འཕྲོད་བསྟེན་དང་ལུས་སྦྱོང་གི་བསླབ་གཞི་ནི་སློབ་ཕྲུག་དང་སྤྱི་ཚོགས་ཁྱོན་ཡོངས་དང་འབྲེལ་བ་ཞིག་ཡིན། འདིའི་ནང་གཟུགས་པོའི་འཕྲོད་བསྟེན་ལས་གཞན་སློབ་ཕྲུག་གི་སེམས་ཁམས་དང་། ཡིད་འགྱུར་ཚོར་བ་ (Emotion) ཡང་ཚུད་ཡོད། འཛམ་གླིང་འཕྲོད་བསྟེན་མཐུན་ཚོགས་ (WHO) ཀྱིས་འཕྲོད་བསྟེན་ནི་རིམས་ནད་དང་ནད་མནར་མེད་པ་གཅིག་པུ་མིན་པར་མིའི་ལུས་ཁམས་དང་། སེམས་ཁམས། སྤྱི་ཚོགས་འཕྲོད་བསྟེན་ཀྱི་གནས་བབ་བཅས་ཡིན་པར་འགྲེལ་བརྗོད་བྱེད་པ་རེད། འཕྲོད་བསྟེན་དང་ལུས་སྦྱོང་བསླབ་གཞིའི་དམིགས་ཡུལ་ནི། སློབ་ཕྲུག་ཚོས་རང་ཉིད་ཀྱི་ལུས་སེམས་བདེ་ཐང་ཡོང་བར་བྱས་པ་བརྒྱུད། འགྲོ་བ་མིའི་རིགས་ཡོངས་ཀྱི་ཤེས་ཡོན་ཞིག་ཏུ་འགྱུར་བར་བྱེད་དགོས།
ཕྱོགས་དེའི་ཐད་ནས་བལྟས་ན། བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ནི་ལུས་རྩལ་སློབ་སྦྱོང་གི་རྨང་གཞི་ཡིན་པར་བཤད་མ་དགོས། སློབ་གྲྭའི་སྐབས་སུ་མཛེས་དཔྱོད་ཀྱི་རིན་ཐང་གོང་སྤེལ་བྱེད་པའི་བསམ་སྤྱོད་གང་ཞིག་ཡིན་ཡང་ལུས་པོའི་འཕྲོད་བསྟེན་ལ་བརྩི་མཐོང་བྱེད་རྒྱུ་ཚུད་དགོས་ཏེ། ལུས་པོར་དབང་འབྱོར་བ་དང། དེ་སྟོབས་དང་ལྡན་ཞིང་ཁྱད་ཆོས་ལྡན་པ་ཞིག་ཡོང་བ། དེའི་སྐོར་གྱི་ཤེས་བྱ་ཐོབ་པར་བྱས་ཏེ་གོ་རིམ་ལྡན་པའི་སྦྱོང་བརྡར་བྱེད་པ་བཅས་ཡིན།
ལུས་སྦྱོང་ནི་སློབ་ཕྲུག་གི་ལུས་སེམས་བདེ་ཐང་དང། གཟུགས་སྟོབས་རྒྱས་ཤིང་མྱུར་རྩལ་ལྡན་པ། དགོས་ངེས་དང་ཐབས་ཇུས་ལྡན་པའི་རྩལ་སྦྱོང་། ཤ་གནད་དང་དབང་རྩའི་ནུས་པ་གོང་སྤེལ། གཟུགས་པོའི་མཛེས་ཉམས་དར་ཞིང་རྒྱས་པ། སེམས་ཤུགས་བསྐྱེད་པ། གཙང་སྦྲ་ལྡན་ཞིང་ཟས་སྤྱོད་འཕྲོད་བསྟེན་དང་མཐུན་པར་བྱེད་པའི་གོམས་གཤིས་འཇགས་པར་བྱེད་པ་བཅས་ཡིན་པར་བརྟེན་བསླབ་གཞིའི་རྩ་འཛིན་ནང་གོ་རིམ་ལྡན་པའི་ངང་ཁྲིད་སྟོན་བྱེད་དགོས། གོང་གསལ་དམིགས་ཚད་རྣམས་ལེགས་གྲུབ་བྱུང་སླད། འཕྲོད་བསྟེན་དང་ལུས་སྦྱོང་གི་སློབ་ཚན་ཅི་འདྲ་ཞིག་ཡིན་རུང་སློབ་ཕྲུག་ཚོར་སྤྲོ་སྣང་དང་བདེ་ཐང་བསྐྲུན་པ། ལུས་སེམས་ཀྱི་ནུས་རྩལ་གོང་སྤེལ། འཕྲོད་བསྟེན་གྱི་གོ་རྟོགས་ཡར་རྒྱས། རང་དང་རང་ཉིད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་བདག་གཅེས་ཀྱི་ནུས་རྩལ་གསོ་སྐྱོང་བྱེད་པ་བཅས་ཀྱི་གཞི་རྩའི་ཁ་ཕྱོགས་དམ་འཛིན་བྱ་དགོས།
འཕྲོད་བསྟེན་དང་ལུས་སྦྱོང་བསླབ་གཞི་ཁྲིད་སྟོན་ཆེད་བདུན་རེར་དངོས་གཞིའི་ཚོགས་ཐུན་ ༢ ལས་མ་ཉུང་བ་དགོས་པའི་ཁར། སྔ་དགོང་སོགས་ཀྱི་དུས་ཚོད་གང་མང་གོ་སྒྲིག་བྱ་དགོས།
