[toc]

དབྱར་དུས་ཀྱི་ཡུལ་ལྗོངས།(ཨང་དང་པོ)

དབང་ཆེན་རྡོ་རྗེ། སུ་ཇ་བོད་ཁྱིམ་སློབ་གྲྭ།

གཅིག

    ཁུ་སིམ་པའི་རོལ་དབྱངས་ཀྱི་ལང་ཚོ་འབུས་པའི་ཞོགས་པ་དེར། ངས་ངུ་ངག་གི་དབྱངས་རྟ་རུམ་ནས་མི་ཡུལ་འདིར་མགྲོན་པོ་བཞིན་འབྱོར། ཏག་ཏག དེ་ནི་མཚར་སྡུག་གི་ཉི་འོད་བཀྲ་ཞིང་མེ་ཏོག་གི་འཛུམ་ཆུང་གྲོལ་བའི་དབྱར་དུས་ཤིག་དང་བྱ་ཁུ་ལོའི་གྲེ་འགྱུར་སྙན་པའི་ནམ་ཟླ་ཞིག་ཡིན་པ་ཨ་མའི་ངག་སྒྲོས་ལས་ཐོས། དེ་ནས་བཟུང༌། ངའི་བྱིས་པའི་དུས་ཀྱི་རྨི་ལམ་ཡོད་ཚད་དཔྱིད་དུས་ཀྱི་ལྗང་མྱུག་བཞིན་འཚར་ལོངས་བྱུང་སྟེ། བེའུ་དང་ལུ་གུའི་རྩེད་འཇོའི་ཁྲོད་རང་ཉིད་ཀྱི་མི་ཚེ་ལ་གསེར་མདོག་གི་ཁ་དོག་བྱུགས་ནས་མེ་ཏོག་དང་རྫི་གླུ་འཕུར་བའི་དབྱར་ལྗོངས་ཤིག་ལ་རེ་སྒུག་གི་རྟེན་འབྲེལ་ཡང་ཡང་བསྒྲིགས།

གཉིས།

    ང་རང་དབྱར་ལྗོངས་ཀྱི་མཚར་སྡུག་དང་ལྷན་དུ་ནར་སོན་པའི་བརྒྱུད་རིམ་དག་དྲན་ངོགས་སུ་རླབས་ཕྲེང་བཞིན་ཤུགས་ཀྱིས་འཕྱོ་འོང་ལ། ཕྱིར་དྲན་གྱི་མཁའ་དབྱིངས་སུ་རྟག་བརྟན་གྱི་དགུ་ཚིགས་བཞིན་འཚེར་འོང༌། དོན་ངོ་མས་བཤད་ན། དབྱར་དུས་ཀྱི་དཔལ་ཡོན་སྣུམ་པོས། རེ་སྨོན་དང་འཁྲེང་སེམས་ཀྱི་ལང་ཚོ་བསྣམས་ནས་སླེབས་དུས། ངའི་འཇིག་རྟེན་གྱི་གྲུ་ཟུར་རེ་རེར། འཆར་ཡན་དང་རྨི་ལམ་རིང་མོའི་གཏམ་རྒྱུད་ཁ་བ་བཞིན་ལྷོད་ཀྱིས་འབབ་ལ། བསིལ་རླུང་བཞིན་དལ་གྱིས་ལྡང༌། སྐབས་དེར། ཡོད་ཚད་ལ་དཔྱིད་མགོའི་མེ་ཏོག་ལྟ་བུའི་མཛེས་སྡུག་གི་ཚེ་སྲོག་སྦྱིན་ཞིང༌། ཐམས་ཅད་ལ་ཉི་འོད་ཀྱི་གཟི་བྱིན་ལྟ་བུའི་དྲོད་ཁོལ་དང་ནེམ་ཤ་སྟེར་ངེས། དབྱར་ལྗོངས་ཀྱི་འབྱོར་ཕྱུག་ཁོ་ནས་མི་ཡུལ་ལ་རྟག་བརྟན་གྱི་དགེ་མཚན་བསྐྲུན།

