི་སྒེར་གཉིས་དང། རྒྱལ་ཁབ་མི་རིགས་བཅས་པར་འཕྲལ་ཡུན་གང་ལའང་ཧ་ཅང་གལ་ཆེ་བར་དགོངས་ཏེ་བོད་མིའི་སློབ་གྲྭ་ཟུར་འཛུགས་གནང་བའི་རླབས་ཆེན་གྱི་མཛད་པ་བསྐྱངས་ཏེ་ཤེས་ཡོན་གྱི་གོ་སྐབས་ཁྱད་འཕགས་ཤིག་བསྩལ་ཐོབ་བྱུང་བ་ནས་བཟུང། གཞི་རིམ་ཤེས་ཡོན་སྲིད་བྱུས་གཏན་ལ་ཕབ་སྟེ་ཉམས་ལེན་འགྲོ་བཞིན་པའི་བར་གྱི་སློབ་གསོའི་ལས་དོན་བོད་མིའི་གཞི་རྩའི་དགོས་མཁོ་དང་འཚམས་པར་དུས་ནས་དུས་སུ་འཐུས་ཁ་ཚང་བ་བསྐྲུན་ཐུབ་པ་བྱུང་ཡོད་མེད་བཅས་པར་ཕྱོགས་སུ་མ་ལྷུང་ཞིང། ཨ་ཕའི་ཕོར་བར་གཙང་ཞེན་གྱི་དཔེར་ཡང་མ་སོང་བར་གཟུ་བོར་གནས་པའི་བློས་དགེ་སྐྱོན་ཉམས་ཞིབ་དང་མཛུབ་སྟོན་དཔྱད་པའི་མཐའ་བཅས་ཕྲ་ཞིབ་གནང་འདུག་པའི་གྲུབ་དོན་འདིས་རང་མི་རིགས་ལ་ཤེས་ཡོན་གྱི་སློབ་གསོ་ཇི་ལྟ་བུ་ཞིག་གིས་གསོ་སྐྱོང་དགོས་པའི་འཕྲལ་ཕུགས་གཉིས་དགེའི་གནད་ཀྱི་སྙིང་པོ་གང་ཞིག་ཛ་དྲག་ཡིན་པ་མ་རྟོག་པ་དང་ལོག་པར་རྟོག་པའི་གཉིད་དུ་སོང་བའི་ཁུལ་ལ་ནི་བཅོས་མེད་ཀྱང། གཞན་དུ་ནི་སངས་ཤིང། ཤེས་ཡོན་སློབ་གསོ་མི་ཚེ་འདི་སྒང་གི་འཚོ་བའི་མདུན་ལམ་ཁོ་ནའི་ཆེད་ཡིན་པར་སེམས་པའི་བག་ཆགས་འཐུག་པོས་བཅིངས་པ་ལས་ཀྱང་གྲོལ་བར་ངེས་པར་ཕན་ཐོགས་རླབས་ཆེན་ཡོང་ངེས་འདུག་ན། ཡི་རང་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བ་དང། བོད་མི་རིགས་དང་རྒྱལ་ཁབ་ཀྱི་སྲོག་རྩ་བོད་མིའི་སྐད་ཡིག་རིག་གཞུང་གསོན་པོར་གནས་ཤིང་འཇིག་རྟེན་ཀུན་ལ་དགེ་བའི་སྨོན་ལམ་བཅས། ཤེས་རིག་བཀའ་བློན་དུ་འབོད་པ་ཐུབ་བསྟན་ལུང་རིགས་ཀྱིས་རབ་གནས་ལྕགས་སྟག ༢༡༣༧ རྒྱལ་ཟླའི་དཀར་ཕྱོགས་རྫོགས་པ་གསུམ་པ། ཕྱི་ལོ་༢༠༡༡ ཟླ་༢ ཚེས་༡༨ ལ།།

སྔོན་དུ་གླེང་བའི་གཏམ།(རྩོམ་པ་པོ)

    ༄༅།། ཟླ་ཚེས་གསལ་པོ་ཞིག་མ་དྲན་ཡང་ཕྱི་ལོ་ ༢༠༠༣ ལོར་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་རགས་ཟིན་གཉིས་པའི་དཔེ་དེབ་ཅིག་ལག་སོན་བྱུང༌། འདི་ལ་དོན་ཚན་བཅོ་ལྔ་དང༌། ཤོག་གྲངས་སུམ་ཅུ་སོ་གྲངས་ཤིག་ལས་མེད་པས་བང་ཚོད་ཤིན་ཏུ་ཆུང་ངུ་ཞིག་ལས་མི་འདུག་ཀྱང༌། བསམ་བློ་ཞིབ་མོ་གཏོང་དགོས་པའི་དཔེ་དེབ་ཅིག་ཡིན་པས་དོན་ཚན་རེ་རེར་བསམ་གཞིག་ཞིབ་དཔྱོད་དང་སྦྲགས་ལྟ་ཀློག་བྱས་པ་ཡིན། དེབ་འདིས་ང་ལ་ཉམས་ཆག་གི་གཡང་ས་འགྲིམ་བཞིན་པའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ད་ལྟའི་གནས་སྟངས་འདི་ལས་ཛ་དྲག་གིས་སྐྱོབ་པ་ལ་ཤེས་ཡོན་སློབ་སྟོན་གྱི་སྲིད་བྱུས་འདི་ལྟ་བུའི་དགོངས་དོན་ལག་བསྟར་མི་བྱ་ཐབས་མེད་སྙམ་པའི་ཚོར་སྣང་ཟབ་མོ་ཞིག་སྤྲད་བྱུང༌།