བསླབ་གཞིིའི་རྩ་འཛིན་གྱི་དམིགས་ཚད་ནི།
- སློབ་ཕྲུག་རྣམས་ལ་ལུས་སྦྱོང་དང་འཕྲོད་བསྟེན་གྱི་གོམས་གཤིས་དང་སྤྱོད་ལམ་རང་རྒྱུད་ལ་འཇགས་སུ་བཅུག་སྟེ་ཕྱོགས་ཡོངས་ཀྱི་གོ་རྟོགས་སྤེལ་བ་དང་། ཁོང་ཚོའི་འཕྲོད་བསྟེན་གྱི་གནས་སྟངས་གོང་འཕེལ་ཡོང་བར་བྱེད་པ།
- སློབ་ཕྲུག་གི་ལུས་དང་། སེམས། ཚོར་བ་བཅས་བདེ་ཐང་ཡོང་བར་བྱས་ཏེ། ཁོང་ཚོའི་རང་ཉིད་དང་སྤྱི་ཚོགས་ཀྱི་གནས་བབ་གོང་འཕེལ་བཏང་སྟེ། མི་ཡག་ཤོས་ཤིག་ཏུ་འགྱུར་བར་བྱེད་པ།
- འཕྲོད་བསྟེན་དང་ལུས་སྦྱོང་ཐོག་ཚན་རིག་དང་མཐུན་པའི་བསམ་བློའི་ལྟ་སྟངས་གོང་འཕེལ་གཏོང་བ།
- མི་སྒེར་དང། ཁྱིམ་ཚང། སྤྱི་ཚོགས་ཐོག་གི་འཕྲོད་བསྟེན་གྱི་དཀའ་ངལ་ངོས་འཛིན་དང་། འབྲེལ་ཡོད་ཀྱི་ཚན་རིག་གི་ཤེས་བྱ་དང་གནས་ཚུལ་ཐོབ་པར་བྱས་ཏེ་དེ་དག་སྔོན་འགོག་དང་སྟངས་འཛིན་གྱིས་བདེ་ཐང་ཡོང་བར་བྱེད་པ།
- མི་སྒེར་རམ་ཚོགས་སྡེ་གཞན་དང་མཉམ་འབྲེལ་གྱིས་རང་ཉིད་དང་། ཁྱིམ་ཚང། མཐའ་འཁོར་བཅས་ཀྱི་མི་མང་གི་བདེ་ཐང་སྲུང་སྐྱོབ་དང་གོང་འཕེལ་གཏོང་བ་དང་། སྤྱི་ཚོགས་ཀྱི་དགོས་ངེས་བྱེད་ཐབས་ཁག་བསྔོགས་འདོན་གྱིས་ཐོབ་པར་བྱེད་དགོས།
- ཁྱིམ་ཚང་དང་སྤྱི་ཚོགས་ནང་དུ་སྔོན་འགོག་རང་བཞིན་དང་གོང་སྤེལ་རང་བཞིན་གྱི་རང་ཉིད་ལྟ་སྐྱོང་གི་སྤྱོད་ལམ་གོང་སྤེལ་གཏོང་བ།
- སྤྱི་ཚོགས་ནང་དུ་ HIV དང་ AIDS, མྱོས་རྫས་ལང་ཤོར་ (Drug Abuse) བཅས་ཀྱི་གོ་རྟོགས་གོང་འཕེལ་གཏོང་བ།
- མི་སྒེར་དང་སྤྱི་ཚོགས་འཚོ་བའི་ནང་། ལུས་པོའི་བདེ་ཐང་དང་དབང་པོའི་འགུལ་སྐྱོད་ནུས་ལྡན་ཞིག་ཡོང་རྒྱུའིི་གལ་ཆེ་རང་བཞིན་དང་འབྲེལ་བའི་གོ་རྟོགས་གོང་འཕེལ་གཏོང་བ།
- ལུས་སྦྱོང་དང། རྩལ་འགྲན། རྩེད་མོ་བཅས་ཐོག་དགའ་ཞེན་སྤེལ་ཏེ་མི་ཚེའི་ཆ་ཤས་ཤིག་ཏུ་འགྱུར་བར་བྱེད་པ།
- རང་ཉིད་རང་གཅུན་དང། ཁྲིམས་སྒྲིག་རང་འཁུར། སྙིང་སྟོབས་དང་འཇོན་ཐང་ལྡན་པ་བཅས་ནང་གི་གཤིས་རྒྱུད་ཀྱི་ཡོན་ཏན་གོང་ནས་གོང་དུ་འཕེལ་བ།
- འགན་ཁུར་གྱི་འདུ་ཤེས་དང། རྒྱལ་ཞེན། རང་ཉིད་བློས་གཏོང། སྤྱི་ཚོགས་ཞབས་ཞུ་བཅས་ཀྱི་འདུ་ཤེས་གོང་མཐོར་གཏོང་བ།
- རང་ཉིད་སྲུང་སྐྱོབ་དང་རང་ཁ་རང་གསོའི་གལ་ཆེ་རང་བཞིན་གྱི་གོ་རྟོགས་གོང་འཕེལ་གཏོང་བ།
རང་འགུལ་གྱི་སྒོ་ནས་རང་ཉིད་ཀྱི་མི་ཚེ་ལ་སྤྲོ་སྣང་སྤེལ་ཏེ་མི་ཚེ་དོན་དང་ལྡན་པར་སྐྱེལ་ཐུབ་པ། - སློབ་ཕྲུག་རང་ཉིད་ཀྱིས་སྤྱི་ཚོགས་རང་བཞིན་གྱིི་ལུགས་སྲོལ་དང་མཐུན་པའི་སྤྱོད་ལམ་བསྟེན་པ་བཅས་སོ། །
ལུས་སྦྱོང་དང་འཕྲོད་བསྟེན་གྱི་བྱེད་སྒོ་ཁག