གསུམ།

    ང་ལ་མཚོན་ན་ཀྱག་ཀྱོག་གི་མི་ཚེའི་བཞུད་ལམ་ཁྲོད་དབྱར་དུས་ནི་ཆེས་གཅེས་སུ་འོས་པའི་དུས་ཚིགས་ལྗང་ཁུ་ཞིག་སྟེ། ངའི་སེམས་འགྱུ་དང་རེ་སྙེག་གི་རྩེད་ར་བཞེངས་སའི་ཡུལ་ལྗོངས་ཤིག གནས་དེ་ན་སྔོ་ལྗང་ཐགས་སུ་བཀྲ་བའི་ལྗོན་ཤིང་གི་ཚོགས་ཀྱིས། མཉེན་ལྕུག་གི་ལག་ཟུང་མཐོ་རུ་བཏེགས་ནས་སྤྲོ་འཛུམ་གྱིས་བསུ་མ་བྱེད་པ་དང་མཚུངས་ལ། རྫ་ཆུ་བསིལ་མས་དྭངས་གཙང་གི་ཤག་སྒྲ་གྱེར་བཞིན་མི་ཡུལ་གྱི་ངོ་མཚར་ལྟད་མོ་ལྷ་ཡུལ་དུ་སྒྲོག་པ་དང་འདྲ། ད་དུང༌། གདངས་སྙན་པའི་ཁུ་བྱུག་གི་གསུང་དབྱངས། ཡིད་སྤྲོ་བའི་རྫི་བོ་ཡི་ལ་གཞས། འགྲོས་མཉམ་པའི་ཅང་ཤེས་ཀྱི་རྨིག་སྒྲ། ངག་འཇེབས་པའི་གཡང་དཀར་གྱི་འབའ་སྒྲ། དེ་ལས་ཀྱང་ཆེས་འདྲེན་བྱེད་ཀྱི་དགའ་སྟོན་དུ་གྱུར་པ་ནི། ཁྲ་ལམ་མེར་བཞད་པའི་མེ་ཏོག སྔོ་ལྗང་ངེར་འཁྱིལ་བའི་རྫིང་བུ། ད་དུང་རྩྭ་ཐང་གི་ཕྲ་རྒྱན་ལ་བཏབ་པའི་མཐིང་སྨུག་སྦྲ་གུར། སྔོ་ལྗང་གི་གོས་ལྭ་བཏིང་བའི་རི་ལུང་ཐང་གསུམ། ཡོད་ཚད་ལ་མཁའ་དབུགས་གསར་པ་ཞིག་གི་རྣམ་ཤེས་སྩོལ་ལ། ཐམས་ཅད་ལ་ཞི་བདེ་དང་བག་ཕབ་ཀྱིས་བསླུས་པའི་འཇིག་རྟེན་གཞན་ཞིག་གི་བློས་བསླང་བསྐྲུན་སྲིད། དེ་བས་དབྱར་དུས་ཀྱི་ཡུལ་ལྗོངས་ནི་སུམ་རྩེན་ས་ལ་འཕོས་པ་དང་འདྲ་བས། ངས་ནམ་ཡང་འགྲུལ་བཞུད་ཀྱི་རྒྱབ་ལྗོངས་ནས་བརྗེད་མི་སྲིད།

བཞི།

    དུས་ཚིགས་ཀྱི་འགྱུར་འགྲོས་གཙང་པོ་ལྟར་བཞུར་དུས། ངའི་སེམས་ངོགས་སུ་སྐྱོ་གདུང་གི་ན་ཟུག་དྲག་ཏུ་ལྡང་ལ། ཅི་ཞིག་བོར་སོང་བ་ལྟར་སེམས་ཀྱི་ཕྱི་ནང་ཡོད་ཚད་སྟོང་སིང་ངེ༌། སྐྱོ་ལྷང་ངེར། སྐབས་དེར། ངས་སླར་ཡང་དབྱར་གྱི་ལང་ཚོ་གསར་པ་ཞིག་སླེབས་པར་མཚན་མོའི་རྨི་ལམ་ཁྲོད་ལྷ་དབང་ལ་དད་འདུན་གྱིས་སྐྱབས་འཇུག་དང་གསོལ་འདེབས་ཞུས། དབྱར་ལྗོངས་ཀྱི་དུས་ཚིགས་བཞུད་ཤུལ་ན། ཡོད་ཚད་སྐྱ་ཐང་ཐང་གི་བྱེ་ཐང་ཇི་བཞིན་མྱ་ངན་གྱི་དྲག་རླུང་ལྷོག་ལྷོག་འཕྱུར་འོང༌། རྒྱུ་རྐྱེན་དེའི་དབང་གིས་ངས་དབྱར་ལྗོངས་ཀྱི་ལང་ཚོ་བཙལ་ཞིང་དུང་སྣང་སྒོམ། ད་དུང་དབྱར་ལྗོངས་ཀྱི་དཔལ་ཡོན་གྱེར་ཞིང་སྤྲོ་སྐྱིད་གླེང༌།