    ཤེས་ཡོན་སློབ་སྟོན་དང་འབྲེལ་བའི་སྲིད་བྱུས་འདི་བོད་མིའི་སློབ་གྲྭ་ཁག་གི་ནང་དུ་ཛ་དྲག་གིས་ལག་བསྟར་བྱ་དགོས་ཀྱི་འདུག་སྙམ་པ་ནི། ཤེས་ཡོན་སྲིད་བྱུས་འདི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྔ་ཕྱིའི་ཤེས་ཡོན་སློབ་སྟོན་གྱི་རྩ་འཛིན་བཀའ་སློབ་དག་དང་ཡོངས་སུ་མཐུན་ཞིང༌། ད་ལྟའི་བོད་མི་མིགས་ཀྱི་དངོས་ཡོད་དགོས་མཁོ་དང་འཚམས་པ་ཞིག་ཡིན་པའི་ལྟ་ཚུལ་གྱི་ཐོག་ནས་བྱུང་ལ། ངོས་འཛིན་འདི་དང་འབྲེལ་བའི་བསམ་བློ་དང་གཞུང་ལུགས་ཀྱི་རྒྱབ་ལྗོངས་དག་ནི་གཞུང་དངོས་ཀྱི་སྐབས་སུ་ཞིབ་རྒྱས་སུ་འཆད་པར་འགྱུར་ལ། ཤེས་ཡོན་སྲིད་བྱུས་འདིར་བརྒྱུད་རིམ་གང་འདྲ་ཞིག་གི་ཐོག་ནས་ཉམས་ཞིབ་བྱས་པ་ངོ་བོ་དངོས་བསྟན་གྱི་ཚུལ་དུ་ངོ་སྤྲོད་ཤིན་ཏུ་བསྡུས་པ་ཞིག་དེབ་འདིའི་སྔོན་གླེང་གི་ཚུལ་འབྲི་ན་འདོད།
    སྤྱིར་ཤེས་ཡོན་སློབ་སྦྱོང་བྱེད་པ་ནི་མིའི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རྣམ་དཔྱོད་འཕེལ་བའི་བྱེད་སྒོ་ཞིག་ཡིན་ཞིང༌། མིས་ཤེས་ཡོན་སློབ་སྦྱོང་བྱེད་པའི་དགོས་དོན་མི་གསོན་གནས་ཐུབ་པ་དང༌། བཟའ་བཏུང་གི་མཐུན་རྐྱེན་འཚོལ་སྒྲུབ་ཙམ་གྱི་ཆེད་དུ་མ་ཡིན་པར། སེམས་རྒྱུད་ཀྱི་ནུས་པ་སད་སྨིན་རྫོགས་གསུམ་བྱེད་པ་དང༌། ཀུན་སྤྱོད་བག་ཡོད་ཚུལ་དང་མཐུན་པ་ཞིག་སྟེ། མདོར་ན། རྣམ་དཔྱོད་ལྡན་པ་དང༌། ཀུན་སྤྱོད་ལྡན་པ། གཞན་ཕན་བྱམས་བརྩེ་ལྡན་པ་ཞིག་ཏུ་འཚར་ལོངས་ཡོང་བའི་ཆེད་དུ་ཡིན་ལ། ལྷག་པར་བོད་མི་རིགས་ཀྱིས་རླབས་ཆེན་གཞན་ཕན་གྱི་འགན་འཁྲི་དང༌། ཐུན་མོང་མིན་པའི་ངོས་འཛིན། མི་ཚེའི་རིན་ཐང་བཅས་རྒྱུན་འཛིན་ཐུབ་མིན་ཡང་ཤེས་ཡོན་སློབ་སྟོན་དང་འབྲེལ་བའི་སྲིད་བྱུས་འདི་འདྲ་ཞིག་ལ་ངེས་པར་ལྟོས་པ་རྩོད་མེད་དངོས་ཡོད་ཅིག་ཡིན།
    ངའི་ཐོག་མའི་རེ་བ་ལ་བོད་ནང་དུ་རྒྱའི་སྲིད་བྱུས་ཀྱིས་རྐྱེན་པས་བོད་མིའི་དོན་དམ་གྱི་དགོས་མཁོ་དང་འཚམས་པའི་ཤེས་ཡོན་ལམ་སྲོལ་ཞིག་ལག་བསྟར་བྱེད་མི་ཐུབ་པ་དངོས་ཡོད་གནས་ཚུལ་ཡིན་མོད། ང་ཚོ་བཙན་བྱོལ་དུ་འབྱོར་བ་ནི༑ བོད་མི་རིགས་ཀྱི་ངོ་བོ་འཛིན་པའི་སྐད་ཡིག་དང༌། རིག་གཞུང་གོམས་གཤིས། ཡ་རབས་བཟང་སྤྱོད་བཅས་རྒྱུན་འཛིན་སྒོས་བོད་ཀྱི་བདེན་དོན་དང་རྩ་དོན་འཐབ་རྩོད་ཆེད་དུ་ཡིན་པའི་གནས་ལུགས་དང་རྒྱུ་མཚན་གྱི་ཐོག་ནས། རང་དབང་ལུང་པར་བོད་མི་རྣམས་ཀྱིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་དཔྱིས་ཕྱིན་པར་སློབ་སྦྱོང་བྱེད་པར་འགོག་རྐྱེན་གཉིས་པ་ཞིག་ཡོད་འདང་མ་བྱས་ཀྱང༌། དོན་ངོ་མར་ཐུག་དུས་སྟབས་བསྟུན་ཞེས་པའི་ཚིག་བརྗོད་གཅིག་གི་འོག་ནས་རང་དབང་ལུང་པར་ཡང༌། བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་སློབ་ཚན་ཕལ་བ་ཞིག་གི་གནས་བབ་ལས་ཐོབ་ཐུབ་ཀྱི་མི་འདུག་ལ། རང་རེའི་སློབ་གྲྭ་ཁག་ཏུ་སློབ་སྦྱོང་སྤྲོད་བཞིན་པའི་བོད་ཕྲུག་ཕལ་མོ་ཆེ་སྐད་ཡིག་གོམས་གཤིས་དང༌། བསམ་བློ། ལྟ་བ་བཅས་བོད་མི་དངོས་གནས་པ་ཞིག་ཏུ་གཏན་ནས་འཚར་ལོངས་བྱེད་ཐུབ་ཀྱི་མེད། འདི་རྒྱ་མིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་གཏོར་བཅོམ་བྱས་པ་མ་ཡིན་པར། རང་ཉིད་ཀྱིས་རང་གི་ཚེ་སྲོག་ལ་ཉེན་ཁ་བཟོ་བཞིན་པའི་དངོས་ཡོད་གནས་ཚུལ་ཡིན་པའི་གནས་ལུགས་ངོས་ཟིན་པའི་བོད་མི་ཉུང་ངུ་ལས་མི་འདུག