༡། ལུས་སྦྱོང་།
- ཞབས་བྲོ། (Dance) ལུས་རྩལ་དང་རྩེད་འགྲན། (Competation)
- མཆོང་རྒྱུག་འཕེན་གསུམ། (Athletics) མཉེན་རྩལ། (Gymnastics)
- ཡོ་གཱ (Yoga) རྐྱལ་རྩལ། (Swimming)
༢། འཕྲོད་བསྟེན།
- ཁོར་ཡུག་དང་འཕྲོད་བསྟེན་གྱི་འབྲེལ་བ།
- བརྡབ་ཆག་དང་འཕྲལ་སེལ་སྨན་བཅོས།
- འཚོ་བཅུད།
- དེང་རབས་ཅན་དུ་འགྱུར་བའི་བརྒྱུད་རིམ་ནང་འཕྲོད་བསྟེན་གྱི་ཉེན་ཁ་དང། མྱོས་རྫས་ཐལ་སྤྱོད། HIV དང་ AIDS
- འགོས་ནད་དང་འགོས་ནད་མ་ཡིན་པའི་ནད་རིགས། རྒྱ་གར་ནང་ལག་ལེན་བསྟར་ཆོག་པའི་འཕྲོད་བསྟེན་སྨན་བཅོས་ཀྱི་སྒྲིག་སྲོལ།
- རྒྱལ་སྤྱིའི་འཕྲོད་བསྟེན་གྱི་གལ་ཆེ་རང་བཞིན།
ལུས་སྦྱོང་ཤེས་ཡོན་གྱི་བྱེད་སྒོ་ནི་སློབ་གྲྭའི་ནང་དང་མཐའ་འཁོར་གྱི་མཐུན་རྐྱེན་འཛོམས་མིན་ལ་རག་ལས་ཡོད་པས། དགེ་རྒན་གྱིས་སློབ་གྲྭ་དང་སྤྱི་ཚོགས་ནང་གི་མཐུན་རྐྱེན་ལ་གཞིགས་ནས་ལས་རིམ་འཆར་འགོད་བྱེད་དགོས།
ལུས་སྦྱོང་བསླབ་གཞི།
དང་པོ། མཆོང་རྒྱུག་འཕེན་གསུམ། (Athletics)
ཀ) རྒྱུག་རྩལ། འཕར་མཆོང་རྒྱུག་རྩལ་ (Sprints) འགྲན་སྡུར་དང་། དུས་ཡུན་རིང་ཐུང་འབྲིང་གསུམ་གྱི་རྒྱུག་རྩལ་བཅས་བསླབ་དགོས་ཏེ། རྒྱུག་འགྲན་སྐབས་འགོ་འཛུགས་སྟངས་དང་མཇུག་སྒྲིལ་སྐབས་ཀྱི་ཐབས་རྩལ་ (Technique) དང། རྐང་པའི་མྱུར་ཤུགས་དང་རྐང་པ་འཛུགས་སྟངས། གཟུགས་པོའི་བཟོ་ལྟ་གཏོད་སྟངས་དང་རྐང་པའི་འདེགས་འཇོག་ཇི་ལྟར་བྱས་ན་མགྱོགས་ཚད་ཡར་རྒྱས་གཏོང་ཐུབ་ཚུལ་བཅས་ཀྱི་མན་ངག་དང་ལག་ལེན་སྐོར་གནད་དུ་བཟུང་ནས་བསླབ་རྒྱུ།
ཁ) མཆོང་རྩལ། རྒྱང་མཆོང་དང་མཐོ་མཆོང་གི་ཤུགས་གཅིག་ལ་སྒྲིལ་ཚུལ་གྱི་མན་ངག་དང། གོམ་གསུམ་རྒྱང་མཆོང་ (Triple Jump) འགག་མཆོང་བཅས་ཀྱི་གཞི་རྩའི་རྩལ་སྦྱོང་དང་མན་ངག་ངོ་སྤྲོད་བྱ་རྒྱུ།
ག) འཕེན་རྩལ། ལྕགས་རྡོ་རྒྱང་འཕེན་གྱི་ལུས་ཤུགས་སྒྲིལ་ཚུལ་དང་། རྐང་ལག་གི་བརྟན་ཆ་བྱེད་ཚུལ། འཕངས་རྡོ་ (Discus) འཕེན་ཚུལ་གྱི་མན་ངག འཕངས་མདུང་ (Javelin) བཅས་ཀྱི་གཞི་རྩའི་རྩལ་སྦྱོང་སྐོར་ངོ་སྤྲོད་བྱ་རྒྱུ།
ང) ཐག་འཐེན། ཐག་འཐེན་ནི་བོད་མིའི་སྲོལ་རྒྱུན་གྱི་རྩེད་མོ་ཞིག་ཡིན་ལ། ཐག་འཐེན་འགྲན་སྡུར་སྐབས་ལུས་ཤུགས་དང་རྐང་ལག་གི་བརྟན་ཆ་བྱེད་སྟངས། འཐེན་ཤུགས་མཉམ་སྒྲིལ་བྱེད་སྟངས་བཅས་ཀྱི་ཐབས་རྩལ་རྣམས་བསླབས་ཏེ་བུ་དང་བུའི་དབར་དང། བུ་མོ་དང་བུ་མོའི་དབར། འཛིན་གྲྭ་ཕན་ཚུན་དབར་བཅས་ལ་ཐག་འགྲན་བྱེད་སྒོ་སྤེལ་དགོས།
