ཉེས་འོངས་སྤྱུགས་པ།
བླུན་པོ་གང་དུ་གནས་ན་ཡང༌། །
ལུས་ཅན་ཀུན་གྱིས་སྤོང་བར་བྱེད། །
ས་འོངས་ཞེས་བྱའི་ཁྱིམ་བདག་བུ། །
སྐྱེ་བོ་ཀུན་གྱིས་བོར་ལ་ལྟོས། །
སྔོན་ཁྱིམ་བདག་རྟོགས་ལྡན་ཞེས་བྱ་བ་ཤིན་ཏུ་ཕྱུག་པ་ནོར་རྣམ་ཐོས་ཀྱི་བུ་1ལ་འགྲན་ནུས་པ་ཞིག་ཡོད། དེའི་ཆུང་མའི་མངལ་དུ་སེམས་ཅན་ཞིག་ཞུགས་པས་དེའི་ཉིན་ཁྱིམ་བདག་གནོད་པ་བརྒྱ་བྱུང༌། དེ་ནས་རིམ་བཞིན་བུ་བཙས་2ནས་ཁྱིམ་བདག་ལ་གནོད་པ་སྟོང་བྱུང་ཡང༌། “བུ་འོངས་པས་ལེགས་སོ་”ཞེས་མིང་དུ་“ལེགས་འོངས་”བཏགས། ནོར་རྣམས་རིམ་པས་ཟད་དེ། ཁྱིམ་བདག་ཆུང་མ་དང་བཅས་པ་ཤི། ཁྱིམ་ནོར་ལྷག་པ་ཐམས་ཅད་མེས་ཚིག ལེགས་འོངས་གཉེན་སྤུན་ཚང་མས་བོར་ནས་གཅིག་པུ་ལུས། བྲན་མོ་3རྒན་འཁོགས་གཅིག་གི་གཡོག་བྱས་ཏེ་སྡོད་སྐབས་བྲན་མོ་དེ་ཡང་བསོད་ནམས་ཟད་པའི་མི་འདི་དང་མཉམ་དུ་བསྡད་ན་བདག་ལ་ཡང་བརླག་སྟོར་ཡོང་ངེས་བསམས་ཏེ་བོར་ནས་བྲོས་སོ། །
ཉིན་གཅིག་ལེགས་འོངས་རང་གི་ཉེ་དུའི་ཁྱིམ་དུ་ཕྱིན་པ་དང་དེར་འཐབ་མོ་བྱུང་ནས་དེ་དག་གིས་འདི་ལེགས་འོངས་མ་ཡིན་གྱི་ཉེས་འོངས་སོ་ཟེར་ནས་སྤྱུགས་པ་4དང༌། མུ་ཏོ་པ་5རྣམས་ཀྱི་ནང་དུ་ཕྱིན་ནས་དེ་དག་དང་མཉམ་དུ་ལྟོ་སློང་སྐབས་མུ་ཏོ་རྣམས་སྤྲང་ཕོར་སྟོང་པར་ལོག་དགོས་བྱུང་བར་བརྟེན། དེ་དག་གིས་ཀྱང་ཤིན་ཏུ་བརྡེགས་6ནས་བསྐྲད་དོ། །དེ་ནས་མཉན་ཡོད་7དུ་འགྲོ་མཁན་ཚོང་པའི་རྗེས་སུ་སོང་བས་ཚོང་པ་དང་གླང་རྣམས་ཀྱང་འཐབ་ནས་སྔར་བཞིན་བསྐྲད། ཡང་སྤྲང་ཆས་བགྱིས་ཏེ་མཉན་ཡོད་དུ་ཕྱིན། ཁྱིམ་བདག་མགོན་མེད་ཟས་སྦྱིན་8གྱི་མནའ་མ་ལེགས་འོངས་ཀྱི་སྲིང་མོ་ཡིན་པས་དེར་སོང་བས་བཀྲ་མི་ཤིས་པ་བྱུང་ནས་ཡང་བསྐྲདདོ། །