ཟླ་རེའི་གསར་འགྱུར།

དགེ་སློབ་རྩོམ་འབྲི་ཐེངས་བཅུ་པའི་གསལ་བསྒྲགས།

 

༄༅། །དགེ་རྒན་གྱི་ཁྱད་ལས་ཡར་རྒྱས་དང་། ཤེས་ཡོན་དང་ཉམས་མྱོང་བརྗེ་རེས་ཆེད་རང་རང་གི་ཉམས་མྱོང་ལས་བྱུང་བའི་ལེགས་ཆ་དང་། འབྲི་རྩལ་ཡར་རྒྱས་ཆེད་རྩོམ་ཡིག་སྣ་མང་འབྲི་བའི་ལས་རིམ་ཞིག་དང་། དེ་བཞིན་སློབ་ཕྲུག་(འཛིན་རིམ་༣-༡༢) རྣམས་རྩོམ་ཡིག་འབྲི་བར་སྐུལ་ལྕག་ཐེབས་ཕྱིར་རྩོམ་འབྲིའི་ལས་རིམ་སྤེལ་བཞིན་ལྟར། འདི་ལོ་༸གོང་ས་མཆོག་དགུང་ལོ་དགུ་བཅུར་ཕེབས་པའི་སྐུའི་གོ་སྟོན་ཡིན་སྟབས། ཐེངས་བཅུ་པའི་ལས་རིམ་ནང་༸གོང་ས་མཆོག་དང་འབྲེལ་བའི་བརྗོད་གཞི་གོ་སྒྲིག་ཞུས་ཡོད་ན། དགེ་རྒན་དང་སློབ་ཕྲུག་གང་མང་མཉམ་ཞུགས་གནང་སྐྱོང་ཡོང་བ་དང་། འདི་གར་འབྱོར་བའི་རྩོམ་ཡིག་ནང་ནས་དགེ་རྒན་གྱི་རྩོམ་ཡིག་ལེགས་གྲས་ ༡༥ དང་། སློབ་ཕྲུག་གི་རྩོམ་ཡིག་ལེགས་གྲས་ ༤༥ (འཛིན་རིམ་ ༣-༥ པའི་རྩོམ་ཡིག་ ༡༥ དང་། འཛིན་རིམ་ ༦-༨ པའི་རྩོམ་ཡིག་ ༡༣ ། འཛིན་རིམ་ ༩-༡༢ བར་གྱི་རྩོམ་ཡིག་ ༡༧) འདེམས་སྒྲུག་གིས་ལས་ཁུངས་ཀྱི་གཏན་འབེབས་སྒྲིག་གཞི་གཞིར་བཟུང་སྟོང་མིན་ཙམ་གྱི་རྩོམ་ཡོན་ཕུལ་ཏེ། བདམས་ཐོན་བྱུང་བའི་རྩོམ་ཡིག་རྣམས་བོད་ཡིག་སློབ་སྦྱོང་དྲྭ་ཚིགས་སྟེང་འགོད་སྤེལ་ཞུ་རྒྱུ་ཡིན།

དུས་ཡུན།  ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༩ ནས་ཟླ་ ༦ ཚེས་ ༢༠ བར་ཡིན། དེའི་རྗེས་སུ་འབྱོར་རིགས་ལ་ངོས་ལེན་ཞུ་རྒྱུ་མིན།

རྩོམ་ཡིག་འབྲི་སྐབས་གཤམ་གསལ་དོན་གནད་རྣམས་ལ་ཐུགས་སྣང་གནང་དགོས།

༡། རྩོམ་ཡིག་གི་བརྗོད་གཞི།
   ༡.༡ དགེ་རྒན་གྱི་བརྗོད་གཞི།   <<༸གོང་ས་མཆོག་གི་དགོངས་པའི་དགེ་རྒན་ལ་ཚང་དགོས་པའི་ཁྱད་ཆོས།>>
   ༡.༢ སློབ་ཕྲུག་གི་བརྗོད་གཞི། འཛིན་རིམ་ ༣-༥ ཡིས་ <<༸གོང་ས་མཆོག་>> དང་། འཛིན་རིམ་ ༦-༨ ཡིས་ <<༸གོང་ས་མཆོག་གི་ལམ་སྟོན།>> འཛིན་རིམ་ ༩-༡༢ ཀྱིས་ <<༸གོང་ས་མཆོག་གིས་བོད་ཕྲུག་ལ་བཅངས་པའི་ཐུགས་རེ།>> ཞེས་པའི་བརྗོད་གཞི་སོ་སོའི་ཐོག་རྩོམ་ཡིག་འབྲི་དགོས། (བོད་དགེ་རྣམ་པས་ཁུར་དུ་བཞེས་ཏེ། སློབ་ཕྲུག་རྣམས་ལ་རྩོམ་ཡིག་འབྲི་བར་སྐུལ་འདེད་གནང་དགོས།)
༢། སྐད་ཡིག་བོད་ཡིག་ཡིན་དགོས་པ་དང་། རྩོམ་ཡིག་འབྲི་སྐབས་ཉམས་མྱོང་ལས་བྱུང་བའི་ཐབས་ལམ་རྩལ་དུ་འདོན་དགོས།