ཅ) དུས་ཚོད་ལྟར་རྩལ་སྦྱོང་ནང་འཛུལ་ཞུགས་བྱས་ཏེ་ལུས་ཕུང་འགུལ་བྱེད་མ་ལག་ (Motor Components) ནུས་ལྡན་ཡོང་ཆེད་གཙོ་བོ་མྱུར་ཚད་ (Speed) དང། ནུས་སྟོབས་ཅན། (Strength) བཟོད་བསྲན་གྱི་ནུས་ཚད། (Endurance) ལྡེམ་ཚད། (Flexibility) མཉམ་འབྲེལ་ནུས་པ་ (Coordinative Ability) བཅས་དམིགས་བསལ་གྱིས་སྦྱོང་དགོས།
མཆན། ༡) སྐབས་འདིར་སློབ་ཕྲུག་ཚོས་ལུས་རྩལ་གྱི་བྱེད་སྒོ་གོང་མཐོར་ཡོང་ཆེད་རྩེད་རིགས་གང་རུང་གཅིག་ཆེད་ལས་ཅན་དུ་འདེམས་དགོས་པ་དང། རྩེད་འགྲན་གཞན་རང་ཉིད་ཀྱི་ཆེད་ལས་རྩེད་འགྲན་དེ་དང་འབྲེལ་བ་ཡོད་ཚེ་གསུམ་ལས་མ་མང་བར་གདམ་ཆོག
༢) རྩེད་འགྲན་དེ་དག་གི་འབྲེལ་ཡོད་སྒྲིག་ཁྲིམས་སྐོར་ངོ་སྤྲོད་བྱ་དགོས།
གཉིས་པ། མཉེན་རྩལ། Gymnastics
ཀ) སློབ་ཕྲུག་ཕོ།
༡) འཛིན་རིམ་གོང་མའི་སྐབས་སྦྱངས་པའི་རྩལ་སྦྱོང་གི་སྐོར་བསྐྱར་དུ་སྦྱོང་རྒྱུ།
༢) ཞ་ལའི་སྟེང་གི་ལུས་རྩལ། Floor Exercises
- མགོ་འཛུགས་སྐོར་ལངས། (མགོ་འཛུགས་ཨ་ལོག) (Head Spring)
- ལག་འཛུགས་སྐོར་ལངས། (ལག་འཛུགས་ཨ་ལོག) (Hand Spring)
༣) སྒ་རྟ་ལུས་སྦྱོང། Vaulting Horse
- ཞེང་ཁ་ཆེ་བའི་སྒ་རྟའི་སྟེང་ལག་འཛུགས་མདུན་མཆོང། (Straddle Vault on Broad Horse)
- ལག་འཛུགས་སྐོར་མཆོང། (Hand Spring on Broad Horse)
- སྒ་རྟ་རིང་པོའི་སྟེང་ཞོན་ཚུལ་དང་འབབ་ཚུལ། (Take Off and Sitting on the Long Horse)
- སྒ་རྟ་རིང་པོའི་སྟེང་རྐང་བགྲད་ལངས་རྩལ། (Straddle from the Standing Position on Long Horse)
༤) མཉམ་འགྲོ་ལྕགས་རྡང་། Parallel Bars
- ལྕགས་རྡང་སྟེང་འཛེགས་སྟངས་དང་འབབ་སྟངས་མི་འདྲ་བ་ཁག་ངོ་སྤྲོད་དང་སྦྱོང་བརྡར།
- ལྕགས་རྡང་གཅིག་གི་སྟེང་དུ་འགྲེ་ལོག་རྒྱག་ཚུལ། (One Bar Roll)
- ལྕགས་རྡང་སྟེང་ཕྲག་ལངས་བྱེད་ཚུལ། (Shoulder Stand)
- L དབྱིབས་འདུག་སྟངས་ཀྱི་རྩལ་སྦྱོང། (‘L’ Position Hold)
༥) འཕྲེད་རྒྱུག་ལྕགས་རྡང། Horizontal Bar
- ལྕགས་རྡང་སྟེང་ལག་པས་འཇུ་སྟངས་སྣ་ཚོགས་ཀྱི་ཐབས་རྩལ། (Different Types of Grips)
- ལྕགས་རྡང་སྟེང་རྒྱབ་ཕྱོགས་སུ་སྐོར་བ་བྱེད་སྟངས་ཀྱི་རྩལ་སྦྱོང། (Back Turn Over)
- ལྕགས་རྡང་སྟེང་རྐང་པ་གཅིག་གི་སྟེང་ནས་སྐོར་བ་མདུན་རྒྱག་བྱེད་ཚུལ། (One Leg Circle Forward)
- ལྕགས་རྡང་སྟེང་དཔྱང་གཡུག་བྱེད་སྟངས་ལས་སླ་པོའི་རིགས་ཀྱི་རྩལ་སྦྱོང། (Simple Swing)
ཁ) སློབ་ཕྲུག་བུ་མོ།
༡) འཛིན་རིམ་གོང་མར་བསླབས་པའི་ལུས་སྦྱོང་སྐོར་གྱི་རྩལ་སྦྱོང།
