ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ནས་ཨ་རིའི་བོད་མིའི་སློབ་ཡོན་གྱི་མི་འགྲོ་འདེམས་སྒྲུག་ཆེད་སྔོན་འགྲོའི་ཡིག་རྒྱུགས་གོ་སྒྲིག་ཞུས་པ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༤ ཚེས་ ༢༣ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༢༦ ལོའི་ཨ་རིའི་བོད་མིའི་སློབ་ཡོན་གྱི་མི་འགྲོ་འདེམས་སྒྲུག་ཆེད་སྔོན་འགྲོའི་བོད་ཡིག་དང་ཨིན་ཇིའི་ (TOEFL) ཡིག་རྒྱུགས་ལྡི་ལི་དང་སྦེང་ལོར་དུ་བཏང་གནང་ཡོད།

ཐེངས་འདིར་སྔོན་འགྲོའི་ཡིག་རྒྱུགས་ནང་ཨ་རིའི་བོད་མིའི་སློབ་ཡོན་ཆེད་སྙན་ཞུ་འབུལ་མཁན་གྲངས་ ༧༩ བྱུང་ཡོད་པའི་ཁོངས་ནས་བུ་ ༤༤ དང་བུ་མོ་ ༣༥ ཡིན་ཞིང་། སྙན་ཞུ་འབུལ་མི་གྲངས་ ༦༥ གྱིས་སྔོན་འགྲོའི་ཡིག་རྒྱུགས་བཏང་ཡོད་པ་དང་། མི་གྲངས་ ༡༤ ཡིས་སྔོན་འགྲོའི་ཡིག་རྒྱུགས་ནས་ཕྱིར་འཐེན་གནང་ཡོད། ཡིག་རྒྱུགས་ཀྱི་གྲུབ་འབྲས་གསལ་བསྒྲགས་ཟིན་རྗེས་མི་འགྲོ་ ༣༠ དྲག་འདེམས་ཀྱིས་ཕྱི་ལོ་ ༢༠༢༥ ཟླ་བ་ ༠༥ ཚེས་ ༢༠ དང་ ༢༡ ཉིན་དྷ་རམ་ས་ལར་འདྲི་གླེང་བརྒྱུད་མཐའ་མར་མི་འགྲོ་དྲུག་འདེམས་སྒྲུག་གནང་རྒྱུ་རེད་འདུག

སྤྱིར་ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་དེ་བཞིན་བཙན་བྱོལ་བོད་མིར་སློབ་ཡོན་ལས་གཞི་ཡོད་པའི་ཁོངས་ནས་ལས་གཞི་གལ་ཆེན་ཞིག་ཆགས་ཀྱི་ཡོད་པ་དང་། ལས་གཞི་འདི་བཞིན་ཨ་རིའི་གཞུང་གིས་དཔལ་འབྱོར་མཐུན་འགྱུར་འོག་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་ཨ་རིའི་བོད་ཀྱི་ཐེབས་རྩ་གཉིས་ཟུང་འབྲེལ་ཐོག་འཛིན་སྐྱོང་འགན་ཁུར་ཞུ་བཞིན་ཡོད་པ་རེད། །


སྔོན་མ།
སློབ་ཁག་ཐ་སྙད་ཚོགས་ཆུང་གི་དྲྭ་ཐོག་ཚོགས་འདུ།