ཡང་མུ་ཏོ་བའི་ནང་དུ་ཞུགས་ནས་མགོན་མེད་ཟས་སྦྱིན་གྱིས་དགེ་འདུན་ལ་གདུགས་གསོལ་ས་9དེར་སོང་བས་མུ་ཏོ་རྣམས་ཀྱིས་ལེགས་འོངས་སླེབས་ཡོད་པ་ཤེས་ཏེ་སྤྲང་ཕོར་གྱིས་ཀླད་པ་བཅོམ་སྟེ་རྐང་ལག་ནས་བཟུང་སྟེ་ཕྱག་དར་ཁྲོད་དོར་རོ། །དེར་ངུ་ཞིང་སྡོད་པ་ན། སྟོན་པ་ཐུགས་རྗེ་ཅན་གྱིས་དེ་གཟིགས་ནས་ལེགས་འོངས་བོས་ཏེ། ལྷུང་བཟེད་ཀྱི་ལྷག་མ་བྱིན་ཡོན་བཤད་ནས་གཤེགས་པའི་ཕྱི་བཞིན་དུ་དེའང་སོང་ངོ༌། །སྔར་ཕའི་ཆུང་གྲོགས་ཤིག་གིས་ཀར་ཤ་པ་ཎ་གཉིས་བྱིན་པ་གོས་ཀྱི་གྲྭར་བཏུམས་ཏེ་བཞག་པའང་ལས་ཀྱིས་བརྗེད་དེ། སྟོན་པས་དེ་ཕྱུང་ནས་ཁོའི་ལས་སྒྲིབ་སྦྱང་བའི་ཕྱིར་ཨུཏྤལ་སྔོན་པོ་ཉོས་ནས་དགེ་འདུན་ལ་བྲིམ་10དུ་བཅུག་པས་ལེགས་འོངས་ལ་ཟད་པར་སྔོན་པོའི་ཏིང་ངེ་འཛིན་སྐྱེས། སྟོན་པས་དེ་རབ་ཏུ་ཕྱུངས་ནས་བསྒོམས་པས་དགྲ་བཅོམ་པ་ཐོབ་བོ། །
དེ་ལྟར་ན་མིང་དངོས་ལེགས་འོངས་ཡིན་ཡང་ལས་ཀྱི་ལྷག་མའི་ལེ་ལན་གྱིས་གང་དུ་ཕྱིན་སར་གཞན་དག་ལ་མི་ལེགས་པ་འབའ་ཞིག་བྱུང་བས་ཉེས་འོངས་སུ་གྱུར་ཏོ། །
མཆན།
- རྣམ་ཐོས་ཀྱི་བུ་ནི། རྣམ་ཐོས་སྲས་ཞེས་པ་སྟེ། རྒྱལ་ཆེན་རིས་བཞིའི་ནང་རི་རབ་ཀྱི་བྱང་ངོས་ཀྱི་རྒྱལ་ཆེན་ནམ་བྱང་གི་ཕྱོགས་སྐྱོང་ཡིན།
- བཙས་པ་ནི། ཕྲུ་གུ་སྐྱེས་པའི་དོན། འཁྲུངས་པ། བལྟམས་པ་སོགས་དོན་གཅིག་མིང་གི་རྣམ་གྲངས་ཡིན།
- བྲན་ནི། གཡོག་གམ་མངའ་འོག་གི་འབངས་ལ་གོ་དགོས། བྲན་མོ་ནི་གཡོག་མོ་ཡིན།
- སྤྱུགས་པ་ནི། ཡུལ་གཞན་དུ་ཕུད་པ་སྟེ། བསྐྲད་པའི་དོན།
- མུ་ཏོ་བ་ནི། ལྟོ་སློང་མཁན་གྱི་སྤྲང་པོ་ཡིན། མུ་ལྟ་བ་ཞེས་འབྲི་སྲོལ་གཞན་ཡང་ཡོད།
- བརྡེགས། རྒྱག་པའམ་གཞུས་པའི་དོན། ཁྱི་ལ་དབྱུག་པས་བརྡེགས་ལྟ་བུ།