    སྐབས་བཅུ་གཉིས་པའི་བཀའ་ཤག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཤེས་ཡོན་སློབ་སྟོན་གྱི་དགོངས་པ་ཁག་གཞི་ལ་བཞག་པའི་ཐོག་ནས་བཟོས་པའི་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཞེས་པ། བོད་མི་མང་སྤྱི་འཐུས་གྲོས་ཚོགས་བརྒྱུད་གཏན་ལ་ཕབ་པ་དངོས་སུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འགྲེམས་སྤེལ་བྱས་ཡོང་བའི་སྐབས་རེ་བ་ཕྲན་བུ་བྱེད་མྱོང་ཡང༌། སྲིད་བྱུས་དེ་གསར་རྩོམ་གྱི་སྐབས་དང་དངོས་སུ་སྤྱི་ཚོགས་ནང་དུ་སླེབས་པའི་སྐབས་ཐོག་མའི་རེ་བ་དང་ཚོད་དཔག་ལས་བརྒལ་བའི་གནས་ཚུལ་བསམ་ཡུལ་ལས་འདས་པ་མང་པོ་བྱུང༌། དེར་བརྟེན་རང་ཉིད་ཀྱི་ཐོག་མའི་ལྟ་ཚུལ་ལ་ཡིད་མ་ཆེས་པ་ལྟ་བུས་ད་ལྟའི་དུས་བབ་ཛ་དྲག་གི་སྐབས་འདིར་བོད་མི་རིགས་ལ་ཤེས་ཡོན་སློབ་སྦྱོང་གང་འདྲ་ཞིག་དགོས་གནད་དུ་གྱུར་ཡོད་མེད། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་ནང་དོན་དང་ལག་ལེན། ལག་ལེན་དངོས་ཀྱི་བརྒྱུད་རིམ་ཁྲོད་ནས་བྱུང་བའི་མིའི་མྱོང་བ། ལག་ལེན་དངོས་ལ་བརྟེན་ནས་ཐོབ་པའི་མིག་སྔའི་གྲུབ་འབྲས། སྲིད་བྱུས་ཀྱི་ནང་དོན་དང་ལག་ལེན་དངོས་ཀྱི་གནས་བབ་བཅས་ཁ་འཐབ་ནས་བསྐྱར་དུ་རྟོག་ཞིབ་བྱ་འདོད་ཀྱི་སེམས་ཤུགས་སྣོན་མ་ཞིག་བྱུང་ལ། བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ནས་ཀྱང་ཕྲན་གྱི་ལས་ཞོར་ཉམས་ཞིབ་འདི་ལ་མཐུན་འགྱུར་གང་དགོས་རོགས་རམ་གནང་ངེས་ཡིན་པའི་བཀའ་བསྩལ་བཀའ་དྲིན་ཐོབ།
    རིག་གཞུང་དཔྱད་བརྗོད་དང་འབྲེལ་བའི་རྩོམ་ཡིག་བྲིས་དང་འབྲི་བཞིན་པའི་ཉམས་མྱོང་གི་ཐོག་ནས་ཉམས་ཞིབ་དང་འབྲེལ་བའི་དཔྱད་བརྗོད་འདི་འདྲ་འབྲི་བ་ལ་ཡང་དཀའ་ངལ་འཕར་མ་ཞིག་འབྱུང་ངེས་པའི་བསམ་བློ་མ་འཁོར་ཡང༌། དོན་དངོས་སུ་ཉམས་ཞིབ་འདི་རང་བཞིན་གྱིས་སྤྱི་ཚོགས་དང་འབྲེལ་བའི་དཔྱད་བརྗོད་ཅིག་ཏུ་འདུག་ལ། སྤྱི་ཚོགས་དཔྱད་བརྗོད་ནི་རིག་གཞུང་དཔྱད་བརྗོད་དང་གཏན་ནས་མི་འདྲ་བར་ལུས་ངག་ཡོངས་རྫོགས་ཀྱིས་རྩོལ་བ་འཕར་མ་བསྟེན་དགོས་པའི་དཀའ་ཁག་ཆེན་པོ་ཅན་ཞིག་རེད། ལྷག་པར་དེ་སྔ་སྤྱི་ཚོགས་དཔྱད་བརྗོད་ཀྱི་རྩོམ་ཡིག་འབྲི་མྱོང་མེད་ལ། སྤྱི་ཚོགས་ཉམས་ཞིབ་དང་འབྲེལ་བའི་སློབ་སྦྱོང་དམིགས་བསལ་བ་ཞིག་ཐོབ་མྱོང་མེད་སྟབས་ཉམས་ཞིབ་ཀྱི་བརྒྱུད་རིམ་ནང་ཐོག་མཐའ་བར་གསུམ་དུ་དཀའ་ངལ་མང་པོ་བྱུང་ལ། དེ་ལས་ཀྱང་མ་བདེ་བ་ཞིག་ནི། ཐོག་མའི་ལྟ་ཚུལ་དང་མི་མཐུན་པའི་སྐད་ཆ་མང་པོ་ཞིག་ཀྱང་ཆེད་རྩོམ་འདིའི་ཐོག་མཐའ་བར་གསུམ་དུ་འབྲི་དགོས་བྱུང་བ་འདི་ཡིན།
