ཨིན་ཇིའི་སྐད་ཡིག་ནི་སྐད་ཡིག་སྤྱི་མཚུངས་ལྟར། ཉན་བཤད་ཀློག་འབྲི་བཞིའི་བྱང་རྩལ་གཅིག་ཕན་གཅིག་གྲོགས་ཀྱི་ངང་ནས་བསླབ་དགོས། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་སྐད་ཡིག་གཅིག་གི་བྱང་རྩལ་ཡར་རྒྱས་འགྲོ་བ་དང་མཉམ་དུ་སྐད་ཡིག་གཞན་དེའང་ཡར་རྒྱས་འགྲོ་བའི་ཐབས་རྩལ་སྤྱོད་དགོས། བོད་སྐད་ཡར་རྒྱས་དང་བསྟུན་ནས་ཨིན་ཇིའི་སྐད་ཡིག་ཀྱང་ཡར་རྒྱས་འགྲོ་བའི་སློབ་ཁྲིད་ཀྱི་བྱེད་ཐབས་སྤྱོད་དགོས། དེ་གཉིས་ཁ་ཁར་དབྱེ་སྟེ་འབྲེལ་མེད་དོན་གཞན་དུ་བལྟ་མི་རུང།
ཨིན་ཇིའི་སྐད་ཡིག་གི་བསླབ་གཞི་དང་བརྒྱུད་ལམ་གཉིས་ཀྱི་བར་སྟོང་དང། སྐད་ཡིག་གི་སློབ་ཁྲིད་དང་བེད་སྤྱོད་གཉིས་ཀྱི་བར་སྟོང་བཅས་མེད་པ་བཟོས་ཏེ་བསླབས་ན་ཨིན་ཇིའི་སྐད་ཡིག་དེ་སྐད་ཡིག་གཉིས་པའི་ཚུལ་དུ་བསླབས་ཀྱང་ཡར་རྒྱས་འགྲོ་བ་གདོན་མི་ཟ།
ཨིན་ཇིའི་སྐད་ཡིག་གི་བསླབ་གཞིའི་དམིགས་ཚད་ནི། སྐད་ཡིག་གི་གཞི་རིམ་གྱི་བྱང་རྩལ་ཡར་རྒྱས་ཀྱིས་མི་དང་མིའི་དབར་ལ་འབྲེལ་འདྲིས་བྱེད་ཐུབ་པ་དང། དེ་བརྒྱུད་ནས་བསྟན་བཅོས་ཀྱི་དགོངས་དོན་དང་ཤེས་བྱའི་གནས་ལ་རང་དབང་དུ་འཇུག་པ། གསར་རྩོམ་གྱི་གནས་ལ་ཞུགས་ཏེ་སྒྱུ་རྩལ་གྱི་རིགས་ལ་བྱང་ཆ་ལྡན་པའི་དམིགས་ཚད་བཅས་གཉིས་ཡིན།
གོང་གི་དམིགས་ཚད་དེ་གཉིས་འགྲུབ་པར་རྒྱུ་རྐྱེན་མང་པོ་ཞིག་ཚང་དགོས་པ་དཔེར་ན། སྐད་ཡིག་གི་བཀོལ་སྤྱོད་ཁོར་ཡུག་གམ་སྦྱོང་བརྡར་བྱེད་སའི་ཁོར་ཡུག་ཕུན་སུམ་ཚོགས་པ་ཞིག་བསྐྲུན་རྒྱུ་དེ་ནི་ཤིན་ཏུ་གལ་ཆེ་ཞིང། དེ་མིན་གཞན་སློབ་ཕྲུག་དང་སྤྱི་ཚོགས་ཀྱི་ལག་ལེན་དངོས་ལ་འཚམས་པའི་སློབ་དེབ་དང། སློབ་ཕྲུག་གི་བློ་དང་དགའ་ཕྱོགས་ལ་འཚམས་པའི་དེབ་རིགས་འདྲ་མིན། སློབ་དེབ་ཀྱི་ཟུར་བལྟའི་དེབ་རིགས། སློབ་ཕྲུག་ལ་འབྲེལ་བ་ཡོད་པའི་དུས་དེབ་དང། ཚགས་པར། རླུང་འཕྲིན། སྒྲ་འཁོར་འདྲ་མིན་སོགས་ངེས་པར་མཁོ་འདོན་བྱ་དགོས་ཤིང། བསླབ་གཞིའི་ནང་སློབ་དེབ་ཙམ་དུ་མ་ཟད། དེའི་གཞོགས་འདེགས་དེབ་རིགས། སྦྱོང་དེབ་བཅས་ངེས་པར་དགོས་པ་ཡིན། ཨིན་ཇིའི་སྐད་ཡིག་སློབ་ཁྲིད་དང་སློབ་སྦྱོང་གི་བརྒྱུད་རིམ་ཁྲོད་ཤེས་ཡོན་སྲིད་བྱུས་དོན་ཚན་ལྔ་པའི་ནང་འཁོད་རང་དབང་དང་། རྒྱུས་ལོན། གཞན་ཕན། གསར་གཏོད་སོགས་རྩ་དོན་རྒྱུན་འཁྱོངས་བྱ་དགོས།
ནང་དོན་མདོར་བསྡུས།

༡། ཨིན་ཇིའི་རྩོམ་རིག་ཐུང་གྲས་སམ་སྒྱུ་རྩལ་རྩོམ་རིག
༢། མི་སྒེར་དང། ཁྱིམ་ཚང། གྲོགས་པོ་གྲོགས་མོ། རྩེད་ཆས།
༣། གཅིག་འདུས་སློབ་གསོ་དང་ལས་རིགས་སློབ་སྦྱོང་།
༤། སྤྱི་ཚོགས་ཀྱི་དཀའ་ངལ་སྐོར།
༥། ཡ་ཡུས་ཀྱི་རྩེད་མོའི་རིགས་དང་བསམ་བློའི་འཆར་ཡན་གྱི་རིགས།
༦། རྩེད་མོའི་རིགས་དང། ལང་ཚོའི་སྐོར་གྱི་ནང་དོན།
༧། ཚན་རིག་དང་འཕྲུལ་ལས་སྐོར་གྱི་རྩོམ་ཡིག
༨། ཞི་བདེ་དང་འཇིག་རྟེན་ཀུན་ཁྱབ་ཀྱི་ལས་འགན་བྱམས་སྙིང་རྗེའི་སྐོར།
༩། འགྲུལ་བསྐྱོད་ཟིན་ཐོའི་སྐོར།
༡༠། མི་མང་གི་གསར་འགོད་བརྒྱུད་ལམ་གྱི་སྐོར།
༡༡། བོད་ཀྱི་སྒྱུ་རྩལ་དང་རིག་གཞུང་གི་སྐོར།

༡) རིག་དངོས་ཤུལ་བཞག
༢) ཆོས་དང་གོམས་སྲོལ།
༣) རྩོམ་རིག
༤) གཏམ་རྒྱུད་དང། མི་སྣ་གྲགས་ཅན། ཡ་མཚན། ཁྱིམ་མཚེས་རྒྱལ་ཁབ།

༡༢། འཕྲོད་བསྟེན་དང་སྐྱེ་འཕེལ་སྐོར།
༡༣། རང་རྟོགས།