ལྔ༌།

    ངོ་མ། དབྱར་དུས་ཀྱི་ལང་ཚོ་ནི་ཕུགས་བསམ་ལ་ལོ་ལེགས་རྒྱས་པའི་ཞིང་ཡིན་ལ། འགྲུལ་བཞུད་ཀྱི་རྡོག་ཁྲེས་འདེགས་པའི་སྙིང་སྟོབས་སྣུམ་པོ་ཞིག་དབྱར་དུས་ཀྱི་ཡུལ་ལྗོངས་ནས་ངའི་ཆེས་ཐོག་མའི་མི་ཚེའི་གསེར་མདོག་གི་རེ་སྙེག་སྒྲིག་མྱོང་ལ། སྤྲོ་སྐྱིད་ཀྱི་རོལ་དབྱངས་ཁྲོད་ནས་འཛུམ་མདངས་ཀྱི་མངར་ཁའང་རོལ་མྱོང༌། དེའི་ཕྱིར། དབྱར་དུས་ཀྱི་ཡུལ་ལྗོངས་ཁོ་ན་ངའི་མཐོང་སྣང་གི་ཤམ་བྷ་ལའི་ཞིང་བཀོད་བཞིན་གཏན་དུ་མཚར་སྡུག་གིས་འབར་ཞིང་འཚེར།
རྩོམ་ཡིག་དཔྱད་མཆན།
    ལྷུག་རྩོམ་གྱི་རྣམ་པར་བྲིས་པའི་རྩོམ་ཡིག་འདིའི་ཚིག་གི་སྡེབ་སྦྱོར་ལེགས་ཤིང་སྒྲིག་རིམ་དང་དུམ་ཚན་གསལ་བ། རྩོམ་པ་པོས་རང་ཉིད་ཀྱི་སེམས་ཚོར་དང་བསམ་གཞིགས་ཟབ་མོ་མཚོན་སླད་བཀོད་འབྲི་དང་དུང་སེམས་མཚོན་ཐབས་འོས་ཤིང་འཚམས་ལ་གསོན་ཉམས་ལྡན་པ། ཀློག་མཁན་ལ་འཆར་སྣང་དང་ཡིད་འགུགས་ཀྱི་ནུས་པ་གང་ལེགས་སྟེར་ཐུབ་པས་རྩོམ་ཡིག་ལེགས་གྲས་སུ་བཞག་རིན་ཆོག་པ་ཞིག་འདུག དག་ཆ་སོགས་ཞན་ཆ་རེ་གཉིས་འདུག་པར་སྣང་ཆུང་དུ་མ་སོང་བར་མུ་མཐུད་འབད་པ་ལྷོད་མེད་གནང་བར་ཞུ།

དབྱར་དུས་ཀྱི་ཡུལ་ལྗོངས།(ཨང་གཉིས་པ)