    ཤེས་ཡོན་སྲིད་བྱུས་འདི་ལ་དགག་པ་དང་རྒྱབ་སྐྱོར་བྱེད་མཁན་གྱི་རྩོམ་ཡིག་གང་འཚམས་ཤིག་བྱུང་ཡོད་ཀྱང༌། དེ་དག་མང་ཆེ་བ་དེབ་ཐོག་རྐྱང་པ་ལ་བལྟས་ནས་རིགས་ཐབས་མ་འདྲ་བའི་ཐོག་ནས་ཚོད་དཔག་བྱས་པ་ཙམ་མ་གཏོགས། སྲིད་བྱུས་འདི་ལག་བསྟར་གྱི་སྤྱི་ཚོགས་ནང་དངོས་སུ་ཞུགས་ནས་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་བྱེད་མྱོང་བ་ཤིན་ཏུ་དཀོན་ཞིང༌། དེབ་ཐོག་གི་བཤད་པ་ནི་བཤད་པ་ཙམ་དུ་ཟད། ཁོ་བོས་དེབ་ཐོག་གི་བཤད་པ་ཙམ་དུ་མ་བཞག་པར་སྲིད་བྱུས་ལག་བསྟར་དང་འབྲེལ་བའི་དགེ་སྐྱོན་གྱི་གནད་དོན་མཐའ་དག་སྤྱི་ཚོགས་ཀྱི་གཏིང་རིམ་བསྔོགས་གང་ཐུབ་ཀྱིས་དངོས་ཡོད་མཐོང་ཚུལ་གཞི་ལ་བཞག་ནས་བྲིས་ཡོད་སྟབས། ཚོད་དཔག་ལས་ཅུང་བདེན་པ་ལ་ཉེ་བའི་སྤོབས་པ་ཞིག་སེམས་རྩ་ན་ཞུམ་མེད་དུ་འཁོལ་བཞིན་ཡོད་ལ། འདི་ནི་ཁོ་བོའི་ཉམས་ཞིབ་ཆེད་རྩོམ་འདིའི་ཁྱད་ཆོས་དམིགས་བསལ་བ་ཞིག་དང༌། སྲོག་དབང་ལྟ་བུའི་ཡིད་ཆེས་ཀྱི་གཞི་མ་ཞིག་ཏུ་བརློམས་ནས་ཡོད།
    དེ་ཡང་དཔེ་སྟོན་སློབ་གྲྭས་མཚོན་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་སམ་བྷོཊའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་ཕལ་མོ་ཆེར་ངོ་བསྐྱོད་ཀྱིས་ས་གནས་ས་ཐོག་གི་དངོས་ཡོད་གནས་སྟངས་ལ་རྒྱུས་ལོན་དང༌། སློབ་གྲྭ་དེ་དག་གི་དགེ་རྒན་དང་འཛིན་སྐྱོང་མི་སྣ། སློབ་ཕྲུག་གི་ཕ་མ་དང་སྤྱི་ཚོགས་ཐོག་གི་ཤེས་ཡོན་ལས་རིགས་པ་བཅས་ལ་བཅར་འདྲི། སློབ་ཕྲུག་ཚོའི་ངག་རྩལ་དང༌། ཀུན་སྤྱོད། འབྲི་རྩལ། གོ་རྟོགས། རྒྱུན་ལྡན་གྱི་འཚོ་བ་བཅས་ཀྱི་ཐད་འབྲེལ་ཡོད་ཚོར་གླེང་མོ་བྱེད་པ་སོགས་བྱེད་ཐབས་སྣ་ཚོགས་ཀྱིས་རྒྱུས་ལོན། གཞན་ཡང༌། ད་ལྟར་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་ཀྱི་མེད་པའི་བོད་ཁྱིམ་གྱི་སློབ་གྲྭ་མང་པོ་ཞིག་དང༌། མ་སི་རུ་བོད་ཁྱིམ། ཀ་རྡོར་སྒང་གསུམ་གྱིས་མཚོན་པའི་རྒྱ་གར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཇི་སྙེད་ཅིག་ཏུ་ངོ་བསྐྱོད་ཀྱིས་དེ་དག་གི་དགེ་རྒན་དང༌། འཛིན་སྐྱོང་ལས་བྱེད། སློབ་ཕྲུག་བཅས་ལ་གླེང་མོ་དང༌། ལྟ་ཞིབ། ཤེས་ཡོན་གྱི་གནས་ཚད་ལ་རྒྱུས་ལོན་གང་ཐུབ། དེ་བཞིན་བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་ནས་ཐོན་པའི་མཐོ་རིམ་སློབ་གྲྭ་ཁག་གི་སློབ་མའི་ཉམས་མྱོང་དང་བསམ་ཚུལ་ལ་ཉན་ཞིབ། མདོར་ན། བཙན་བྱོལ་བོད་གཞུང་གི་མཐོ་རིམ་དབུ་ཁྲིད་དང༌། ཤེས་ཡོན་ལས་དོན་ཐོག་དམིགས་བསལ་ཐུགས་རྒྱུས་ཡོད་པའི་བླ་ཆེན་དང་བཀའ་ཟུར། བོད་མི་མང་སྤྱི་འཐུས་དང་སྤྱི་ཟུར། དྲུང་ཆེ་ཆུང༌། སློབ་གྲྭ་ཁག་གི་དགེ་རྒན་དང་འཛིན་སྐྱོང་ལས་བྱེད། སྤྱི་ཚོགས་ཐོག་གི་ཡོངས་གྲགས་ཀྱི་ཤེས་ཡོན་ཅན། སློབ་ཕྲུག་དང་སློབ་ཕྲུག་གི་ཕ་མ་སོགས་འབྲེལ་ཡོད་མི་སྣ་ལྔ་བརྒྱ་ཙམ་ལ་འབྲེལ་བ་བྱས་པའི་ཉམས་ཞིབ་ཀྱི་བརྒྱུད་ལམ་གྱི་ཐོག་ནས་བཙན་བྱོལ་བོད་མིའི་མཐོ་དམའ་བར་གསུམ་གྱི་ཤེས་ཡོན་ལྟ་ཚུལ་ལ་གཏིང་གང་ཟབ་རྒྱུས་ལོན་བྱས་པའི་མཐོང་ཚུལ་ངོ་མ་རྣམས་ཆད་ལྷག་མེད་པ་བརྗོད་ཐབས་བྱས་ཡོད།
    བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བོད་ཡིག་གི་དཔེ་དེབ་དང༌། ལྷག་པར་ཉམས་ཞིབ་དང་ཆེད་རྩོམ་རིགས་ལྟ་ཀློག་བྱེད་མཁན་ཤིན་ཏུ་དཀོན་ཞིང༌། གླེགས་བམ་གྱི་ཕུང་པོ་ཆེན་པོར་གྱུར་ན་ལྟ་ཀློག་བྱེད་མཁན་སྲིད་མཐའ་ཙམ་དུ་འགྱུར་བ་གསལ་པོར་ཤེས་ཀྱི་ཡོད་ལ། སྤྱི་ཚོགས་ཀྱི་གནས་བབ་འདི་དང་བསྟུན་ནས་ཐོག་མའི་སྐབས་དཔེ་དེབ་ཆུང་ངུ་ཞིག་ལས་འབྲི་རྒྱུའི་འཆར་གཞི་མེད། འོན་ཀྱང་ཉམས་ཞིབ་ཆེད་རྩོམ་འདིའི་རགས་ཟིན་དང་པོའི་ཐོག་ཤེས་མྱོང་རྒྱུས་གསུམ་ལྡན་པའི་མི་སྣ་བཅུ་གྲངས་ཤིག་ཚོགས་འདུ་བསྐངས་ཏེ་ཉིན་ཧྲིལ་པོ་གཅིག་གི་རིང་བསམ་ཚུལ་བརྗེ་ལེན་བྱེད་པའི་སྐབས། དགོངས་ཚུལ་ཤུགས་ཆེ་ཤོས་ཤིག་ནི་ཆེད་རྩོམ་འདི་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཙམ་མ་ཡིན་པར་བོད་ཀྱི་ཤེས་ཡོན་ལོ་རྒྱུས་སྤྱི་ལ་ཁྱབ་པའི་ཆེད་རྩོམ་ཞིག་གི་ངོ་བོའི་ཐོག་ནས་འབྲི་ཐབས་བྱས་ན་དགེ་མཚན་ཆེ་སྐོར་བྱུང་ཞིང༌། བཙན་བྱོལ་བོད་མིའི་ཤེས་ཡོན་འཕེལ་འགྲིམ་དང་འབྲེལ་བའི་བོད་ཀྱི་ཤེས་ཡོན་ལོ་རྒྱུས་ཤིག་དེ་སྔར་མཐོང་མ་མྱོང་བ་དང༌། ཤེས་ཡོན་སྲིད་བྱུས་ཀྱི་ནང་དོན་དཔྱིས་ཕྱིན་པ་རྟོགས་དགོས་ན། ཤེས་ཡོན་སྲིད་བྱུས་ཀྱི་དེབ་ཆུང་ལྗང་ཁུ་འདིའི་ངོ་གདོང་གི་འགྲེལ་བཤད་ཙམ་གྱིས་ཕན་ནུས་ལྡན་པའི་ས་ཆོད་ཅིག་འབྱུང་བ་དཀའ་བས། ལོ་རྒྱུས་ཀྱི་བྱུང་རིམ་དང་ལྟ་གྲུབ་ཀྱི་གཞི་མ་ནས་གླེང་ཐུབ་ན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཤེས་ཡོན་སྲིད་བྱུས་འདི་ལ་གོ་རྟོགས་གསར་པ་ཞིག་འབྱུང་བར་ཡང་ཕན་ཐོགས་ངེས་ཅན་ཞིག་ཡོད་པའི་གནས་ལུགས་ཀྱི་ཐོག་ནས་དགོངས་ཚུལ་དེ་དང་དུ་བླངས་ནས། རྩོམ་ཡིག་གི་ཁྱབ་ཁོངས་སྔར་ལས་རྒྱ་བསྐྱེད་ཀྱིས་བོད་ཀྱི་ཤེས་ཡོན་ལོ་རྒྱུས་སྤྱི་ལ་ཁྱབ་པའི་དཔེ་དེབ་ཅིག་གི་གཟུགས་གཞིར་ལངས་ཐུབ་པར་འབད་བརྩོན་བྱས་པ་ཡིན། དེར་བརྟེན་རང་བཞིན་གྱིས་ཅུང་གླེགས་བམ་ཆེན་པོ་ཞིག་གི་ངོ་བོར་གྱུར་སོང་མོད། གང་ཐུབ་ཀྱིས་ཚིག་བརྗོད་དཀྱུས་མའི་ལུགས་སུ་འབྲི་ཐབས་བྱས་པས་གོ་མི་ཐུབ་པའི་དཀའ་ངལ་གཏན་ནས་མེད་སྟབས་གཞི་རིམ་སློབ་མ་ཚུན་ཆོད་ཀྱིས་དོ་སྣང་ཡོང་བའི་རེ་སྐུལ་ཞུ།
ཉམས་ཞིབ་ཆེད་རྩོམ་འདི་འབྲི་བའི་བརྒྱུད་རིམ་ནང་ཕྱོགས་ཡོངས་ལ་བསམ་གཞིགས་དང་གང་ཐུབ་ཀྱིས་རྒྱུས་ལོན་བྱེད་པའི་སྐབས། འཐུས་ཤོར་དང་ཞན་ཆའི་གནས་ཚུལ་མིག་མཐོང་བྱུང་བ་མང་པོ་ཞིག་གཞུང་དངོས་ཀྱི་སྐབས་སུ་ཞིབ་བརྗོད་བྱས་ཡོད་ཀྱང༌། དཀའ་ཁག་སྣ་ཚོགས་ལ་གདོང་ལེན་གྱིས་གཞན་ཡུལ་དུ་སྒྲིག་འཛུགས་ལྷུ་ལག་ཚང་ཞིང་སྲ་བརྟན་གྱི་རང་བཞིན་ལྡན་པའི་སྲིད་གཞུང་ཞིག་ཚུགས་པར་མ་ཟད། རང་ཉིད་འཚོ་གནས་ཙམ་གྱི་མཚམས་ཐིག་ལས་བརྒལ་ནས་གནས་སྟངས་ཅི་ཙམ་དཀའ་ཁག་ལ་ཐུག་ཀྱང༌། བོད་ཀྱི་སྐད་ཡིག་དང་རིག་གཞུང་མ་ལག་དང་བཅས་པ་འཇིག་རྟེན་སྤྱིའི་ཕན་བདེའི་ཆེད་དུ་སྲུང་འཛིན་དར་སྤེལ་གྱི་བྱེད་ཐབས་གཞུང་སྒེར་གཉིས་ཐད་ནས་གོང་སྤེལ་གཏོང་དགོས་པའི་ལྷག་བསམ་དང་སེམས་ཤུགས་ཉམས་མེད་དུ་གནས་པ་ནི། ཤིན་ཏུ་དགའ་འོས་པའི་གནས་ཚུལ་བཟང་པོ་ཞིག་དང༌། རྩོམ་ཡིག་འདི་འདྲ་འབྲི་བའི་སེམས་ཤུགས་ཀྱི་གཞི་མ་ཞིག་ཏུ་གྱུར་ནས་ཡོད།
    ལས་ཞོར་ཉམས་ཞིབ་ཆེད་རྩོམ་འདི་ཕྱི་ལོ་ ༢༠༠༧ ལོའི་ཟླ་ ༨ ནང་འབྲི་འགོ་བཙུགས་པས་སྐབས་དེ་ཤེད་ཀྱི་གནས་ཚུལ་ལ་གཞི་བཅོལ་ནས་བྲིས་ཀྱང་རྗེས་སུ་གསར་དུ་བྱུང་བའམ་འགྱུར་བ་ཕྱིན་པའི་གནས་ཚུལ་འགའ་ཤས་འདིའི་ནང་སླེབས་ཐུབ་ཡོད་མེད་ཅི་རིགས་ཡོད། དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་ཤེས་ཡོན་ལས་དོན་གྱི་གཞི་རྩ་བཟུང་བའི་སློབ་གྲྭ་ཁག་གི་དགེ་ལས་ཚོར་བཟང་ཕྱོགས་དང་ལེགས་ཆའི་ཕྱོགས་ནས་དགེ་མཚན་ཤིན་ཏུ་མང་པོ་ཡོད་པ་སྨོས་མ་དགོས་ཀྱང༌། འདིར་སྐྱོན་གནད་དང་ནོར་འཁྲུལ་ལ་ངོས་འཛིན་གཏིང་ཟབ་ཐོབ་པའི་ཆེད་དུ་ཞན་ཆའི་ཕྱོགས་རྩལ་འདོན་གྱིས་བཤད་ཡོད་ལ། སྔ་ཕྱི་ཀུན་ཏུ་ཚིག་རྩུབ་པོའི་རིགས་ཇི་སྙེད་ཤོར་བ་ཡང་འབྱུང་འགྱུར་གྱི་ལོ་རྒྱུས་ནང་འདས་པའི་ནོར་འཁྲུལ་བསྐྱར་ཟློས་ཀྱི་ཚུལ་དུ་མི་འབྱུང་བའི་ཆེད་ཁོ་ནར་དམིགས་པ་ལས། སྤྱི་སྒེར་སུ་ལ་ཡང་སྐྱོན་འཛུགས་ཀྱི་ཀུན་སློང་གཏན་ནས་མེད་པས། ཁོ་བོས་མཐོང་སྣང་གི་གནས་ཚུལ་གསོང་པོར་བྲིས་པ་རྣམས་སྤྱི་སྒེར་སུ་ཡིས་ཀྱང་ཕོགས་ཐུག་གི་རིགས་སུ་མི་འཁྱེར་བའི་རེ་བ་སྙིང་ནས་ཞུ། འོན་ཀྱང་གནས་ལུགས་དང་རྒྱུ་མཚན་གྱི་ཐོག་ནས་རྩོམ་ལན་སྤེལ་མཁན་རེ་ཡོད་ན་གུས་བརྩི་ཆེན་པོས་དང་ལེན་ཞུ་ངེས་ཡིན་ཞེས་རྩོམ་པ་པོ་རེ་མདོ་སེངྒེས་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་རང་ཤག་ནས། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༡ ཚེས་ ༡༥ ལ་བྲིས་པ་དགེ།

དེབ་ཀྱི་དཀར་ཆག

  1. སྤྱིར་ཤེས་ཡོན་ཞེས་པ་གང་འདྲ་ཞིག་ལ་ངོས་འཛིན་བྱ་དགོས་མིན་དང་མི་རིགས་གཞན་དག་ཏུ་དར་ཟིན་པའི་ཤེས་ཡོན་གྱི་གནས་བབ་བསྡུས་བཤད།
  2. དུས་རབས་བདུན་པའི་གོང་གི་བོད་ཀྱི་ཤེས་ཡོན་གྱི་གནས་བབ་དང་དེའི་ལམ་སྲོལ་ལ་བརྟག་པ།   
  3. བོད་བཙན་པོའི་དུས་སྐབས་ཀྱི་བོད་ཀྱི་ཤེས་ཡོན་གནས་བབ་དང་དེའི་ལམ་སྲོལ་ལ་བརྟག་པ།  
  4. བོད་སིལ་བུའི་སྐབས་ཀྱི་བོད་ཀྱི་ཤེས་ཡོན་གནས་བབ་དང་དེའི་ལམ་སྲོལ་ལ་བརྟག་པ།  
  5. བོད་དུ་དགོན་པའི་ཤེས་ཡོན་ལམ་སྲོལ་ཇི་ལྟར་བྱུང་ཞིང་དར་བའི་ཚུལ་སྤྱིར་བཤད་པ།  
  6. བོད་དུ་སྒྲིག་འཛུགས་ཀྱི་རང་བཞིན་ལྡན་པའི་སློབ་གྲྭ་བྱུང་འཕེལ་གྱི་ལོ་རྒྱུས།   
  7. དུས་འགྱུར་རྗེས་ཀྱི་ལོ་ལྔ་བཅུའི་རིང་གི་བོད་གཞིས་ཀྱི་ཤེས་ཡོན་གནས་བབ།   
  8. ལོ་ལྔ་བཅུའི་རིང་གི་བཙན་བྱོལ་བོད་མིའི་ཤེས་ཡོན་འཕེལ་འགྲིབ་ཀྱི་གནས་བབ་རྒྱས་བཤད།   
  9. བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཇི་ལྟར་གཏན་འབེབས་མཛད་པའི་རྒྱབ་ལྗོངས་དང་འབྲེལ་བའི་ལོ་རྒྱུས།
  10. བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་བསྒྲུབ་བྱའི་དམིགས་དོན་རྒྱས་བཤད།   