༢) ཞ་ལ་སྟེང་གི་རྩལ་སྦྱོང། Floor Exercises
- ལག་པ་གཅིག་གམ་གཉིས་སྟེང་ཟུར་འཁོར་བྱེད་སྟངས། (One Hand Cartwheel)
- ལག་འཛུགས་སྐོར་ལངས། (Hand Spring)
༣) རྡང་ཤིང་སྟེང་གི་དོ་མཉམ་མཉེན་རྩལ། Balancing Beam
- ཞབས་བྲོ་རྒྱག་སྟངས། (Dancing Movement)
- སྐོར་བ་རྒྱག་སྟངས། (Turning Movement)
- མདུན་འཁོར་དང་རྒྱབ་འཁོར་རྒྱག་སྟངས། (Front Roll and Back Roll)
- དོ་མཉམ་རྩལ་སྦྱོང་མི་འདྲ་གཞན། (Different Balances)
༤) སྒ་རྟའི་རྩལ་སྦྱོང། Vaulting Horse
- ཞེང་ཁ་ཆེ་བའི་སྒ་རྟའི་སྟེང་ལག་འཛུགས་མདུན་མཆོང། (Straddle Vault on Broad Horse)
- སྤྱང་ཀིའི་འཕར་མཆོང་ (Wolf Vault or Side Vault)
- ཞི་མིའི་འཕར་མཆོང། (Cat Spring and Jump on Long Horse)
ག) རྐང་ལག་སྒུལ་བྱེད་རྩ་རྒྱུས་ཀྱི་མཉེན་ཤུགས་གོང་འཕེལ་ཡོང་བར་མཉེན་རྩལ་རིགས་མི་འདྲ་བ་གཞན་བཅས་རིམ་པ་བཞིན་བསླབ་དགོས།
གསུམ་པ། ཡོ༌ག
༡) དབུགས་སྦྱོང་།
- Bandh (དབུགས་བཀག)
- Mudra (ཕྱག་རྒྱ།)
- Kriya (སྤྱོད་རྫོགས།)
- Meditation (སྒོམ།)
༢) ལུས་སྦྱོང་།
- Dhanurasana (Bow Pose) (གཞུ་དབྱིབས་སྟངས་ཀ)
- Kukutasana (Cock Pose) (བྱ་ཕོའི་སྟངས་ཀ)
- Mayurasana (Peacock) (རྨ་བྱའི་སྟངས་ཀ)
- Suptavajrasana (Recline Pose) (གན་རྐྱལ་སྟེངས་ཀ)
- Vakasana (Crane Pose) (ཁྲུང་ཁྲུང་སྟངས་ཀ)
- Gaunukhasana (Cow Face Pose) (གླང་མགོའི་སྟངས་ཀ)
- Supt-pawan Muktasana (Wind Release) (དབུགས་ཕུད་སྟངས་ཀ)
- Halasana (Plow Pose) (ཐོང་གཞོལ།)
- Shalabhasana (Locust Pose) (ཆ་གྭ་པའི་སྟངས་ཀ)
- Naukasana (The Boat Pose) (ཀོ་གྲུའི་སྟངས་ཀ)
- Shirshasana (The headstand Pose) (མགོ་ལངས་སྟངས་ཀ)
- Surya Namaskar (The Sun God Obeisance Pose) (ཉི་ལྷར་ཕྱག་འབུལ་སྟངས་ཀ)
བཞི་པ། རྩེད་འགྲན་རིགས།
- དབྱུག་རྩེད་སྤོ་ལོ། (Cricket)
- རྐང་རྩེད་སྤོ་ལོ། (Football)
- སིལ་སྤོལ། (Basketball)
- ལག་རྩེད་སྤོ་ལོ། (Volleyball)
- མཆོངས་རྒྱུགས་ལག་སྤོལ། (Handball)
- པིང་པོང་སྤོ་ལོ། (Table Tennis)
- བྱ་སྒྲོ། (Badminton)
རྩེད་འགྲན་འདི་དག་ཆེད་ཆ་ཚད་ཡོངས་སུ་རྫོགས་པའི་རྩེད་ཐང་ཞིག་ཡོད་དགོས། དེ་ལྟར་མེད་ཀྱང་ས་སྟོང་ཅུང་ཆེ་ས་ཞིག་ཏུ་རྩེད་ཀྱང་ཆོག ཡང་སྙིང་སློབ་ཕྲུག་ཚོར་མཉམ་ཞུགས་ཀྱི་གོ་སྐབས་ཐོབ་པར་བྱེད་དགོས།