ཟླ་བ་ཆོས་སྒྲོན། མ་སུ་རི་བོད་ཁྱིམ་སློབ་གྲྭ།
 

   ཐོག་མར་གུས་མོས་དབྱར་ཁའི་དུས་ཚོད་འདི་ལ་འགྲེལ་བཤད་ཐུང་ངུ་ཞིག་རྒྱག་གི་ཡིན།
    དེ་ཡང་དབྱར་ཁ་ཞེས་པའི་དུས་འདིར་རྩི་ཤིང་གི་སྐྱེ་བ་འགོ་ཚུགས་པ་མ་ཟད་ཆར་དུས་ཀྱི་འབབ་ཚེས་སླེབས་ཀྱི་ཡོད་པས་ཞིང་འབྲོག་མང་ཚོགས་ཚོས་ས་ཞིང་འདེབས་ལས་སོགས་ལ་བྲེལ་བྲེལ་འཚུབ་འཚུབ་ངང་རོལ་བའི་དུས་ཚོད་ཅིག་འགྱུར་གྱི་ཡོད།
    ད་ལྟའི་རྩོམ་བརྗོད་དེ་དབྱར་དུས་ཀྱི་ཡུལ་ལྗོངས་ཞེས་པ་དེ་ཡིན་སྟབས་ཕྲན་གྱིས་འདིར་རྩོམ་བརྗོད་དང་མཐུན་པའི་རྩོམ་ཞིག་བྲི་བར་བྱའོ། །
    ཀྱེ་མ། བྱེའུ་ཆུང་གི་གསུང་སྐད་སྙན་ཞིང༌། ནམ་མཁར་འབྲུག་སྒྲ་གྲགས་ཏེ་ཞིང་པ་རྣམས་ཞིང་ཁ་ནས་ཐོན་ཏེ་རང་ཉིད་ཀྱི་ཁྱིམ་དུ་ལོག་པར་བརྩམས། དེ་འདྲའི་སྙན་པའི་གསུང་སྐད་དང༌། འཇིགས་པའི་འབྲུག་སྒྲ་ཉིན་གཅིག་གཉིས་མ་ཡིན་པར། ཉིན་མོ་ཕར་བཞག མཚན་མོ་གཉིད་ཀྱི་དཀྱིལ་ལའང་དེ་ལྟར་གོ་རྒྱུ་ཡོད། དངོས་གནས་སེམས་བག་ཡངས་པོ་ཡིན་ན་རང་ཉིད་ལྷ་ཡུལ་དུ་སླེབས་པའི་སྣང་བའང་འཆར་སྲིད།
    ང་རང་ལ་འཕྲད་པའི་གནས་ཚུལ་མདོར་བསྡུས་ཙམ་ཞིག་ཞུས་པ་ཡིན་ན་ཉིན་ཞིག་གི་ཞོགས་པ་ང་སྔ་པོ་ནས་ལངས་ཏེ་ཨ་མ་ལགས་ཀྱི་བཀའ་བཞིན་རི་མགོར་བསང་གསོལ་དུ་ཕྱིན་པ་ཡིན། རི་རྩེར་སྨུག་པས་སྐ་རགས་བཅིངས་པ་དང་འདྲ་ཞིང་རིའི་འདབས་ལ་སྤང་རྩྭ་སྐྱེས་འདུག་པ་དང༌། དེའི་དཀྱིལ་ལ་གཡག་དང་མཛོ། འབྲི་དང་བཅས་པ་སྤང་སྟེང་དུ་རྩྭ་བཟའ་བཞིན་དགའ་བདེའི་དཔལ་ལ་གནས་པ་མཐོང་དུས། ཕྲན་གྱི་སེམས་ལ་བདག་ནི་དབྱར་དུས་ཀྱི་སྤང་ལྗོངས་འདིའི་སྟེང་གནས་པའི་གཡག་འབྲི་གང་རུང་ཞིག་ཡིན་ན་ཅི་མ་རུང་སྙམ་བྱུང༌། སྐབས་དེར་ངས་བསམ་བློ་ལན་འགའ་བཏང་ནས་ཕར་བལྟ་ཚུར་ལྟ་བྱས་པ་ན་སྤང་རི་དེའི་སྟེང་དུ་ཡོད་པ་ནི་ནོར་ཁོ་ན་མ་ཡིན་པར་གྲུང་ཉམས་དོད་པའི་མེ་ཏོག་ཀྱང་རླུང་བུ་ལ་བརྟེན་ནས་བྲེལ་བྲེལ་འཚུབ་འཚུབ་ངང་མགོ་ཕར་གཡུག་ཚུར་གཡུག་བྱེད་ཀྱི་ཡོད་པ་མཐོང་དུས་སེམས་ནང་བརྗོད་ཀྱིས་མི་ལང་བའི་དགའ་སྣང་དང་སྐྱིད་སྣང་ཞིག་སླེབས་ཏེ། དེ་ནས་ཁ་ཡང་བྲལ་མི་ཕོད་པར་གནས་དེར་དུས་ཚོད་ཀྱང་རིང་པོ་ཞིག་འདས་ཟིན། དེ་དུས་ངས་འདི་ལྟར་བརྗོད་པ་ཡིན།
ཀྭ་ཡེ་གསོན་དང་སྤང་རྒྱན་མེ་ཏོག་རྣམས། །དེ་དང་འདྲ་བའི་འབྲི་གཡག་མཛོ་གསུམ་པོ། །
གུས་མོ་འདི་ནས་འབྲལ་འདོད་བློར་མེད་ཀྱང༌། །བྲལ་དགོས་འཁེལ་བ་སྔོན་མའི་ལས་དབང་རེད། །
ཡུམ་ཆེན་ཨ་མའི་བཀའ་བཞིན་འདིར་འོང་ནས། །ཁྱེད་རྣམས་མཇལ་བས་དགའ་སྐྱིད་ཚོར་བ་སྦྱིན། །
འོན་ཀྱང་ད་ལྟ་བྲལ་བའི་དུས་སླེབས་སྐབས། །སུ་ཡིས་བཀག་ཀྱང་ཐུབ་ཐབས་གཏན་ནས་མེད། །
    ཞེས་བརྗོད་དེ་མགོ་ཡར་དགྱེས་ནས་གཅིག་ལྟ་དུས་རི་མགོར་སླེབས་པར་རྒྱང་ཐང་མི་རིང་བ་ཞིག་འདུག
    ང་ག་ལེར་ག་ལེར་ཡར་འཛེགས་ཤིང་བསམ་བློ་འདི་ལྟར་འཁོར། ད་ཆ་ང་འདིར་དུས་ཚོད་རིང་པོ་ཞིག་སོང་ཟིན་ཀྱང་ད་དུང་རི་མགོར་སླེབས་མེད་པས། ནང་ལ་སླེབས་དུས་ཨ་མ་ལགས་ཀྱིས་བཀའ་བཀྱོན་གནང་རྒྱུ་ངེས་གཏན་འཁེལ་ཞེས་བསམ་བློ་དེ་འདྲ་གཅིག་རྗེས་གཉིས་མཐུད་དུ་འཆར་དུས་ནང་ལ་འགྲོ་རྒྱུའི་འདོད་པ་བརླག སྐབས་དེ་དུས་གུས་མོས་ཨ་མ་ལགས་ཀྱི་བཀའ་བཞིན་བསང་དེ་བཏང་དགོས་སྙམ་ནས་མུ་མཐུད་རི་མགོར་འཛེགས། ལམ་བར་དུ་གུས་མོས་བྱེའུ་ཡི་ཚང་ཞིག་མཐོང༌། དེའི་ནང་ལྟ་དུས་བྱེའུ་ཕྲུག་གཉིས་དང་སྒོ་ང་གསུམ་འདུག ཕྲན་གྱིས་དང་ཐོག་སྒོ་ང་དེ་ཡར་བླངས་ནས་དེར་ཞིབ་མོ་བལྟས། དེ་དུས་བྱེའུ་ཕྲུག་གིས་སྐེ་བསྣར་ནས་ཁ་ཆེན་པོ་ཞིག་གདངས་སྐབས་དེར་ངས་བསང་རྩམ་དེ་མར་བཏོན་ནས་དེའི་ནང་ཆང་ཕུད་ནས་ཏོག་ཙམ་བླུགས་ཏེ་སྤགས་ཕྲན་ཙམ་བརྫིས་ནས་སྤྲད་བཞིན་པའི་དུས་དེར་བྱེའུ་ཨ་མས་ཁ་ལ་འབུ་ཞིག་འཁྱེར་ནས་འཕུར་ཡོང་བས་ངས་ལྐོག་ནས་ཁུ་སིམ་པོར་བལྟས་ནས་བསྡད་པ་ཡིན།
    སྐབས་དེར་གློ་བུར་དུ་ཆར་པ་ཆར་ཐིགས་རེ་ཙམ་འབབ་བཞིན་འདུག་པས་གུས་མོའི་སེམས་ནང་ད་ནི་བྱེའུ་ཕྲུག་འདི་རྣམས་ཤི་རྒྱུ་ལས་མ་འདས་སྙམ་བྱུང༌། དེ་ནས་ལྐོག་ལྐོག་སུད་སུད་ངང་བལྟས་པར་བྱེའུ་ཨ་མ་དེས་རང་གི་ཕྲུ་གུ་རྣམས་བྲང་ཁོག་འོག་ཏུ་བཅུག་ནས་བསྡད་པ་མཐོང༌། ངས་ང་ཡི་སྟོད་ཐུང་དེ་བྱེའུ་ཚང་སྟེང་གཡོགས་ནས་ཁ་ནས་ཚིག་འདི་ལྟར་ཐོན།
དེ་རིང་གུས་མོ་བསང་གསོལ་གཏོང་བར་ཡོང༌། །ལས་དང་དབང་གིས་སྣ་མང་གྲོགས་མོར་མཇལ། །
དབྱར་ཁའི་དུས་ཀྱི་ཡུལ་ལྗོངས་མཛེས་པ་དེས། །གུས་མོའི་སེམས་ནང་བདེ་སྐྱིད་འོད་སྣང་འབར། །
    དེ་ལྟར་ཕྱིན་ཕྱིན་པའི་དུས་ཚོད་ནང་གུས་མོ་རི་མགོར་འབྱོར། དེར་བསང་གཏོང་སྐབས་བསང་གི་དུ་བ་དེ་རླུང་གིས་འཁྱེར་ཕྱོགས་སུ་སྔོ་འཕྱུར་འཕྱུར་བསྐྱོད་སྐབས་གུས་མོའི་སེམས་ནང་ཕྲན་ཡང་འདི་ལྟར་འགྲོ་རྒྱུ་བྱུང་ན་ཅི་མ་རུང་སྙམ་བྱུང༌།
    དེ་ནས་གུས་མོས་ཁ་གཡེང་མིག་གཡེང་མེད་པར་ནང་དུ་བསྐྱོད་པ་ཡིན། གལ་སྲིད་ཕར་བལྟ་ཚུར་བལྟ་བྱེད་ཀྱིན་བསྐྱོད་པ་ཡིན་ན་འདིར་ལུས་པའི་ཉེན་ཁ་ཆེ་བས་མྱུར་མོ་ནང་དུ་བསྐྱོད། ནང་དུ་སླེབས་མ་ཐག་ཨ་མ་ལགས་ཀྱིས་བཀའ་བཀྱོན་འགོ་ཚུགས། ཨ་མ་ལགས་ཀྱིས་”ཁྱོད་ག་རེ་བྱས་ནས་བསྡད་པ་”གསུངས་དུས་གུས་མོས་སྔར་གྱི་གནས་ཚུལ་ཞིབ་པར་ཞུས། སྐབས་དེར་ཨ་མ་ལགས་ཀྱིས་”དེ་ལ་སེམས་པ་ཤོར་དོན་ཅི་ཡོད། གལ་སྲིད་ཁྱེད་དེ་འདྲ་ཞིག་ལ་སེམས་པ་ཤོར་བ་ཡིན་ན། དབྱར་ཁ་ཞིང་ཁའི་ནང་ལ་ཁྱེད་ཀྱི་སེམས་པ་གནས་རྒྱུ་མ་རེད་”གསུངས་བྱུང༌། ངས་”ཨ་མ་ལགས། ཁྱེད་ཀྱིས་དེ་འདྲ་གསུངས་དོན་ཅི་ཡིན་”དྲིས་པས། ཨ་མ་ལགས་ཀྱིས་”དབྱར་ཁའི་ཡུལ་ལྗོངས་དེ་ཤིན་ཏུ་མཛེས་པོ་ཡོད་”གསུངས་བྱུང་བས། ངས་”ཨ་མ་ལགས། ད་འོ་ན་མི་རྣམས་ཀྱིས་དེ་ལ་བལྟས་ནས་མ་བསྡད་པ་གང་ཡིན་ནམ་”ཞེས་འདྲི་དུས། ཨ་མ་ལགས་ཀྱིས་”ཁོང་ཚོར་དེ་ལས་སྙིང་རྗེ་བ་དང་ཉམས་དོད་པའི་ལས་ཀ་ཡོད་པ་རེད་”གསུངས་བྱུང༌། བྱས་ཙང་ངས་དབྱར་དུས་ཀྱི་ཡུལ་ལྗོངས་དེ་ཧ་ཅང་མཛེས་སྡུག་ལྡན་པ་ཞིག་སྣང་བྱུང༌།
