ཟླ་རེའི་གསར་འགྱུར།

གཞི་རིམ་འོག་མའི་དགེ་རྒན་འོས་སྦྱོང་འགོ་འཛུགས་གནང་བ།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༨ ནས་ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༥ བར་སྔོན་འགྲོ་དང་གཞི་རིམ་འོག་མའི་དགེ་རྒན་དམིགས་སྒོར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་དགེ་རྒན་འོས་སྦྱོང་གི་དབུ་འབྱེད་མཛད་སྒོ་ཚོགས་ཡོད་པ་དང༌། ཐེངས་འདིའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་དབུས་པའི་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་དང༌། ཤེས་རིག་སྲོལ་རྒྱུན་ཚན་པའི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས། གཞན་ཡང་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་རྣམ་པ་དང༌། འོས་སྦྱོང་ནང་འཛུལ་ཞུགས་གནང་མཁན་སློབ་ཕྲུག་གྲངས་ ༢༠ བཅས་ལྷན་འཛོམས་གནང་།
མཛད་སྒོའི་ཐོག་མར་ཤེས་རིག་སྲོལ་རྒྱུན་ཚན་པའི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་འཚམས་འདྲི་དང་འབྲེལ་འོས་སྦྱོང་གི་དགོས་དམིགས་ངོ་སྤྲོད་གནང་དོན། ཤེས་རིག་ལས་ཁུངས་ནས་དགེ་རྒན་མི་འགྲོ་ ༣༠ ལ་འོས་སྦྱོང་གི་གོ་སྐབས་གནང་གཏན་འཁེལ་ཡོད་ཀྱང་དངོས་སུ་འོས་སྦྱོང་ནང་འཛུལ་ཞུགས་གནང་མཁན་སློབ་ཕྲུག་ ༢༠ བྱུང་ཡོད། འོས་སྦྱོང་སྐབས་དྷ་ས་བོད་ཁྱིམ་སྔོན་འགྲོའི་སྡེ་ཚན་གྱི་སློབ་དགེ་བློ་བཟང་འཕྲིན་ལས་ལགས་ཀྱིས་སྔོན་འགྲོའི་བོད་ཡིག་ཁྲིད་ཐབས་སྐོར་དང༌། སློབ་དགེ་ཨོ་རྒྱན་ལགས་ཀྱིས་སྔོན་འགྲོའི་ཨང་རྩིས་ཁྲིད་ཐབས་སྐོར་སློབ་ཁྲིད་དང་། དྷ་སྟེང་བོད་ཁྱིམ་སྔོན་འགྲོའི་སློབ་དགེ་པདྨ་སྒྲོལ་མ་ལགས་ཀྱིས་སྔོན་འགྲོའི་གླུ་གཞས་སྐོར་སློབ་ཁྲིད་གནང་རྒྱུ།
གཞན་ཡང་ས་རཱ་མཐོ་སློབ་ཀྱི་སློབ་དགེ་རྣམས་ནས་བརྡ་སྤྲོད་དང༌། འབྲི་རྩོམ། དག་ཡིག རིགས་ལམ་སོགས་སློབ་ཁྲིད་དང་། གཞི་རིམ་འོག་མའི་དགེ་རྒན་ཉམས་མྱོང་ཅན་རྣམས་ནས་ཚན་རིག་དང་རྩིས་རིག་སོགས་སློབ་ཁྲིད། དེ་མིན་འོས་སྦྱོང་སྐབས་རྒྱ་གར་མཐོ་སློབ་དགེ་འོས་སྦྱོང་བརྡར་ཁང་གྲགས་ཅན་ཁག་ལ་ཉམས་གསོག་སླད་གཏོང་འཆར་ཡོད་པ་བཅས་ཀྱི་ངོ་སྤྲོད་གནང༌།