- མཉན་ཡོད་ནི༌། གྲོང་ཁྱེར་ཞིག་གི་མིང་ཡིན། ལེགས་སྦྱར་སྐད་དུ་ཤྲབསྟིཿཞེས་འབོད། གནས་དེར་སངས་རྒྱས་ཀྱིས་མུ་སྟེགས་པ་དང་ཆོ་འཕྲུལ་འགྲན་ནས་མུ་སྟེགས་ཀྱི་རྒོལ་བ་ཚར་བཅད་པས། ནང་པའི་གནས་ཆེན་བརྒྱད་ཀྱི་ནང་གསེས་གཅིག་ཡིན།
- མགོན་མེད་ཟས་སྦྱིན་ནི། སྔར་གྲོང་ཁྱེར་མཉན་ཡོད་དུ་ཡོད་པའི་ཀུན་དགའ་ར་བ་འཛུགས་མཁན་སྦྱིན་བདག་དེའི་མཚན་ཡིན།
- གདུགས་གསོལ་ས་ནི། ཉིན་གུང་གི་གསོལ་ཚིགས་བཞེས་ས་ལ་ཟེར།
- བྲིམ། བགོ་བཤའ་བརྒྱབ་པའམ་བཀྲམས་པའི་དོན། དགེ་འདུན་ཟས་བྲིམ་པར་བྱ་ལྟ་བུ།
གླང་པོས་རྫིང་གི་སྲོགས་ཆགས་ལ་གཙེ་བ།
བླུན་པོ་ལན་གཅིག་ཕམ་པ་ན། །
གཉེན་ལ་འཁང་ཤིང་དགྲ་བློ་ཞི། །
ཁྱི་ངན་ལ་ནི་རྡོ་ཕོག་ན། །
འཁང་ནས་ཉལ་བའི་སྤྱོད་ཚུལ་ལྟོས། །
སྔོན་གླང་པོ་ཆེ་ཞིག་གིས་ཆུང་མ་གླང་མོ་ཞིག་ཡོད་པ་དེར་ཤིན་ཏུ་སྡུག་པར་འཛིན་1ཅིང་གནས་པ་ན། གླང་མོ་དེ་གླང་པོ་ཆེའི་ཕྲུ་གུ་གཞན་ཞིག་ལ་ལྷག་པར་ཆགས་ནས་དེ་ལ་སྨྲས་པ། གླང་པོ་ཆེ་དེ་ཚུར་དུ་འོང་གི། བདག་ཅག་གཉིས་ཡུལ་གཞན་ཞིག་ཏུ་བྲོས་པའི་ཐབས་བྱའོ་ཟེར་ནས། གླང་པོ་ཆེ་དེ་བསླུ་བའི་ཆེད་སྨྲས་པ། བདག་ཅག་གཉིས་ཁྲུས་བྱ་ཕྱིར་རྫིང་བུར་ཞུགས་ནས་ཡུན་རིང་དུ་སུས་ནུབ་པར་2ཐུབ་མིན་བལྟ་བར་བྱའོ་ཟེར་ནས། དེ་དག་རྫིང་བུར་ཞུགས་ནས་གླང་པོ་ཆེ་དེ་ཆུའི་ནང་དུ་ནུབ་ནས་འདུག་པ་དང༌། གླང་མོ་དེས་གླང་པོ་ཆེའི་ཕྲུ་གུ་ཁྲིད་ནས་བྲོས་སོ། །གླང་པོ་ཆེ་དེས་རིང་ཞིག་ལོན་ནས་བལྟས་པས་མ་མཐོང་ནས། བདག་ཕམ་པར་འགྱུར་དུ་འོང་གི་སྙམ་སྟེ་སླར་ཆུའི་ནང་ནུུབ་སྟེ་དུས་ཡུན་རིང་ཙམ་བསྲན་ནས་བསྡད་པས་དབུགས་ཆད་ལ་ཁད་བྱུང་ནས་མ་ཚུགས་ཏེ་མགོ་བཏེགས་ཏེ་བལྟས་པས། གླང་མོ་མ་མཐོང་སྟབས་ཚིག་པ་ཤིན་ཏུ་ཟོས་ཏེ། རྫིང་བུ་ཕན་ཚུན་དུ་དཀྲུགས་པས་ཉེས་པ་མེད་པའི་ཉ་དང་རུས་སྦལ་སོགས་སྲོག་ཆགས་མང་པོ་ཞིག་སྲོག་དང་བྲལ་དགོས་བྱུང་ངོ༌། །