མེ་ཏོག་གུར་གུམ་ཞིག་ལ། །སེམས་པ་ཤོར་དགོས་བྱུང་ན། །དབྱར་ཁ་སྤང་གི་དཀྱིལ་ལ། །
སེམས་པ་གནས་ས་མ་རེད། །མེ་ཏོག་རྒྱ་སེ་ཞིག་ལ། །སེམས་པ་ཤོར་དགོས་བྱུང་ན། །
དབྱར་ཁ་ཞིང་ཁའི་ནང་ལ། །སེམས་པ་གནས་ས་མ་རེད། །དགུན་དུས་གཞན་ལ་ཕྱིན་ཀྱང༌། །
དབྱར་ཁ་འདི་རུ་འཛོམས་ཤོག །དབྱར་ཁའི་ཡུལ་ལྗོངས་འདི་ལ། །སེམས་པ་ཚང་མ་ཤོར་ཤོག །
དགུན་དུས་ཕུ་རུ་བསྡདཀྱང༌། །དབྱར་ཁ་མདའ་རུ་ཕེབས་དང༌། །ས་ཆའི་ཁྱད་པར་མེད་ཀྱང༌། །
ནམ་དུས་ཁྱད་པར་སོང་འདུག །དགའ་སྐྱིད་གླུ་དབྱངས་ཡོད་ན། །ཡུལ་ལྗོངས་འདི་རུ་ཕུལ་དང༌། །
དབྱར་ཁ་རི་བོའི་འདབས་ན། །གཡང་དཀར་ལུག་ཁྱུ་ཁྱབ་འདུག །རང་འདོད་གཟན་ལ་རོལ་ནས། །
དལ་པོས་ངང་ནས་ཕྱིན་སོང༌། །ཆུ་མོ་ཁ་ཞེང་ཆེ་བ། །དབྱར་ཁའི་དུས་སུ་རྒྱས་ཡོད། །
དེ་འདྲ་ཡོང་རྐྱེན་གཙོ་བོ། །ཆར་པ་ཆེ་བས་ཡིན་ནོ། །ས་ཞིང་ཆེན་པོ་འདི་རུ། །
ཞིང་པ་སྐྱིད་ལ་འཁྱོལ་འདུག །དེ་འདྲ་ཡོང་རྐྱེན་གཙོ་བོ། །དབྱར་དུས་ཡུལ་ལྗོངས་འདི་རུ། །
ཚང་མ་འཛོམས་པས་ཡིན་ནོ། །
    ད་ལྟ་མི་རྣམས་དབྱར་དུས་ཀྱི་ཡུལ་ལྗོངས་ལ་སྤྲོ་འཆམ་དང་སྣང་བ་སྐྱིད་པོས་སྒོ་ནས་ཉིན་གཅིག་གཉིས་ཙམ་སྤང་ལྗོངས་དང༌། ཞིང་ནང་སོགས་གང་སར་འགྲོ་ཡི་ཡོད་སྟབས། དབྱར་དུས་ཀྱི་ཡུལ་ལྗོངས་མི་མཁྱེན་མཁན་སྤྱིར་བཏང་མེད་པས་གསལ་པོར་གསལ་བཤད་བྱེད་དོན་མེད། འདིར་ད་ལྟ་གུས་མོའི་རེ་བའི་སྨོན་ཚིག་ནི་སྔར་བོད་ཀྱི་ཡུལ་ལྗོངས་ལ་གྱེས་པའི་མི་རྣམས་ཞལ་ཕྱིར་གཟིགས་ཀྱིས་བོད་ཀྱི་ཡུལ་ལྗོངས་ལ་ཡང་བསྐྱར་ཐེངས་འགའ་གཟིགས་ནས་བསྟན་དགྲ་རྒྱ་མིས་རང་ཡུལ་བོད་ལྗོངས་ཇི་ལྟར་བཟོས་ཡོད་པ་གཟིགས་པར་ཕེབས་རོགས་ཞུ་ཡི་ཡོད་ལ། དེ་བཞིན་ངེད་ཅག་གི་ྋགོང་ས་ྋསྐྱབས་མགོན་མཆོག་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པ་དང་བོད་རྒྱ་གཉིས་ཀྱི་འགལ་ཟླ་མགྱོགས་ནས་མྱུར་དུ་སེལ་ཐུབ་སྟེ། བོད་རང་བཙན་གཙང་མ་ཐོབ་པ་དང༌། བོད་རྒྱལ་ལོ་་་་་་་་་་་་་་༌།
རྩོམ་ཡིག་དཔྱད་མཆན།
    རྩོམ་ཡིག་འདིའི་ཚིག་སྦྱོར་སྙན་ཞིང་བྱ་བའི་བརྒྱུད་རིམ་དང་བཀོད་འབྲིའི་ཐབས་རྩལ་སྤྱད་པ་ལེགས། འོན་ཀྱང༌། ཐབས་རྩལ་ཁ་ཅིག་བརྗོད་དོན་ལེགས་པར་མཚོན་པ་ལ་ཕན་ནུས་དེ་ཙམ་ཐོན་མི་འདུག་ལ། སྐབས་འགར་བརྗོད་སྙིང་དང་ཁ་བྲལ་བའང་བྱུང་འདུག ཡིག་ནོར་ཡང་ཅུང་ཟད་མཐོང་བས་རྗེས་སུ་ཡིད་གཟབ་ཀྱིས་འབད་བརྩོན་གནང་བར་ཞུ།