དེ་རྗེས་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་ཀྱིས་ད་ལྟའི་ཆར་སོ་སོའི་ཤེས་ཡོན་ལ་དཔགས་པའི་ལས་རིགས་གདམ་ཀ་བྱེད་རྒྱུ་མང་པོ་ཡོད་རུང་རང་གི་འདོད་བློ་གཞིར་བཟུང་དགེ་རྒན་གྱི་ལས་རིགས་སུ་ཞུགས་པའི་ཆོད་སེམས་དེ་རྒྱུན་གནས་ཐུབ་པ་ཞིག་དགོས་པ་དང༌། དགེ་རྒན་འོས་སྦྱོང་ནང་ཞུགས་མཁན་རྣམས་ཉུང་མཐར་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་པར་སོང༌། སློབ་ཚན་གྱི་ནང་དོན་དཔྱིས་ཕྱིན་ཤེས་ཀྱི་ཡོད་རུང་སློབ་ཁྲིད་ཐབས་ལམ་དང་སློབ་མར་ཤེས་ཡོན་ཚུལ་མཐུན་བརྒྱུད་སྤྲོད་མ་ཐུབ་པ་ཡིན་ན་དགེ་རྒན་ཞིག་གི་དམིགས་ཡུལ་འགྲུབ་དཀའ་བ་དང༌། རྒྱུན་དུ་སློབ་ཕྲུག་ཚོར་བྱམས་བརྩེའི་ཐོག་ནས་སློབ་གསོ་གནང་དགོས་པ་མ་ཟད། རང་ཉིད་ཀྱི་ཤེས་ཚད་གོང་མཐོར་གཏོང་རྒྱུ་གལ་འགངས་ཆེན་པོ་ཡིན་པ་མ་ཟད། ལྷག་པར་གཞི་རིམ་འོག་མའི་དགེ་རྒན་ཞིག་ཡིན་པའི་ཆ་ནས་བདུན་རེར་བྱིས་སྒྲུང་རྒྱས་བསྡུས་ལ་མ་ལྟོས་པར་དེབ་གཉིསགསུམ་བཀླག་རྒྱུའི་སེམས་ཤུགས་བསྐྱེད་དགོས་སྐོར་གསུངས།
དེ་ནས་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་བོད་པའི་སློབ་གྲྭ་ཁག་གི་སློབ་ཕྲུག་གི་གྲངས་ཚད་དང་དགེ་རྒན་གྲངས་ཚད་ལ་གཞིགས་ན་དགེ་རྒན་རེར་ཆ་སྙོམ་སློབ་ཕྲུག ༡༣ ཙམ་ཐོབ་ཀྱི་ཡོད་པར་སོང༌། དགེ་རྒན་གྱི་ལས་འགན་ཚགས་ཚུད་ཡོང་བར་གཞི་རྩའི་ཆ་རྐྱེན་གལ་ཆེ་ཞིག་འཛོམས་ཡོད་ཚུལ་དང༌།
ལྷག་པར་བཀའ་ཤག་སྐབས་ ༡༤ པས་ཤེས་ཡོན་གྱི་ལས་དོན་གལ་འགངས་ཆེ་ཤོས་སུ་བརྩི་བཞིན་པར་བརྟེན། འདས་པའི་ལོ་ཤས་ནས་གཞི་རིམ་ཤེས་ཡོན་གལ་གནད་སྐོར་གྲོས་བསྡུར་རིམ་པ་བྱུང་དང་འབྱུང་བཞིན་ཡོད། ད་ལྟའི་ཆར་སློབ་གྲྭ་ཁག་ལ་དགེ་རྒན་མ་འདང་བའི་དཀའ་ངལ་དེ་ཙམ་མེད་རུང་མ་འོངས་པར་དགེ་རྒན་རྒས་ཡོལ་དུ་ཕེབས་མཁན་ཚབ་ཏུ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན། སྔོན་འགྲོ་ཚུན་ལ་ཉེ་བའི་གཙུག་ལག་རབ་འབྱམས་པའི་ལག་འཁྱེར་ཐོག་དགེ་རྒན་འོས་སྦྱོང་ཐོན་པའི་དགེ་རྒན་ཚད་ལྡན་བསྐོ་གཏོང་ཐུབ་ཐབས་སུ་དགེ་རྒན་གསོ་སྐྱོང་ཞུ་རྒྱུའི་ལས་འཆར་བསྒྲིགས་པ་ཞིག་ཡིན་སྟབས། འོས་སྦྱོང་ནང་ཞུགས་ཟིན་པ་ཙམ་གྱིས་ལས་ཀ་ཡོད་ཤག་གི་བསམ་བློ་མ་འཛིན་པར་འོས་སྦྱོང་རིང་རང་ནུས་ཡོད་ཚད་ཀྱིས་ཧུར་བརྩོན་གནང་སྟེ་སྦྱངས་འབྲས་རྩེ་ཐོན་བྱུང