དེར་ལྷས་སྨྲས།
ཀྱེ་མ་ཤ་ཡི་ཕུང་པོ་ཆེ།
འདི་ལ་ཤེས་རབ་ཡོད་མ་ཡིན།
གཞན་གྱིས་ཆུང་མ་འཕྲོགས་གྱུར་ན།
གཞན་ལ་སྡུག་བསྔལ་སྟོན་པར་བྱེད། ཅེས་ཟེར།
མཆན།
- སྡུག་པར་འཛིན་པ་ནི། ཤིན་ཏུ་གཅེས་པར་འཛིན་པའམ་སེམས་ཤོར་བའི་དོན།
- ནུབ་པ་ནི། མི་མངོན་པར་གྱུར་པའི་དོན་ཡིན། དཔེར་ན་ཉི་མ་ལར་བཞུད་པ་ལ་ཉི་མ་ནུབ་པ། ཆུར་ནུབ་པ་ལྟ་བུའོ། །
བརྒྱ་བྱིན་གཡུལ་ལས་རྒྱལ་བ།
མཁས་པ་དོན་གྱི་གལ་ཐུག་ན། །
དགྲ་བོ་གང་ལའང་འཇིགས་པ་མེད། །
ལྷ་དབང་གཅིག་གིས་ལྷ་མིན་གྱི། །
དཔུང་ཚོགས་ཕམ་པའི་བྱུང་བ་ལྟོས། །
སྔོན་བྱང་ཆུབ་སེམས་པ་ཞིག་བསམ་བཞིན་དུ་ལྷའི་དབང་པོ་བརྒྱ་བྱིན་གྱི་སྐྱེ་བ་བཞེས་ནས་བཞུགས་པས། དེ་ནི་གཟི་བརྗིད་དང་སྙིང་སྟོབས་རྨད་དུ་བྱུང་ཞིང་བསོད་ནམས་ཀྱི་མཐུས། ལྷའི་དཔལ་འབྱོར་ཕུན་སུམ་ཚོགས་པས་ལྷ་དང་མིའི་ཡུལ་ལེགས་པར་བསྐྱངས་པའི་སྙན་གྲགས་ཕུལ་དུ་བྱུང་བའི་དཔལ་དེ་ལ་ལྷ་མ་ཡིན་རྣམས་མ་བཟོད་ནས་རྟ་དང༌། གླང་པོ་ཆེ། ཤིང་རྟ། རྐང་ཐང་གི་དམག་གོ་མཚོན་ཐོགས་པ།1 འཇིགས་སྣང་ཅན་གྱི་དཔུང་ཚོགས་ཆེན་པོའི་དམག་བཤམས་ཏེ་རྒོལ་བའི་ཕྱིར་དུ་མདུན་དུ་ལྷགས།
སྐབས་དེར་སེམས་དཔའ་ཆེན་པོ་བརྒྱ་བྱིན་གྱིས་རང་གི་དཔུང་ཚོགས་ཆེན་པོས་ཡོངས་སུ་བསྐོར་ཏེ། གཡུལ་འགྱེད་པའི་2ཕྱིར་དུ་ལྷ་མ་ཡིན་གྱི་དམག་རྣམས་རྒྱ་མཚོའི་འགྲམ་ལ་ཐུག་པའི་བར་དུ་ཕྱིན་ཏེ་ཕན་ཚུན་གཡུལ་སྤྲད་པ་3ན། ལྷ་མང་པོ་ཞིག་དང་ལྷ་མ་ཡིན་གྲངས་ལས་འདས་པ་ཞིག་རྨས་སྐྱོན་བྱུང།