རྩེད་འགྲན་འདི་དག་གི་སྒྲིག་ཁྲིམས་དང། ཐབས་རྩལ། ཐབས་ཇུས་ཀྱི་གོ་རིམ་བཅས་བསླབས་ཏེ་ལག་ལེན་བྱེད་དགོས།
དུས་ཚོད་ལྟར་རྩེད་འགྲན་ནང་འཛུལ་ཞུགས་བྱས་ཏེ་ལུས་ཕུང་འགུལ་བྱེད་མ་ལག་ (Motor Components) ནུས་ལྡན་ཡོང་ཆེད་གཙོ་བོ་མྱུར་ཚད་དང། ནུས་སྟོབས། བཟོད་བསྲན། ལྡེམ་རྩལ། སྙོམས་སྒྲིག་གི་ནུས་པ་ (Coordinative Ability) བཅས་ཡར་རྒྱས་གཏོང་ཐབས་དམིགས་འབེན་དུ་བཟུང་ནས་བསླབ་དགོས།
ལྔ་པ། རྐྱལ་རྩལ།
- ལུས་ཤུགས་སྒྲིལ་སྟངས་དང་རྐང་ལག་གཡུག་སྟངས་རིགས་མི་འདྲ་བ་ཁག་དང། རྐྱལ་གྱི་གཞི་རྩའི་ཐབས་རྩལ་དང་གོ་རིམ་བཅས་གལ་གནད་དུ་བཟུང་ནས་བསླབ་དགོས།
- རྐྱལ་རྩལ་དང་འབྲེལ་བའི་ལུས་ཕུང་འགུལ་བྱེད་མ་ལག་མི་འདྲ་བ་རྣམས་ཀྱི་ཤུགས་ཚད་གོང་འཕེལ་ཡོང་ཆེད་དུས་ཚོད་ལྟར་འཛུལ་ཞུགས་བྱེད་དུ་འཇུག་བཅས།
མཆན། ལུས་རྩལ་གྱི་བྱེད་སྒོ་གོང་མཐོར་ཡོང་ཆེད་སྐབས་འདིར་སློབ་ཕྲུག་ཚོས་རྩེད་རིགས་སྣ་གཅིག་ཆེད་ལས་ཅན་དུ་འདེམས་དགོས་པ་དང། རང་ཉིད་ཀྱི་ཆེད་ལས་རྩེད་འགྲན་དང་འབྲེལ་བ་ཡོད་ཚེ་རྩེད་འགྲན་གཞན་གསུམ་ལས་མ་མང་བ་བདམས་ཆོག
འཕྲོད་བསྟེན་བསླབ་གཞི།
འཕྲོད་བསྟེན་གྱི་གོ་དོན་དང་རང་བཞིན་དང། འཕྲོད་བསྟེན་གྱི་སྣོད་བཅུད་ལྟ་ཚུལ། (Ecological Concept of Health) ངོ་སྤྲོད། ལུས་ཁམས་དང་། སེམས་ཁམས། ཡིད་འགྱུར་ཚོར་བ་ (Emotion) བཅས་ཀྱི་རྟེན་འབྲེལ། སྤྱི་ཚོགས་འཕྲོད་བསྟེན། འཕྲོད་བསྟེན་ལ་ཤུགས་རྐྱེན་བྱེད་པའི་རྒྱུ་རྐྱེན་ (Factor) དང་གནས་སྟངས། (Condition) འཕྲོད་བསྟེན་སློབ་སྦྱོང་གིི་གལ་ཆེ་རང་བཞིན་དང་། གོ་དོན། དགོས་པ། རྩ་འཛིན། (Principle) ཐབས་ལམ་བཅས་དང་། འཕྲོད་བསྟེན་སློབ་སྦྱོང་ལ་བརྒྱུད་ལམ་གྱི་བྱེད་ནུས་ཐོན་སྟངས་བཅས་ངོ་སྤྲོད།
- མི༌མང་གི་འཕྲོད་བསྟེན་དང་འབྲེལ་བའི་གྲོང་གསེབ་དང། གྲོང་བརྡལ། དབུལ་ཕོངས་གྲོང་ཁུལ་གྱི་ཁོར་ཡུག་གི་གནས་སྟངས་དང། སྙིགས་རོ་གསོག་ཉར་བྱེད་ཚུལ། འབག་བཙོག་འགོག་ཐབས་ཀྱི་བྱེད་ཐབས། རུལ་སྙིགས་ས་དོང་ (Compost Pit) དང། ཆུ་སྙིགས་སིམ་དོང། (Soakage Pit) སྟབས་བདེ་གསང་སྤྱོད། (Sanitary Latrine) འཐུང་ཆུ་གཙང་མའི་ཐོན་ཁུངས་བདག་ཉར་བྱེད་ཚུལ། གྲོང་སྡེའི་གསོག་ཆུ་མཁོ་སྤྲོད་མ་ལག (Municipal Water Supply System) སྡོད་ཁང་ལས་གཞི་ (Housing) བཅས་ངོ་སྤྲོད།
- མི་སྒེར་དང་ཁོར་ཡུག་གཉིས་དབར་གྱི་འཕྲོད་བསྟེན་གྱི་ལག་ལེན་ཐོག་ནས་རིམས་ནད་ (Disease) སྔོན་འགོག་དང་འཕྲོད་བསྟེན་གོང་སྤེལ། རིག་གཞུང་གི་ལག་ལེན་དང་འབྲེལ་བའི་འཕྲོད་བསྟེན་བཅས་ངོ་སྤྲོད།