་བ་རྣམས་ལ་དགེ་རྒན་གྱི་ས་མིག་གཞིར་བཟུང་བསྐོ་གཏོང་ཞུ་རྒྱུ་དང༌། དགེ་རྒན་ཞིག་གིས་སློབ་ཕྲུག་གི་མི་ཚེའི་ནང་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཤིག་བསྒྲུབ་ཐུབ་ན་སློབ་ཕྲུག་དེས་ཀྱང་མི་ཚེ་ཧྲིལ་པོར་དགེ་རྒན་དེའི་བཀའ་དྲིན་རྗེས་སུ་དྲན་ངེས་དང༌། རྒྱུན་དུ་འཆད་སྲོལ་ལྟར་དགེ་རྒན་ནི་རྒྱལ་ཁབ་དང་སྤྱི་ཚོགས་ཤིག་གི་འཛུགས་སྐྲུན་བྱེད་པོ་ཡིན་གསུངས་པ་ལྟར། དེ་ལས་ལྡོག་སྟེ་དགེ་རྒན་ཞིག་གིས་རང་འཁྲིའི་ལས་འགན་ལྷག་བསམ་རྣམ་དག་གིས་མ་བསྒྲུབས་པ་ཡིན་ན་སློབ་ཕྲུག་གི་མི་ཚེ་དང༌། རྒྱལ་ཁབ་དང་སྤྱི་ཚོགས་ལའང་གྱོང་གུད་ཆེན་པོ་བཟོ་མཁན་ཞིག་ཏུ་འགྱུར་ཉེན་ཡོད་པས་དེའི་གལ་གནད་ལ་བསམས་ཏེ་ལྷག་བློ་ཆེར་བསྐྱེད་དགོས་སྐོར་གསུངས། དགེ་རྒན་གྱིས་འཛིན་གྲྭའི་ནང་སློབ་ཕྲུག་ཚོའི་བསམ་བློའི་སྒྱུ་རྩལ་འཕེལ་རྒྱས་དང་ཡར་རྒྱས་སླད་དུ་ཐབས་ལམ་ཇི་དགེའི་སྐོར་བསམ་གཞིགས་ནན་པོ་དགོས་གལ་མ་ཟད། ནུབ་ཕྱོགས་ཤེས་ཡོན་ཅན་ཚོས་གསུངས་པ་ལྟར་ན་དགེ་རྒན་ཞིག་གིས་ཁ་སང་གི་ཐབས་ལམ་གང་ཡིན་པ་དེ་རིང་ལག་བསྟར་གནང་ན་མ་འོངས་པར་སློབ་ཕྲུག་གི་མི་ཚེར་དེ་ཙམ་གྱིས་ཕན་རླབས་མེད་སྐོར་གསུངས་པར་བརྟེན། ཉིན་རེའི་ཉམས་མྱོང་ལས་སང་ཉིན་གྱི་སློབ་ཁྲིད་ཐབས་ལམ་ཡར་རྒྱས་དང་དུས་བསྟུན་འགྱུར་བཅོས་དགོས་རིགས་གནང་གལ་སྐོར་དང༌། མཐའ་དོན་ཤེས་རིག་ལས་ཁུངས་ནས་དེ་སྔ་ཡང་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལྟར་ལག་བསྟར་ཞུས་ཡོད་པ་མ་ཟད། མ་འོངས་པར་ཡང་མུ་མཐུད་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལྟར་འགྲོ་རྒྱུ་ཡིན་སྐོར་སོགས་གསུངས། དེ་ནས་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ཀྱིས་སྐུ་མགྲོན་གཙོ་བོ་མཆོག་དང་ས་རཱ་མཐོ་སློབ་ཀྱི་སློབ་སྤྱིས་གཙོས་འབྲེལ་ཡོད་ལས་བྱེད་དང༌། འཛུལ་ཞུགས་གནང་མཁན་ཚང་མ་ལ་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་ལེགས་པར་གྲོལ།།

སྔོན་མ།
བལ་ཡུལ་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་གནང་བ།
ཕྱི་མ།
ཤེས་རིག་མདུན་ལམ་སློབ་སྟོན་པས་སློབ་ཕྲུག་དང་ཕ་མ་རྣམས་ལ་མདུན་ལམ་སློབ་སྟོན་ཆེད་གཞུང་འབྲེལ་ཕྱོགས་ཕེབས།
Menu