དབྱར་དུས་ཀྱི་ཡུལ་ལྗོངས།(ཨང་གསུམ་པ)

བྱམས་པ་ལུང་རྟོགས། སེར་བྱེས་འབྲིང་རིམ་སློབ་གྲྭ།

དམར་སེར་མདངས་སུ་ལེགས་པར་འཁྱུད་པའི་སྐུ། །ཡན་ལག་དྲུག་ཅུ་གྲེ་བར་འཕོས་པའི་གསུང༌། །
བརྒྱད་ཁྲི་བཞི་སྟོང་རླབས་སུ་གཡོ་བའི་ཐུགས། །ངེས་གསུང་གད་རྒྱངས་སྒྲོག་ལ་ཆེས་དཔའ་བའི། །
བསྟན་འཛིན་མི་ཡི་སེང་གེར་མགོས་ཕྱག་འཚལ། །
    ནམ་ཟླའི་འཁོར་བསྐྱོད་ཀྱི་འགྲོས་ཤིག་དང༌། ཀུན་བཟོད་སྒེག་མོའི་འབོད་པ་ཐེངས་ཤིག་གིས། ས་གཞི་ལ་དབྱར་གྱི་དཔལ་མོ་དལ་བ་དལ་བུར་ཕེབས་བྱུང༌། རི་གསུམ་རྩེ་ནས་ཁུ་བྱུག་བུ་མོས་གསུང་དབྱངས་ལེན་བཞིན། རིགས་དྲུག་གི་སེམས་ཅན་མཐའ་དག་ལ་ལོ་ལེགས་ཤིང་འགྲོ་རྣམས་བདེ་བའི་རྟེན་འབྲེལ་གྱི་གླུ་དབྱངས་ལེན་པ་དང་ཅིས་མི་མཚུངས། རི་ཀླུང་ཀུན་ཏུ་གཡུ་ཡི་མནྜལ་ལྟ་བུའི་ནེའུ་གསིང་གི་ལྭ་བ་བཀླུབས་ཤིང༌། རི་སྐྱེས་ཚོགས་རྣམས་བག་ཕབ་ལྷིང་འཇགས་དང་རྩེད་འཇོར་རོལ། ཤང་ཤང་དལ་གྱིས་འབབ་པའི་ཆུ་ཕྲན་དག་གི་བཞུར་སྒྲ་རྣ་བར་ཐོས་ཚེ། སྙན་འགྱུར་འབུམ་ལྡན་གྱི་གླུ་དབྱངས་ཤིག་ད་གཟོད་སུ་ཞིག་གི་རྣ་བར་ཐོས་པ་དང་མཚུངས། ད་དུང་དེ་ལས་ཉམས་དགའ་བ་ནི། མརྒད་ཞུན་མར་འཁྱིལ་བའི་རྩྭ་ཐང་དུ། རྟ་ནོར་ལུག་གསུམ་གྱི་ཚོགས་རྣམས་གཡུ་ཡི་མནྜལ་སྟེང་དུ་ཕྲ་བཏབ་པ་ལྟར་མཛེས་པ་དང༌། ཕྱུགས་རྫིས་དགའ་སྤྲོའི་གླུ་སྒྲ་དང་གླིང་བུའི་འབུད་སྒྲ་རིམ་གྱིས་སྙན་དབང་དུ་གྱུར་ཚེ་ཀུན་གྱིས་ཡིད་སྨོན་དབང་མེད་དུ་ཤོར།
    རྩྭ་ཐང་ཀུན་ཏུ་མི་རྣམས་ཀྱིས་སྒར་གུར་བཏབ་ཏེ་དབྱར་གྱི་དཔལ་མོ་ཕེབས་པར་དགའ་བསུ་ཡི་གླུ་གར་འཁྲབ་ཅིང༌། རྒན་དར་གཞོན་གསུམ་གྱིས་རྟ་རྒྱུག་དང་རྩལ་འགྲན། ལ་ཤགས་འགྲན་པར་ནམ་མཁའི་ལྷ་དང་ལྷ་མོ་རྣམས་བདེ་སྐྱིད་ཀྱི་འཚོ་བ་ལས་ཡོངས་སུ་དཀྲོགས་ཏེ་ཟུར་མིག་ཡང་ཡང་ཤོར། བསང་དུད་ཀྱིས་བསྐལ་བར་ཉིན་བྱེད་ཀྱི་ཚ་གདུག་གིས་འཇོམས་མི་ཐུབ་པའི་གངས་རིའི་རྩེ་མོར་འཁྱུད་འདུག་ལ། རྒྱ་རྫོང་ནགས་གསེང་ནས་འདབ་ཆགས་བྱ་བྱེའུ་རྣམས་ཀྱིས་གཤོག་འགྱུར་རྩེན་པའི་ཚུལ་དེར་བལྟས་ན། དབྱར་གྱི་དཔལ་མོ་ས་གཞིར་ཕེབས་ཏེ་ལྗང་མདོག་བསྐྲུན་པ་དང༌། ཁ་དོག་རྣམ་པར་བཀྲ་བའི་བདེ་སྐྱིད་ཀྱི་མེ་ཏོག་དགོད་པ། ཡུལ་ལུང་ཀུན་ཏུ་ས་གཡང་དྲངས་པར་དགའ་སྤྲོས་བསྟོད་གཞས་འཁྲབ་པ་རེད་ཅེས་བརྗོད་པར་སྤོབས།
