ཟླ་རེའི་གསར་འགྱུར།

སློབ་ཁག་ཐ་སྙད་ཚོགས་ཆུང་གི་དྲྭ་ཐོག་ཚོགས་འདུ།

༄༅། །འདི་ག་ཤེས་རིག་བརྡ་ཆད་ཚན་པའི་གོ་སྒྲིག་འོག་སྤེལ་བཞིན་པའི་འདི་ལོའི་བཙན་བྱོལ་བོད་མིའི་སློབ་ཁག་ཐ་སྙད་ཚོགས་ཆུང་གི་ལས་གཞི་དེ་བཞིན་ཕྱི་ལོ་ ༢༠༢༥ ཟླ་བ་ ༤ པ་ནས་འགོ་འཛུགས་ཞུ་དགོས་སྟབས་འདི་ག་དབུས་དང་སློབ་ཁག་ཐ་སྙད་ཚོགས་ཆུང་ཁག་དབར་ཐོག་མའི་འཚམས་འདྲི་དང་ངོ་སྤྲོད། དེ་བཞིན་འདས་ལོའི་ཉམས་མྱོང་ལ་གཞིགས་ཏེ་ཕན་ཚུན་དབར་ལེགས་སྤེལ་ཉེས་འགོག་གི་གླེང་སློང་ཞུ་རྒྱུའི་སླད་ཕྱི་ལོ་ ༢༠༢༥ ཟླ་བ་ ༤ ཚེས་ ༡༡ རེས་གཟའ་པ་སངས་ཀྱི་ཉིན་རྒྱབ་ཆུ་ཚོད་ ༤ པའི་ཐོག་འདི་ག་ཤེས་རིག་བརྡ་ཆད་ཚན་པའོ་འགོ་ལས་རྣམས་དང་། ད་ཡོད་སློབ་ཁག་ཐ་སྙད་ཚོགས་ཆུང་ཉི་ཤུའི་འབྲེལ་ཡོད་སྣེ་འཁྲིད་རྒན་ལགས་རྣམས་ཚང་འཛོམས་ཀྱི་གུ་གལ་དྲྭ་ཐོག་ (Google Meet) ཚོགས་འདུ་ཞིག་བསྐོང་ཚོགས་ཞུས་ཡོད།

དེའི་ནང་ཤེས་རིག་བརྡ་ཆད་ཚན་པའི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་ནས་ཐོག་མར་སློབ་ཁག་ཚོགས་ཆུང་གི་སྣེ་འཁྲིད་རྒན་ལགས་རྣམས་ལ་འཚམས་འདྲི་དང་སྦྲགས། ཤེས་རིག་བརྡ་ཆད་ཚན་པའི་ལས་དོན་བྱེད་ཕྱོགས་དང་ད་བར་ཐ་སྙད་ཁྱབ་སྤེལ་གྱི་ལས་གཞི་ཇི་སྤེལ་གྱི་ངོ་སྤྲོད་གསུང་བཤད་གནང་ཡོད་ཅིང་། སློབ་ཁག་ཐ་སྙད་ཚོགས་ཆུང་གི་འབྲེལ་མཐུད་པ་ཤེས་རིག་བརྡ་ཆད་ཚན་པའི་འབྲེལ་ལས་ཚེ་རིང་དོན་གྲུབ་ལགས་ནས་འདས་ལོའི་ནང་སློབ་ཁག་ཚོགས་ཆུང་གིས་སློབ་ཁག་སོ་སོའི་ནང་ཐ་སྙད་ཁྱབ་སྤེལ་གྱི་ལས་གཞི་ཇི་སྤེལ་སྙན་གསེང་དང་། འདི་ག་ཤེས་རིག་ལས་ཁུངས་ཀྱིས་སློབ་ཁག་ཐ་སྙད་ཚོགས་ཆུང་ལ་རོགས་དངུལ་མཐུན་འགྱུར་དང་དེ་འབྲེལ་གྱི་རོགས་དངུལ་རྩིས་འབུལ་ཞུ་ཕྱོགས་གསལ་བཤད་གྲུབ་རྗེས། སློབ་ཁག་ཐ་སྙད་ཚོགས་ཆུང་གི་སྣེ་འཁྲིད་རྒན་ལགས་རྣམས་ནས་འདས་ལོའི་ནང་སློབ་ཁག་སོ་སོའི་ནང་ཐ་སྙད་ཁྱབ་སྤེལ་གྱི་བྱེད་སྒོ་སྤེལ་ཕྱོགས་ཐད་རང་ཉིད་ཀྱི་མྱོང་སྣང་གསལ་བཤད་དང་། འབྱུང་འགྱུར་ལས་དོན་བྱེད་ཕྱོགས་ཐོག་དགོངས་ཚུལ་ལྷུག་པོར་གསུངས་ཏེ་ཕན་ཚུན་དབར་རྒྱུས་ལོན་དང་གོ་རྟོགས་གསར་སྤེལ་གྱི་ཕན་ཡོན་ཅི་ཆེ་ཞིག་བྱུང་ཡོད།