- གྲོང་དང་གྲོང་ཁྱེར་ཁུལ་གྱི་འཆི་སྐྱོན་བྱུང་བཞིན་པའི་བརྡབ་ཆག་ (Accident) དང། བརྡབ་ཆག་གི་རྒྱུ་རྐྱེན། བརྡབ་ཆག་དེ་དག་འགོག་ཐབས་ཀྱི་སྤྱིར་བཏང་གི་རྩ་འཛིན། མེ་གཏོང་སྟངས་དང། མེ་ཐབ་སྤྱོད་སྟངས། གློག་བེད་སྤྱོད་བྱེད་སྟངས། ཐེམ་སྐས་འཛེགས་སྟངས། ལམ་ཁ་འཕྲེད་བརྒལ་བྱེད་སྟངས། རྐང་འཁོར་ཞོན་སྟངས། རྩེད་མོ་རྩེ་བ་བཅས་ཀྱི་གནས་སྐབས་སུ་བདེ་འཇགས་འགན་སྲུང་དང་འབྲེལ་ཡོད་སྒྲིག་ཁྲིམས། སྨན་དང་དུག་རྫས་རིགས་ཉར་ཚགས་བྱེད་ཐབས། བཟོ་རྩལ་ལག་ལེན་དང་། གློག་དང་འཕྲུལ་ཆས་རིགས་ཀྱི་ཡོ་བྱེད་བཅས་བདེ་འཇགས་ངང་བེད་སྤྱོད་བྱེད་ཚུལ་གྱི་ལམ་སྟོན་དང་ཐབས་ལམ་ངོ་སྤྲོད།
- གྲི་སོགས་ཀྱིས་བཅད་པ་ (Cut) དང། རྨ་བཟོས་པ། (Wound) ཚིགས་ཕུད་པ། (Sprain) རྩ་འཆུས་པ། (Strain) ཁྲག་ཐོན་པ། (Bleeding) རུས་པར་ཆག་སྐྱོན་དང་སེར་ཁ་གས་པ། (Fracture) ཁྱི་དང་སྦྲུལ་སོགས་ཀྱིས་སོ་བརྒྱབ་པ། སྦྲང་མ་དང་སྡིག་པ་ར་ཙས་དུག་མདུང་བཙུགས་པ། ཆུར་དིམ་པ། བརྒྱལ་བ། དངངས་སྐྲག་བྱུང་བ། (Shock) མེས་འཚིགས་པ་བཅས་ཀྱི་གནས་སྐབས་སུ་འཕྲལ་སེལ་སྨན་བཅོས་ (First-aid) བྱེད་སྟངས་དང། ཁྱིམ་དུ་ནད་གཡོག་རྒྱུགས་སྟངས། ནད་རྟགས་དང། སྔོན་འགོག སྨན་བཅོས་བཅས་ངོ་སྤྲོད།
- མི་སྒེར་གྱི་འཚོ་བཅུད་ (Nutrition) འཕྲོད་བསྟེན་གྱི་རྒྱུ་རྐྱེན་དང་གནས་སྟངས་ངོ་སྤྲོད་དང། འཚོ་བཅུད་ལྡན་པའི་ལུས་ཕུང་བདེ་ཐང་ཡོང་བར་ཁེལ་ལོ་རི་ (Calories) དང་བཅུད་རྫས་ཀྱི་དགོས་མཁོ། འཚོ་བཅུད་ལྡན་པའི་ཟས་རིགས། རིན་གོང་ཆུང་བའི་གྲོང་གསེབ་ཁུལ་གྱི་འཚོ་བཅུད་ལྡན་པའི་ཟས་རིགས། ཟས་སྤྱོད་དོ་མཉམ་བསྟེན་དགོས་ཚུལ་དང་དེའི་གལ་ཆེ་རང་བཞིན། དེ་ཡང་ལོ་ཚད་དང། ཕོ་མོ། ལས་རིགས། སྦྲུམ་མ། ས་བབ་གནས་སྟངས་ལ་བརྟེན་ནས་འཆར་གཞི་དང་ལྡན་པའི་ཟས་སྤྱོད་བསྟེན་ཚུལ།། ཟས་བཅུད་མ་འདེང་བའི་ནད་རིགས་ངོ་སྤྲོད་དང་སྔོན་འགོག་ཇི་ལྟར་བྱེད་ཚུལ་བཅས་ངོ་སྤྲོད་བྱེད་དགོས།
- དེང་རབས་ཅན་དུ་འགྱུར་བའི་བརྒྱུད་རིམ་ནང་། ཁོར་ཡུག་འབག་བཙོག་གིས་འཕྲོད་བསྟེན་གྱི་ཉེན་ཁ་དང། མི་འབོར་འཕར་པའིཤུགས་རྐྱེན་ལ་བརྟེན་ནས་བྱུང་བཞིན་པའི་འཕྲོད་བསྟེན་གྱི་ཉེན་ཁ་ དང་། ཁྱིམ་ཚང་དང་སྤྱི་ཚོགས་ཀྱི་མི་ཚེ་བཅས་ཀྱི་འཕྲོད་བསྟེན།
- འགོས་ནད་ (Commnicable Disease) དང་འགོས་ནད་མ་ཡིན་པའི་ནད་རིགས་དང། འགོས་ནད་ཁྱབ་ཚུལ་དང་འགོག་སྡོམ་བྱེད་སྟངས། ལུས་སྲུང། (Body Defence) ལུས་ཟུངས་ནུས་པ། (Immunity) རང་བྱུང་དང་ཐོབ་རུང་ལུས་ཟུངས་ནུས་པ།
