
༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༢༢ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ (Indira Gandhi Institute of Physical Education & Sports Sciences) སློབ་མ་ངག་དབང་ལྷ་སྒྲོན་ལགས་ཀྱིས་ལུས་རྩལ་སློབ་གསོའི་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པའི་རྒྱུགས་འབྲས་རྩེ་ཕུད་བླངས་ཏེ་མཐོ་སློབ་ཀྱི་བསླབ་པ་མཐར་སོན་པའི་མཛད་སྒོའི་ཐོག་གསེར་གྱི་རྟགས་མ་ཐོབ་པར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་དགའ་བསུའི་འཚམས་འདྲི་ཡོད།
སྤྱིར་ངག་དབང་ལྷ་སྒྲོན་ལགས་ནི། ལ་དྭགས་སོ་ནམ་གླིང་གཞིས་ཆགས་ནས་ཡིན་པ་དང་། ལ་དྭགས་བོད་ཁྱིམ་ནས་སློབ་གཉེར་གནང་རྗེས་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ་ནས་ཚན་རིག་སྡེ་ཚན་ཐོག་འཛིན་རིམ་བཅུ་གཉིས་ཐོན་གནང་ཡོད། ནང་མིའི་རྒྱབ་སྐྱོར་འོག་ལུས་རྩལ་སློབ་གསོ་ཐོག་སློབ་སྦྱོང་གནང་སྟེ། ཨམ་ར་ཝ་ཏི་ནས་ལུས་རྩལ་སློབ་གསོ་དང་རྩེད་རིགས་ཀྱི་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་། དེ་རྗེས་ཨིན་ཌི་ར་གྷན་དྷི་ལུས་རྩལ་སློབ་གསོ་དང་རྩེད་རིགས་བསྟི་གནས་ཁང་ནས་ལུས་རྩལ་སློབ་གསོའི་ཉེ་བའི་གཙུག་ལག་རབ་འབྱམས་པ་བཅས་ཀྱི་སློབ་སྦྱོང་གནང་ཡོད་པ་དང་། ད་ལྟ་སློབ་ཁང་དེ་རང་ནས་ལུས་རྩལ་སློབ་གསོའི་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་གནང་བཞིན་ཡོད།
གཞན་ཡང་ངག་དབང་ལྷ་སྒྲོན་ལགས་ཀྱིས་རྩེད་རིགས་ཀྱི་ཐོག་ནས་ཀྱང་རྩེ་ཕུད་གྲུབ་འབྲས་ཐོན་ཡོད་པ་དང་། ཕྱི་ལོ་ ༢༠༢༢ ལོའི་ཀོ་ནི་ཧྥ་འཛམ་གླིང་བུད་མེད་རྐང་རྩེད་སྤོ་ལོ་རྩེད་འགྲན་ནང་མཉམ་ཞུགས་གནང་ཡོད། །