  11. རྒྱུ་མཚན་མདོར་བསྡུས་དང་བཅས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་སྤྱི་དོན་རགས་བཤད།
  12. བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ནི་སྲོལ་རྒྱུན་གྱི་ཤེས་ཡོན་རྐྱང་པ་ལས་དེང་རབས་སློབ་ཚན་ལ་དགག་བྱ་བྱེད་པའི་སྲིད་བྱུས་ཕྱོགས་ལྷུང་བ་ཞིག་ཡིན་མིན་ལ་དཔྱད་པ།   
  13. བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ལ་དགག་རྒྱག་གི་རྩོམ་ཡིག་སྣ་ཚོགས་བྲིས་པ་དེ་དག་དོན་ལ་གནས་པ་དང་གནད་དུ་འཁེལ་བ་ཞིག་བྱུང་ཡོད་མེད་ལ་དཔྱད་པ།   
  14. བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་དང་མཐུན་པའི་ཤེས་ཡོན་སློབ་སྟོན་ཞིག་ཡིན་མིན་ལ་དཔྱད་པ།
  15. བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་དང་དབྱིན་ཇིའི་མཁས་པ་ལོར་ཌ་མེ་ཁོ་ལིའི་ཤེས་ཡོན་སློབ་སྟོན་གཉིས་ཀྱི་ཁྱད་པར་ལ་མཚུངས་བསྡུར་གྱི་སྒོ་ནས་དཔྱད་པ།
  16. དཔེ་སྟོན་སློབ་གྲྭ་སོགས་སམ་བྷོཊའི་ཁྱབ་ཁོངས་ཀྱི་གཞི་རིམ་སློབ་གྲྭ་ཁག་ཏུ་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ལག་བསྟར་གྱི་ཚད་གཞི་དང་གྲུབ་འབྲས་ལ་དཔྱད་པ།
  17. དཔེ་སྟོན་སློབ་གྲྭ་སོགས་བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་གི་དངོས་ཡོད་དཀའ་ཁག་དང་ཞན་ཆའི་ཕྱོགས་ཀྱི་གནས་ཚུལ།
  18. བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་ཕལ་མོ་ཆེའི་ནང་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ལག་བསྟར་མི་བྱེད་པའི་རྐྱེན་རྩ་འཚོལ་ཞིབ།
  19. བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱ་བར་དགོས་ངེས་ཀྱི་མཐུན་རྐྱེན་ཡོངས་རྫོགས་བསྐྲུན་ཐུབ་ཡོད་མེད།   
  20. བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཤེས་ཡོན་སྲིད་བྱུས་གསར་པར་ཡིད་ཆེས་དང་གོ་རྟོགས་ཀྱི་ཚད་གཞི་ལ་དཔྱད་པ།  
  21. བོད་ཀྱི་སྐད་ཡིག་དང་ཤེས་ཡོན་དར་སྤེལ་གྱི་སླད་ཛ་དྲག་གིས་བསྒྲུབ་དགོས་པའི་གལ་གནད་ཀྱི་དཔེ་མཚོན་འགའ་ཤས།
  22. ཟུར་བཀོད་ཀྱི་ཚན་པ།
  23. བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་ཤེས་ཡོན་སྲིད་བྱུས་ཀྱི་བྱུང་རིམ་དང་ནང་དོན་སོགས་ཀྱི་ཐད་བཅར་འདྲི་ཞུས་པའི་ཟིན་བྲིས།
  24. ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་དྲི་བ་བཅུ་གཉིས་ཀྱི་བཀའ་ལན།
  25. འབྲི་གུང་ཆེ་ཚང་རིན་པོ་ཆེ་མཆོག་ལ་རྒྱ་བོད་ཀྱི་ཤེས་ཡོན་སྲིད་བྱུས་ལ་མ་འདྲ་བའི་ཁྱད་པར་ཅི་ཡོད་སོགས་ཀྱི་ཐད་བཅར་འདྲི་ཞུས་པའི་ཟིན་བྲིས།
  26. ཤེས་རིག་བཀའ་བློན་སྐུ་ངོ་ཐུབ་བསྟན་ལུང་རིགས་མཆོག་ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གནད་དོན་འགའ་ཤས་ཐོག་བཅར་འདྲི་ཞུས་པའི་ཟིན་བྲིས།
  27. ཐུགས་རྗེ་ཆེ་ཞུའི་མཇུག་གཏམ།
  28. ཟུར་ལྟའི་དཔེ་དེབ་འགའ་ཤས་ཀྱི་མཚན་བྱང༌།

