ཟླ་རེའི་གསར་འགྱུར།

འཛིན་རིམ་བཅུ་གཉིས་སློབ་ཐོན་རྣམས་ལ་མཐོ་རིམ་སློབ་འཇུག་གི་རྒྱུས་སྟོན་ཐེངས་བདུན་པ་གནང་བ།

གསར་འཕྲིན།

རྡ་ས་གངས་སྐྱིད་སྤྱི་ཐབ་ཡང་སྟེང་ཚོགས་ཁང་དུ་བོད་གཞུང་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་ཐོག་འཛིན་རིམ་བཅུ་གཉིས་ཐོན་པ་ཁག་གཅིག་ལ་མཐོ་རིམ་སློབ་ཁག་ནང་ཇི་ལྟར་འཛུལ་ཞུགས་བྱེད་དགོས་ཀྱི་རྒྱུས་སྟོན་ཐེངས་བདུན་པ་གནང་ཡོད། དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་ལགས་དང་། མདུན་ལམ་སློབ་སྟོན་པའི་འགན་འཛིན་སྒྲོལ་དཀར་དབང་མོ་ལགས། ལས་རོགས་བསོད་ནམས་དཔལ་མོ་ལགས། རྒྱ་གར་བྱང་ཕྱོགས་ཁུལ་གནས་བོད་མིའི་སློབ་གྲྭ་ཁག་ནས་འཛིན་གྲྭ་བཅུ་གཉིས་ཐོན་པའི་སློབ་ཕྲུག་ཁག་གཅིག་བཅས་མི་གྲངས་ ༨༠ བརྒལ་བ་ལྷན་ཚོགས་ཐོག་མདུན་ལམ་སློབ་སྟོན་གྱི་འགན་འཛིན་ནས་ཐོག་མ་ངོ་སྤྲོད་གསུང་བཤད་གནང་རྗེས་སློབ་ཕྲུག་སོ་སོའི་ངོས་ནས་སློབ་གྲྭ་དང་སློབ་ཚན་གང་ལ་སློབ་སྦྱོང་བྱས་སྐོར་ངོ་སྤྲོད་གྲུབ་བསྟུན་ཤེས་རིག་དྲུང་ཆེས་གསུང་བཤད་གནང་དོན། དེ་རིང་འདི་གར་ང་ཚོའི་སློབ་གྲྭ་ཁག་ནས་ཐོན་ཏེ་མདུན་ལམ་རྒྱུས་སྟོན་ལས་རིམ་ཐོག་ཕེབས་པའི་སློབ་ཕྲུག་ཚང་མར་ཤེས་རིག་ལས་ཁུངས་དང་ང་རང་སྒེར་གྱི་ངོས་ནས་དགའ་བསུའི་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་གི་ཡོད། ཤེས་རིག་ལས་ཁུངས་ཀྱིས་རྒྱུས་སྟོན་གནང་བར་ཡག་པོ་བྱུང་འདུག་ཁྱེད་རྣམས་ལ་ཕན་ཐོགས་ཆེན་པོ་ཡོང་བའི་རེ་བ་ཡོད། སློབ་ཕྲུག་གི་ངོ་སྤྲོད་གནང་སྐབས་འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་ཕྲུག་སློབ་གྲྭ་མང་ཆེ་བ་ནས་ཡོད་འདུག ལྷག་པར་ལོ་ཁ་ཤས་སྔོན་དང་མི་འདྲ་བར་ཚན་རིག་སྡེ་ཚན་ནས་ཡིན་གསུང་མཁན་སློབ་ཕྲུག་བུ་མོ་གང་ཙམ་འདུག་པར་དམིགས་བསལ་དགའ་པོ་བྱུང་། ངས་འདིར་འཛོམས་མཁན་རྣམས་ལ་རྒྱུས་སྟོན་བྱེད་རྒྱུ་དེ་མངོན་གསལ་ཞེ་དྲག་མེད་ནའང་གཏིང་ཟབ་འབྲེལ་བ་ཆགས་ཡོད་པའི་གནད་དོན་ཁ་ཤས་ཐོག་ཞུ་འདོད་ཡོད། དེ་དག་གལ་ཆེན་པོ་ཡིན་པ་ང་ཚོས་མཐོང་གི་ཡོད། ཁྱེད་རྣམས་ནས་ཀྱང་བསམ་བློ་བཏང་ན་མཁྱེན་ཐུབ་རྒྱུ་ཞིག་རེད། ཅེས་སོགས་གསུང་བའི་སྙིང་དོན་ནི། སློབ་ཚན་གང་ཞིག་སྦྱང་གི་ཡོད་ནའང་སྐད་ཡིག་ཁུངས་འཕེར་བ་ཞིག་དང་། ཐོས་བསམ་ཟུང་འབྲེལ་གྱིས་གཞན་གྱི་བཤད་པ་དེར་རང་གི་བསམ་བློ་བཏང་སྟེ་དཔྱད་པ་བྱེད་རྒྱུ་དང་། མཐོང་རྒྱ་ཆེན་པོའི་ཐོག་ནས་བློ་སྒོ་ཡངས་པོར་ཕྱེ་ཐུབ་པ། སློབ་གཉེར་བའི་སྐབས་སློབ་སྦྱོང་དཀའ་སྡུག་སྤྱད་དེ་ཕུགས་ཀྱི་སོ་སོ་དང་རྒྱལ་ཁབ་མི་རིགས་ཆེད་དང་།  ཀུན་སྤྱོད་བཟང་པོ་རང་འགུལ་གྱི་འཁྱེར་དགོས་པ་ནི་སོ་སོ་དང་མི་རིགས་སླད་ཡིན་པ་བཅས་ཀྱི་དོན་གནད་ཁག་གི་ཐོག་ལ་ལམ་སྟོན་གསུང་བཤད་གཟབ་རྒྱས་གནང་རྗེས་མདུན་ལམ་སློབ་སྟོན་པའི་ཕྱག་རོགས་བསོད་ནམ་པདྨོ་ལགས་ཀྱིས་ཐུགས་རྗེས་ཞུས་ཏེ་གྲོལ།
དེ་རྗེས་མདུན་ལམ་སློབ་སྟོན་འགན་འཛིན་ནས་མཐོ་སློབ་ཁག་ལ་འཛུལ་ཞུགས་ཀྱི་སློབ་ཚན་གང་དང་གང་འདེམས་ཕྱོགས་དང་། ཆ་རྐྱེན། སློབ་ཡོན་བཞེས་ཕྱོགས་སོགས་ཀྱི་སྐོར་ལ་སློབ་སྟོན་གནང་ཡོད། དེ་བཞིན་མཐོ་སློབ་ཏུ་བསྐྱོད་བཞིན་པའི་སློབ་ཚན་མི་འདྲ་བའི་སློབ་ཕྲུག་བཞི་ནས་སོ་སོའི་མྱོང་བ་སྦྱང་བཤད་དང་། དེ་ནས་ལས་རིགས་ངོ་བོ་མི་འདྲ་བའི་ཆེད་ལས་པ་སྲི་ཞུ་བ་བཞི་ནས་སྤྱི་ཚོགས་ནང་ཉམས་མྱོང་དང་འབྲེལ་ཏེ་རིགས་གཅིག་རྐང་འཛིན་སློབ་གཉེར་བྱ་ཕྱོགས་བཅས་སློབ་ཕྲུག་རྣམས་ལ་ལམ་སྟོན་གནང་ཡོད་པ་བཅས། །

ཕྱི་མ།
བཀའ་ཁྲིས་བོད་ཀྱི་ཚིག་མཛོད་དབུ་འབྱེད་གནང་།
Menu