དེར་རེ་ཞིག་ལྷ་མ་ཡིན་དཔུང་སྟོབས་ཆེ་བས་ལྷ་རྣམས་བྲོས་ཏེ་སེམས་དཔའ་ཆེན་པོ་ལྷ་དབང་བརྒྱ་བྱིན་གཅིག་པུ་གཡུལ་ངོར་ལུས། དེ་ནས་བརྒྱ་བྱིན་གྱི་ཁ་ལོ་པ་མཱ་ཏ་ལིས་ལྷ་རྣམས་བྲོས་པར་མཐོང་ནས་ཤིང་རྟ་སླར་བཟློག་4སྐབས་ལམ་དུ་ཤིང་ཤལ་མ་ལིའི་སྡོང་པོ་5ལ་མཁའ་ལྡིང་གི་ཚང་བཅས་པར་བྱ་ཕྲུག་གནས་པར་གཟིགས་ཏེ་ཤིང་རྟ་ཕྱིར་ལྷ་མིན་གྱི་ཕྱོགས་སུ་ཟློག་ཅིག་ཅེས་བཀའ་བསྒོས། མཱ་ཏ་ལིས། ཤིང་རྟ་ཁ་ཚུར་ཟློག་ན་ལྷ་མིན་གྱི་དམག་གིས་བཅོམ་ཉེན་པས་བཟློག་མི་རུང་ཞུས། ང་ནི་ཤི་ཡང་ཁྱད་མེད་པས་ཤིང་རྟ་ཁ་ཚུར་ཟློག་ཅིག་ཅེས་བཀའ་སྩལ་པ་དང༌། ཁ་ལོ་པས་བཀའ་བཞིན་རྟ་སྟོང་དང་ལྡན་པའི་ཤིང་རྟ་དེ་སླར་ཡང་ལྷ་མ་ཡིན་གྱི་དམག་གི་ཕྱོགས་སུ་བཟློག་པས། སེམས་དཔའ་ཆེན་པོའི་སྙིང་སྟོབས་དང་བསོད་ནམས་ཀྱི་མཐུས་ལྷ་མིན་གྱི་དཔུང་རྣམས་འཇིགས་ཤིང་སྐྲག་ནས་དངངས་འཚབ་ཀྱིས་བྲོས། དེ་ནས་ལྷ་རྣམས་སླར་འོངས་ནས་བརྒྱ་བྱིན་ལ་བསྟོད་བསྔགས་ཀྱི་མེ་ཏོག་གཏོར་ཏེ་སུམ་ཅུ་རྩ་གསུམ་6དུ་རྣམ་པར་རྒྱལ་བའི་ངང་བྱོན་ནོ། །
མཆན།
- ཐོགས་པ། འཁྱེར་བ་དང་འཛིན་པའི་དོན་ཡིན།
- ༢། གཡུལ་འགྱེད་པ་ནི། དམག་འཐབ་པའི་དོན།
- ༣། གཡུལ་སྤྲད་པ་ནི། དམག་འཁྲུག་བརྒྱབ་པ།
- ༤། བཟློག་པ་ནི། འགོག་པའམ་ཁ་སྒྱུར་པ། རྐྱེན་ངན་པ་ཟློག་པ་སོགས་ཀྱི་དོན་ཡིན།
- ༥། ཤལ་མ་ལིའི་སྡོང་པོ། ཚ་དམྱལ་གྱི་ཉེ་འཁོར་དུ་ལྕགས་ཤིང་གི་ནགས་ཚལ་ཞིག་ཡོད་པ་དེའི་སྡོང་པོའི་མིང་ཡིན།