- ནད་སྔོན་འགོག་ཆེད་རྒྱུན་ལྡན་གྱི་གཟུགས་གཞི་བརྟག་དཔྱད་དང་དེའི་གལ་ཆེ་རང་བཞིན། ལུས་ཟུངས་ནད་འགོག་སྨན་ཁབ་རྒྱག་པའི་དུས་ཚོད་ (Immunization Schedule) དང་སྟོབས་བསྐྱེད་སྨན་ཐུན། (Booster Dose) རྒྱ་གར་དང་བོད་མིའི་སྤྱི་ཚོགས་ནང་དུས་རྒྱུན་འབྱུང་བཞིན་པའི་ནད་རིགས་ (Morbility) དང་འདས་གྲོངས་ཀྱི་ཚད། (Mortality) རྒྱ་གར་དང་བཙན་བྱོལ་བོད་མིའི་འཕྲོད་བསྟེན་ལས་འཆར་དང་དེ་དག་ལག་བསྟར་བྱེད་སྐབས་མི་མང་དང་ལྷག་པར་སློབ་ཕྲུག་རྣམས་མཉམ་ཞུགས་བྱེད་དགོས་པའི་གལ་ཆེ་རང་བཞིན། གཞི་རིམ་གྱི་འཕྲོད་བསྟེན་ལྟ་སྐྱོང་དང་ཁྱབ་ཚད། གྲོང་གསེབ་དང་གྲོང་ཁྱེར་ཁུལ་གྱི་འཕྲོད་བསྟེན་ལྟ་སྐྱོང་ལྟེ་གནས་བཙུགས་པའི་དགོས་པའི་སྐོར།
- བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་འཆར་དང་། ཁྱབ་ཚད།
- རྒྱལ་སྤྱིའི་འཕྲོད་བསྟེན་གྱི་གལ་ཆེའི་རང་བཞིན་དང། རྒྱལ་སྤྱིའི་འཕྲོད་བསྟེན་གྱི་བྱེད་ཐབས་སྤྱད་དེ་རྒྱལ་ཁབ་དང་རྒྱལ་ཁབ་དབར་དུ་འགོས་ནད་ཁྱབ་ཚད་ལ་བརྟག་དཔྱད་བྱེད་ཚུལ། ཟུར་བཀག་བྱེད་ཐབས། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་བྱེད་ནུས་དང་བྱེད་སྒོ། UNICEF ཡི་བྱེད་ནུས་དང་བྱེད་སྒོ། འཛམ་གླིང་འཕྲོད་བསྟེན་ཉིན་མོའི་གལ་གནད་ངོ་སྤྲོད།
- རྒྱ་གར་ནང་གི་ཆོག་མཆན་ཡོད་པའི་སྨན་གྱི་སྒྲིག་སྲོལ་དང་། རིགས་གཅིག་ཁྱད་མཁས་ཀྱི་གནས་སྟངས། (Specialization Available) སྨན་ཡིག་དགོས་དང་མི་དགོས་པའི་སྨན་རྫས་ཀྱི་རིགས། ངན་ལངས་སྤྱོད་ཐལ་གྱི་སྨན་རྫས། (Habit Forming Drugs) རང་ཉིད་སྨན་བཅོས་དང་སྨན་པ་རྫུན་མར་སྨན་གཏུགས་གི་ཉེན་ཁ། ཆང་རག་དང་ཐ་མ་ཁའི་གནོད་འཚབ།
- གྲོང་གསེབ་དང། གྲོང་བརྡལ། རྫོང། མངའ་སྡེ། རྒྱལ་ཁབ་རིམ་པའི་འཕྲོད་བསྟེན་རྩ་འཛུགས་ངོ་སྤྲོད། འཕྲོད་བསྟེན་དང་འཕྲོད་བསྟེན་གྱི་ཤེས་ཡོན་ཁྱབ་ཁོངས་སུ་དང་བླངས་འཕྲོད་བསྟེན་ཞབས་ཞུའི་ལས་དོན།
- HIV དང་ AIDS ཡི་གོ་རྟོགས་དང་། སློབ་ཕྲུག་ཚོར་ཚུལ་དང་མི་མཐུན་པའི་ལུས་འབྲེལ་སྣ་ཚོགས་ཀྱི་ཉེན་ཁའི་སྐོར། མྱོས་རྫས་ཐལ་སྤྱོད། ལང་ཚོ་དར་སྐབས་ཀྱི་ཤེས་ཡོན། (Adolescence Education) སྐྱེ་འཕེལ་ཤེས་ཡོན་ (Reproduction Education) ཡང་སློབ་ཕྲུག་གི་ལོ་ཚད་དང་འཚམས་པའི་སྒོ་ནས་ངོ་སྤྲོད།
- འཕྲོད་བསྟེན་གྱི་ཤེས་བྱ་འདི་དག་སློབ་གྲྭའི་ནད་གཡོག་དང་། སྐྱེ་དངོས་རིག་པའི་དགེ་རྒན་གྱིས་འབྲེལ་ཡོད་ཡིག་ཆ་ཐབས་འཚོལ་གྱིས་དམར་ཁྲིད་བྱ་དགོས།