    གྲོང་དང་གྲོང་གསེབ་ཁུལ་གྱི་མཐའ་རུ་གནས་པའི་ཞིང་ནང་གི་འབྲུ་རིགས་སྣ་ལྔའི་སྙེ་མའི་མགོ་བོ་ལྡེམ་ལྡེམ་གཡོ་བའི་མཚམས་དང་མཚམས་སུ་ཞིང་པ་ཕོ་མོ་རྣམས་ཀྱིས་མགྲིན་པ་གཟེངས་སུ་བཏེགས་ཏེ་རྒྱང་རིང་གི་མཛེས་ལྗོངས་ལ་ལྟད་མོ་ལྟ་བཞིན་མཆིས། ཞིང་འགྲམ་གྱི་རྐང་ལམ་སྟེང་དུ་བློ་གསར་སློབ་བུ་དག་གིས་དབྱར་དཔལ་བསུ་བའི་གླུ་སྒྲ་དང་ལྷན་དུ་དཀར་སེར་དམར་ལྗང་གི་མེ་ཏོག་རྒྱན་དུ་སྦུད་དེ་གོམ་ཁ་སྒྱུར་བཞིན་མཆིས། ལམ་དེའི་འགྲམ་གྱི་ཐུར་དུ་ཁད་ཀྱིས་འབབ་པའི་ཆུ་མོའི་གཞུང་གི་གསེར་མིག་ཉ་རིགས་ཀུན་ཁྱུ་དང་ཁྱུ་བྱས་ཏེ་རྐྱལ་རྩལ་ལ་རོལ་བར་བལྟས་ན་ཕལ་ཆེར་དགུན་གྱི་བུ་མོའི་འཆིང་རྒྱ་ལས་ཡོངས་སུ་གྲོལ་ཏེ་དབྱར་གྱི་དཔལ་མོས་གངས་རིའི་རྩེ་ནས་བཞུར་ཡོང་བའི་ཡན་ལག་བརྒྱད་ལྡན་གྱི་བདུད་རྩི་ལ་ལོངས་སུ་སྤྱོད་པའི་སྐལ་བ་ཐོག་མ་དེ་ལོས་ཡིན་སྙམ། དབྱར་གྱི་གནམ་གཤིས་ཀྱི་བཞིན་རས་དྭངས་ལ་བསིལ་རླུང་འཇམ་པས། མཚོ་དང་མཚེའུ་དག་ཏུ་ལོ་ཆུང་བྱིས་པ་རྣམས་ཀྱིས་རྐྱལ་རྩལ་རོལ་བ་སོགས་དབྱར་དུས་ཀྱི་དཔལ་ཡོན་བརྗོད་མཐའ་བྲལ་ཡང་རེ་ཞིག་འཐུས་པར་བྱ་རྒྱུ་ཡིན།
རྩོམ་ཡིག་དཔྱད་མཆན།
    དབྱར་དུས་ཀྱི་ཡུལ་ལྗོངས་བཀོད་འབྲི་གཙོ་བོར་བཟུང་བའི་རྩོམ་ཡིག་འདིའི་ཚིག་སྦྱོར་སྙན་ཞིང་ཚིག་རྒྱན་གྱི་སྡེབ་སྦྱོར་ལེགས། ཡིག་ནོར་ཉུང་ཞིང་དུམ་ཚན་དང་སྒྲིག་གཞི་བཀོད་སྒྲིག་བྱེད་སྟངས་ཀྱང་ལེགས། འོན་ཀྱང༌། རྩོམ་ཡིག་གི་ཕུགས་དམིགས་ཏེ་རྩོམ་པ་པོའི་སེམས་ཚོར་རམ་བརྩེ་དུང་མཚོན་སྟངས་ཐད་སྣང་འཇོག་དགོས་པའི་མཐོང་ཚུལ་བྱུང༌། ཚིག་གཞན་གྱིས་བཤད་ན། རྩོམ་ཡིག་འདི་འབྲི་བའི་དམིགས་ཡུལ་གཙོ་བོ་དམ་འཛིན་མ་ཐུབ་པའི་སྣང་ཚུལ་བྱུང་བ་ལགས་ན་ཕྱིས་སུ་ངེས་པར་གཟབ་པར་འཚལ་ལོ། །

མདུན་ཤོག