རྩོམ་པ་པོ་ངོ་སྤྲོད།

༄༅། །རྩོམ་པ་པོ་རེ་མདོ་སེངྒེ་ལགས་ནི། མདོ་སྨད་ཐེ་བོ་གཟའ་རུའི་རེ་མདོ་སྡེ་བར་སྐུ་འཁྲུངས། ཕྱི་ལོ་༡༩༨༢ ལོ་ནས་ས་གནས་སློབ་ཆུང་འགྲིམས་ཏེ་རྒྱ་བོད་ཀྱི་སྐད་ཡིག་སྦྱངས། ཕྱི་ལོ་༡༩༨༤ ལོར་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ཆོས་གྲྭར་ཞུགས་ཏེ་རིམ་པས་ཆོས་སྤྱོད་དང་གཞུང་ཆེན་ཁག་གི་རྩ་བ་བློ་འཛིན། རྭ་སྟོད་བསྡུས་གྲྭ་དང་བློ་རྟགས་སོགས་ལ་སློབ་སྦྱོང་མཛད། ཕྱི་ལོ་༡༩༨༦ ལོར་སྟག་ཚང་ལྷ་མོར་མཁས་དབང་མཛོད་དགེ་ཉི་མ་སོགས་བསྟེན་ནས་བརྡ་དག་དང་སུམ་རྟགས་སོགས་ལ་སློབ་སྦྱོང་དང། ཕྱི་ལོ་༡༩༩༣ ལོ་ནས་འདི་གའི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་དུ་བོད་ཀྱི་ཐུན་མོང་དང་ཐུན་མོང་མིན་པའི་རིག་པའི་གནས་ཆེ་ཆུང་ཀུན་ལ་སློབ་སྦྱོང་མཛད། ཕྱི་ལོ་༡༩༩༧ ལོར་ཆེས་མཐོའི་རིག་གནས་རབ་འབྱམས་པའི་ཕྱག་འཁྱེར་ཐོབ། ལོ་དེའི་ཕྱི་ཟླ་བདུན་པ་ནས་འདི་གའི་མཐོ་སློབ་ཁང་གི་དགེ་རྒན་གྱི་མཛད་འགན་བཞེས། ཕྱི་ལོ་༡༩༩༩ ལོར་དགེ་རྒན་གྱི་ལས་འགན་ཐོག་འདི་གའི་རྩོམ་སྒྲིག་སྤྱི་ཁྱབ་འགན་འཛིན་དུ་བསྐོ་བཞག་བྱུང་བ་བཞིན་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་བཀའ་སློབ་ལམ་སྟོན་འོག་ལོ་དྲུག་རིངལེགས་བཤད་འོད་དཀར་ཕྲེང་བ་དང་། རྣམ་ཐར་གསེར་ཕྲེང། དྲིན་ལམ་ལམ་སྟོན་སྒྲོན་མེའི་ཕྲེང་བ། དཔྱད་རྩོམ་ནོར་བུའི་ཕྲེང་བ་སོགས་དེབ་གྲངས་མི་འདྲ་བ་བཞི་བཅུ་ལྷག་རྩོམ་སྒྲིག་གི་གཙོ་འགན་བཞེས། ཕྱི་ལོ་༢༠༠༥ ལོ་ནས་བཟུང་དགེ་རྒན་གྱི་ལས་འགན་ཐོག་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་རང་རྣམ་དང་བཀའ་རྩོམ་ཕྱོགས་སྒྲིག་གིས་འགན་འཁྱེར་མུས།
    ཁོང་གིས་བརྩམས་ཆོས་ལ་མཚོན་ན། དཔལ་ལྡན་རང་གཞུང་ཤེས་རིག་ལས་ཁུངས་ཀྱིས་དེ་སྔ་དཔར་འགྲེམས་བྱས་པའི་བོད་ཀྱི་རྩོམ་རིག་མཐའ་དཔྱོད་དང། བོད་ཀྱི་སྲོལ་རྒྱུན་རིག་གཞུང་གླེང་བའི་གཏམ། འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གིས་དཔར་འགྲེམས་ཞུས་པའི་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་ངག་རྒྱུན་རྣམ་ཐར་ས་བོན་ཕྱོགས་བསྒྲིགས། བོད་གཞུང་དཔེ་མཛོད་ཁང་དང། དཔལ་ལྡན་རང་གཞུང་ཆོས་རིག་ལས་ཁུངས་ཀྱིས་སྔ་ཕྱིར་དཔར་འགྲེམས་བྱས་པའི་༸གོང་ས་མཆོག་གི་བཀའ་ཁྲིད་གྲུབ་མཐའི་རྣམ་བཤད། ད་ལྟའི་བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས་བཅས་དཔེ་དེབ་ལྔ་འདོན་སྤེལ་མཛད། གཞན་ཡང། དུས་དེབ་དང། དམིགས་བསལ་ཆེད་དེབ་སོགས་དཔེ་དེབ་སྣ་ཚོགས་ཀྱི་ཐོག་དཔྱད་བརྗོད་དང་བརྒལ་བརྟགས་ཀྱི་རྩོམ་ཡིག་བཅུ་ཕྲག་འགའ་ཤས་གསར་རྩོམ་མཛད་པ་བཅས་འཆད་རྩོམ་གཉིས་ཐད་ནས་བོད་ཀྱི་རིག་གཞུང་ཐོག་ཕྱག་ལས་འབུར་དུ་ཐོན་པ་གནང་བས། བོད་ཕྱི་ནང་གི་མཁས་པ་དང་ཤེས་ཡོན་པའི་ཁྲོད་ཤུགས་རྐྱེན་དང་གདེང་འཇོག་གང་འཚམས་སླེབས་ཐུབ་ཡོད།

མདུན་ཤོག