ཟླ་རེའི་གསར་འགྱུར།

བཀའ་བློན་མཆོག་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭར་གཟིགས་ཞིབ་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༧ རེས་གཟའ་ཕུར་བུ་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ཐོག་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་དྷ་ཤོད་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭར་གཟིགས་ཞིབ་ཏུ་ཕེབས་གནང་བ་དང་། སྐབས་དེར་ཤེས་རིག་ལས་ཁུངས་ཀྱི་ཤེས་ལྷན་ཚན་པས་སློབ་ཕྲུག་རྣམས་ལ་བྱིས་སྒྲུང་དང་འབྲེལ་བའི་འགུལ་བརྙན་ཞིག་དབུ་འབྱེད་གནང་།
སློབ་གྲྭའི་གསོལ་ཚིགས་ཁང་དུ་དཔལ་ལྡན་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་གཙོས། ཤེས་ལྷན་ཚན་པའི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་དང་། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སློབ་སྤྱི་བསྟན་འཛིན་ཆོས་སྒྲོན་ལགས། དེ་བཞིན་དགེ་རྒན་དང་ལས་བྱེད་རྣམ་པ། སློབ་ཕྲུག་བཅས་ཚོགས་འཛོམས་ཐོག་ཤེས་རིག་ལས་ཁུངས་ཀྱི་ཤེས་ལྷན་ཚན་པའི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་བྱིས་སྒྲུང་གི་འགུལ་བརྙན་ཚན་པ་མི་འདྲ་བ་རྣམས་ངོ་སྤྲོད་གནང་མཚམས་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གིས་ “ཨ་ཁུ་ཕག་པ་འདོན་ཐེངས་གསུམ་པ་” དང་། “འབྱོར་བསྐྱལ་དང་དོན་གྲུབ་” ཅེས་པའི་འགུལ་བརྙན་དབུ་འབྱེད་གནང་སྟེ། སློབ་ཕྲུག་རྣམས་ལ་བསྟན་ཡོད།
སྐབས་དེར་ཤེས་རིག་བཀའ་བློན་མཆོག་གིས་སློབ་ཕྲུག་རྣམས་ལ་ཀློག་རྩལ་གྱི་གོམས་གཤིས་བཟང་པོ་དེ་རྒྱུད་ལ་འཇགས་དགོས་གལ་ཆེ་སྟབས། ད་ལྟ་ནས་དཔེ་ཀློག་གིས་འབད་བརྩོན་གྱིས་རྒྱུད་ལ་འཇགས་ཐབས་བྱེད་དགོས་པ་དང་། ཐོག་མའི་ཆར་ཏོག་ཙམ་དཀའ་ངལ་འཕྲད་སྲིད་ཀྱང་གོམས་གཤིས་ཆགས་ན། རྗེས་སུ་རྩོལ་བ་མི་དགོས་པར་ངང་ངམ་ཤུགས་ཀྱི་ཡོང་ཐུབ་པར་བརྟེན་མི་ཚེ་ཧྲིལ་པོའི་རིང་གོམས་གཤིས་བཟང་པོ་དེ་རྒྱུན་དུ་གནས་རྒྱུ་རེད།
དེར་བརྟེན་རྒན་ལགས་ཀྱིས་མ་གསུང་གོང་སློབ་ཕྲུག་རང་ངོས་ནས་དཔེ་དེབ་སོགས་བཀླག་དགོས། ཞེས་སོགས་ཀྱི་གསུང་བཤད་གནང་། སློབ་གྲྭའི་སློབ་སྤྱི་བསྟན་འཛིན་ཆོས་སྒྲོན་ལགས་ཀྱིས་བཀའ་བློན་མཆོག་སློབ་གྲྭར་གཟིགས་ཞིབ་ཏུ་ཕེབས་པར་ཐུགས་རྗེ་ཆེ་ཞུས་རྗེས། ཤེས་ལྷན་ཚན་པའི་འགན་འཛིན་གྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད།
ཐེངས་འདིར་ “ཨ་ཁུ་ཕག་པའི་འགུལ་བརྙན་” མཐུན་འགྱུར་གནང་མཁན་ཨ་རི་ཐེབས་རྩ་ USAID དང་། “འབྱོར་བསྐྱལ་དང་དོན་གྲུབ་” ཀྱི་འགུལ་བརྙན་མཐུན་འགྱུར་གནང་མཁན་ཁེ་ན་ཌ་རོགས་སྐྱོབས་ཐེབས་རྩ་ Global Affairs Canada ཡིན་འདུག་པ་བཅས།

སྔོན་མ།
Teaching Post Vacancy at CTE, Bhuntar
ཕྱི་མ།
ཤེས་རིག་བཀའ་བློན་མཆོག་ནས་ཧི་མ་ཅལ་འཕྲོད་བསྟེན་བློན་ཆེན་མཆོག་ལ་མཇལ་འཕྲད་གནང་བ།
Menu