འདི་ག་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་ཆེས་མཐོའི་བརྡ་ཆད་གཏན་འབེབས་ལྷན་ཚོགས་ནས་གཏན་འབེབས་གནང་བའི་རིག་གསར་གྱི་ཐ་སྙད་གཙོ་བོར་འགྱུར་བའི་ཉེར་མཁོའི་རྒྱུན་སྤྱོད་ཀྱི་ཐ་སྙད་རྣམས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་ཤེས་བྱའི་གནས་ལ་གཞོལ་བཞིན་པའི་ལོ་ཆུང་སློབ་ཕྲུག་གི་ཁྲོད་དུ་སྦྱོང་སྤྱོད་སྤེལ་གསུམ་གྱི་ལམ་ནས་རྒྱུན་འཇགས་ཐུབ་ཐབས་སུ་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་འབྲེལ་ཡོད་རྒན་ལགས་ཤིག་གི་སྣེ་འཁྲིད་འོག་གཙོ་བོར་སློབ་ཕྲུག་ལས་གྲུབ་པའི་ཐ་སྙད་ཚོགས་ཆུང་རེ་གསར་འཛུགས་ཞུ་རྒྱུའི་ལས་གཞི་ཞིག་ཕྱི་ལོ་ ༢༠༢༤ ལོ་ནས་འགོ་བཙུགས་ཡོད་པ་བཞིན་འདས་ལོར་བོད་མིའི་སློབ་ཁག་བཅུ་སྟེ། རྡ་སྟེང་བོད་ཁྱིམ་དང་། སེ་ལ་ཀུའི་བོད་ཁྱིམ། སྦེལ་ཀོབ་བོད་ཁྱིམ། མ་སུ་རི་བོད་ཁྱིམ། མ་སུ་རི་སཾ་བྷོ་ཊ་གཏན་སློབ། ཅན་དྷ་གྷི་རི་སཾ་བྷོ་ཊ་ཉིན་སློབ། རྡོར་གླིང་སཾ་བྷོ་ཊ་གཏན་སློབ། ཌོ་ལན་ཇི་སཾ་བྷོ་ཊ་ཉིན་སློབ། མོན་གྷོ་སཾ་བྷོ་ཊ་གཏན་སློབ། སྦེལ་ཀོབ་ལུགས་བསམ་སཾ་བྷོ་ཊ་ཉིན་སློབ་བཅས་ཀྱི་ནང་ཐ་སྙད་ཚོགས་ཆུང་གསར་འཛུགས་ཐུབ་པ་བྱུང་ཡོད་པའི་ནང་སློབ་ཁག་ཐ་སྙད་ཚོགས་ཆུང་མང་དག་ཅིག་གི་ངོས་ནས་དགའ་ཚོར་དང་ཡི་རངས་ཅི་ཆེ་ཞུ་འོས་པའི་ཐ་སྙད་ཁྱབ་སྤེལ་གྱི་བྱེད་སྒོ་སྣ་ཚོགས་ཤིག་སྤེལ་བ་རྣམས་འདི་ག་ཤེས་རིག་བརྡ་ཆད་ཚན་པའི་འགོ་ལས་ཡོངས་ཀྱི་མཐོང་ཐོས་དྲན་རེག་གི་སྤྱོད་ཡུལ་དུ་མངོན་པར་གསལ་བས། བློ་སྤོབས་དང་འདུན་པ་ཆེར་བསྐྱེད་ཀྱིས་འདི་ལོར་བོད་མིའི་སློབ་ཁག་གཞན་བཅུའི་ནང་ཐ་སྙད་ཚོགས་ཆུང་གསར་འཛུགས་ཞུ་རྒྱུའི་བསམ་གྲོས་གཅིག་མཐུན་བྱུང་བ་ལྟར་འབྲེལ་ཡོད་སློབ་ཁག་ཏུ་ཞབས་སྐུལ་ཞུས་པར། ཚང་མས་སྙན་སུན་དུ་མ་དགོངས་པར་འཕྲལ་མར་ཞལ་བཞེས་གནང་སོན་བྱུང་བས་སླར་ཡང་སློབ་ཁག་བཅུ་སྟེ། ལ་དྭགས་བོད་ཁྱིམ་དང་། སུ་ཇ་བོད་ཁྱིམ། གོ་པལ་པུར་བོད་ཁྱིམ། ཅོན་ཏ་ར་བོད་ཁྱིམ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ མེའོ་སཾ་བྷོ་ཊ་ཉིན་སློབ། སི་ཝི་པི་སཾ་བྷོ་ཊ་ཉིན་སློབ། གུ་རུ་པུ་ར་སཾ་བྷོ་ཊ་ཉིན་སློབ། ཀོ་ལི་གྷལ་སཾ་བྷོ་ཊ་ཉིན་སློབ། བློ་གསལ་གླིང་སློབ་གྲྭ་བཅས་ཀྱི་ནང་ཐ་སྙད་ཚོགས་ཆུང་གསར་འཛུགས་ཞུ་ཐུབ་པ་བྱུང་སྟེ་ད་ལྟའི་ཆར་བཙན་བྱོལ་བོད་མིའི་སློབ་ཁག་ཉི་ཤུའི་ནང་ཐ་སྙད་ཚོགས་ཆུང་གསར་འཛུགས་ཐུབ་པ་བྱུང་ཡོད། སློབ་ཁག་ཐ་སྙད་ཚོགས་ཆུང་ལ་འགྲོ་གྲོན་གྱི་མཐུན་འགྱུར་ཞུ་སླད་འདི་ག་ཤེས་རིག་ལས་ཁུངས་བརྒྱུད་ཌེན་མཱརྐ་ཏུ་རྟེན་གཞི་བྱས་པའི་ཌེ་ནི་ཌ་རོགས་ཚོགས་ཀྱིས་འདས་ལོར་ཧིན་སྒོར་ ༤༠༠༠ རེ་མཐུན་འགྱུར་ཞུས་ཡོད་ཅིང་། འདི་ལོར་རོགས་དངུལ་ཕྲན་བུའི་སྤར་ཆ་ཡོང་བའི་འབོད་སྐུལ་ཞུས་དོན་ལྟར་རོགས་ཚོགས་ཀྱིས་སློབ་ཁག་ཐ་སྙད་ཚོགས་ཆུང་རེར་རོགས་དངུལ་ཧིན་སྒོར་ ༧༠༠༠ རེ་མཐུན་འགྱུར་གནང་རྒྱུ་ཡིན་པ་བཅས།།


སྔོན་མ།
མཐོ་སློབ་ཚན་རིག་སློབ་ཕྲུག་རྣམས་ཀྱི་ཆེད་ཉམས་གསོག་སྦྱོང་བརྡར།