༣། སློབ་ཕྲུག་གི་རྩོམ་ཡིག་སློབ་ཕྲུག་རང་ཉིད་ཀྱིས་བྲིས་པ་ཞིག་ཡིན་དགོས་པ་ལས། དགེ་རྒན་དང་། མི་གཞན་པས་འབྲི་མི་ཆོག ཀམ་པུ་ཊར་དུ་འཇུག་སྒྲིག་ཀྱང་སློབ་ཕྲུག་རང་ཉིད་ཀྱིས་བྱེད་དགོས་པ་དང་། ཀམ་པུ་ཊར་འཇུག་སྒྲིག་མི་ཐུབ་པའི་སློབ་ཕྲུག་གིས་གང་བྲིས་པ་བཤེར་འབེབས་ཀྱིས་བཏང་འཐུས། གལ་སྲིད་མི་གཞན་གྱིས་བྲིས་པར་དོགས་པ་བྱུང་ཚེ་རྩིས་མེད་གཏོང་རྒྱུ།
༤། རྩོམ་ལུས་ལྷུག་མ། ཤོག་བུ་A4 མཐའ་ཚད་སྤྱི་བཏང་བ་(Margins Normal) དང། ཡིག་གཟུགས་ཆེ་ཆུང་ཚད།
སྨོན་ལམ་དབུ་ཅན་དང་པོ་ཆེ་ཆུང་བཅུ་བཞི། (Monlam Uni Ouchan1 size 14)
   ༤.༡ དགེ་རྒན་གྱི་རྩོམ་ཡིག་ཉུང་མཐའ་ཤོག་ངོས་གསུམ་དང་། མང་མཐའ་ཤོག་ངོས་ལྔ་ལས་བརྒལ་མི་ཆོག
   ༤.༢ འཛིན་རིམ་ ༣-༥ པ་བར་གྱི་སློབ་ཕྲུག་གི་རྩོམ་ཡིག་ཉུང་མཐའ་ཤོག་ངོས་གཅིག་དང་མང་མཐའ་ཤོག་ངོས་ གཉིས། འཛིན་རིམ་ ༦-༡༢ བར་གྱི་སློབ་ཕྲུག་གི་རྩོམ་ཡིག་ཉུང་མཐའ་ཤོག་ངོས་གཅིག་དང་ཕྱེད་ཀ་དང་། མང་མཐའ་ཤོག་ངོས་གསུམ་ལས་བརྒལ་མི་ཆོག
༥། རྩོམ་ཡིག་རྣམས་གཤམ་འཁོད་གློག་འཕྲིན་ཐོག་བསྐུར་དགོས།
༦། རྩོམ་ཡིག་གི་མཇུག་ཏུ་སློབ་གྲྭ་དང་དོ་བདག་གི་མཚན། (བདམས་ཐོན་བྱུང་ན་གཟེངས་བསྟོད་ཕྱག་འཁྱེར་སྟེང་འགོད་ཆེད་དོ་བདག་གི་མཚན་བོད་ཨིན་གཉིས་ཀྱི་སྟེང་དག་ཆ་མ་ནོར་བར་འགོད་དགོས།) གཞི་རིམ་གོང་འོག་བར་གསུམ་གང་གི་དགེ་རྒན་དང་སློབ་ཕྲུག་ཡིན་པ། རང་ཉིད་ཀྱི་གློག་འཕྲིན་ཁ་བྱང་དང་ཁ་པར་ཨང་གྲངས་ཁ་གསལ་འགོད་དགོས། (སློབ་ཕྲུག་ཚོར་སྒེར་གྱི་གློག་འཕྲིན་ཁ་བྱང་མེད་ཚེ་ཡིག་ཚང་ངམ་འཛིན་དགེའི་གློག་འཕྲིན་དང་ཁ་པར་ཨང་གྲངས་འགོད་དགོས།)
༧། རྩོམ་ཡིག་ལེགས་གྲས་ཁོངས་སུ་བདམས་ཐོན་བྱུང་མཚམས་དོ་བདག་ལ་འབྲེལ་བ་ཞུ་རྒྱུ་ཡིན་པས། དེ་དོན་དགོངས་འཇགས་ཡོད་པ་ཞུ། ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་ནས། ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༩ ཉིན།

 


རྩོམ་ཡིག་བསྐུར་ཡུལ། [email protected]       འབྲེལ་གཏུགས་ཁ་པར། ༩༥༣༥༩༢༥༠༨༡


སྔོན་མ།
གོ་སྟོན་དམིགས་བསལ་ཤེས་ཡོན་སློབ་ཡོན་གསལ་བསྒྲགས།
ཕྱི་མ།
མཐོ་སློབ་ཚན་རིག་སློབ་ཕྲུག་རྣམས་ཀྱི་ཆེད་ཉམས་གསོག་སྦྱོང་བརྡར།