- ༦། སུམ་ཅུ་རྩ་གསུམ་ནི། སྤྱིར་གྲངས་ཀ་༣༣ ཡིན། སྐབས་འདིར་ལྷའི་གནས་རི་རབ་ཀྱི་སྟེང་དུ་ནོར་ལྷ་བརྒྱད་དང༌། དྲག་པོ་བཅུ། ཉི་མ་བཅུ་གཉིས། ཐ་སྐར་གྱི་བུ་གཉིས་ཏེ་ཉེ་དབང་སོ་གཉིས་དང། ལྷ་དབང་བརྒྱ་བྱིན་དང་བཅས་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་རྩེ་ཞིང་རོལ་བའི་གནས་ཡིན་པའི་ཆ་ནས་སུམ་ཅུ་རྩ་གསུམ་ཞེས་ལྷ་ཡུལ་གྱི་མིང་ངོ༌། །
སེམས་ཅན་ཟགས།
བླུན་པོ་དོན་གྱི་གལ་ཐུག་ན། །
ཅུང་ཟད་ཙམ་ལའང་སྐྲག་པ་སྐྱེ། །
མི་ལ་ཟགས་སུ་འཁྲུལ་བ་ཡིས། །
སྟག་གི་སྙིང་སྲིད་གས་ལ་ལྟོས། །
དེ་ཡང་སྔོན་རྒན་རྒོན་1གཉིས་ལ་གླང་ཞིག་ཡོད། རྐུན་མ་ཞིག་གླང་དེ་བརྐུ་ཕྱིར་སོང་ནས་ཁང་པའི་གདུང་མའི་གསེབ་ཏུ་ཡིབ་ནས་བསྡད། དེ་དུས་སྟག་ཅིག་ཀྱང་དེར་སླེབས་ནས་གདུང་མའི་འོག་ཏུ་ཡིབ་ནས་བསྡད། སྐབས་དེར་གློ་བུར་དུ་གནམ་འཁྲིགས་ཏེ་མུན་ནག་འཐིབས་པ་ན། རྒད་མོས་རྒད་པོ་ལ་དོ་ནུབ་2རྐུན་མ་མི་ཡོང་ངམ་ཞེས་སྨྲས་པ་ན། རྒད་པོས། གནམ་བདག་འོངས་ཀྱང་མི་སྐྲག ས་བདག་འོངས་ཀྱང་མི་སྐྲག་སྟེ། ཟགས་3འོངས་ན་འཇིགས་ཞེས་བཤད་པས། རྐུན་མ་དང་སྟག་གི་བསམ་པ་ལ། རྒད་པོའི་བཤད་ཚུལ་ལྟར་ན་ཟགས་ཞེས་བྱ་བ་སུ་ལས་ཀྱང་འཇིགས་སུ་རུང་བ་ཞིག་འོང་རྒྱུ་ཡོད་པ་རེད། དེ་ད་ལྟ་སླེབས་མི་ཡོང་ངམ་སྙམ་ནས་སྐྲག་ཅིང་འདུག་པ་དང༌། ཅུང་ཞིག་ནས་སྲོད་ཀྱི་སྨག་རུམ་དྭངས་པ་ན་རྐུན་མས་འོག་ལ་སྟག་ཡོད་པ་མཐོང་ནས་སྐྲག་སྟེ་སྟག་གི་སྟེང་དུ་གཅི་པ་ཤོར། སྟག་དེས་ཀྱང་མི་དེ་མཐོང་ནས་ཟགས་ཟེར་བའི་འཇིགས་སུ་རུང་བ་དེ་བྱུང་སྙམ་སྟེ་ཤིན་ཏུ་སྐྲག་སྟེ་བྲོས་པས་སྙིང་གས་པ་ཡིན་ཞེས་ཟེར་རོ། །
མཆན།
- རྒན་རྒོན་ནི། རྒད་པོ་དང་རྒན་མོ་གཉིས་ཀྱི་བསྡུས་ཚིག་ཡིན།
- དོ་ནུབ་ནི། དེ་རིང་ནུབ་མོའམ་དགོང་མོ་ཞེས་པའི་དོན།
- ཟགས་ནི། མར་ལྷུང་བའམ་ཟགས་པའི་དོན་ནི།