༄༅། །འདི་ག་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཀྱིས་གོ་སྒྲིག་འོག ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༨ དང་༩ ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། གཞི་རིམ་འོག་མའི་ཨང་རྩིས་སློབ་དེབ་བརྙན་འཕྲིན་སློབ་ཁྲིད་མཐའ་མའི་ཞུ་དག་དང་གཏན་འབེབས་ཚོགས་འདུ་འཚོགས།
ཐེངས་འདིའི་ཚོགས་འདུ་ལ་གཞི་རིམ་འོག་མའི་འཛིན་དང་པོ་དང་གཉིས་པའི་ཨང་རྩིས་སློབ་དེབ་རྒན་ཕྲིན་ལས་དཔལ་མོ་ལགས་ཀྱིས་སློབ་ཁྲིད་གནང་ཞིང་། བློ་བཟང་མགོན་པོས་བརྙན་འཕྲིན་ཕབ་ལེན་དང་སྒྲིག་སྦྱོར་བྱས་པའི་བརྙན་འཕྲིན་སློབ་ཁྲིད་ཀྱི་སྒྲོམ་གཞི་དང་ནང་དོན་ལ་ཞུ་དག་གིས་མཐའ་མའི་གཏན་འབེབས་གནང་བ་དང་། ཚོགས་འདུའི་ནང་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་དང། ལས་བྱེད་བསོད་ནམས་བཟང་པོ་ལགས། དཔེ་སྟོན་སློབ་གྲྭའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་དང་། དྷ་ས་བོད་ཁྱིམ་གྱི་ཨང་རྩིས་སློབ་སྟོན་པ་རྒན་ཕྲིན་ལས་དཔལ་མོ་ལགས། བརྙན་འཕྲིན་བཟོ་སྒྲིག་པ་བློ་བཟང་མགོན་པོ། ཤེས་རིག་དྲ་རྒྱ་དོ་དམ་པ་བསྟན་འཛིན་ཆོས་འཕེལ། ཨང་རྩིས་སློབ་དེབ་རྩོམ་སྒྲིག་པ་བློ་བཟང་བསྟན་འཛིན་དང་། བསྟན་འཛིན་ཚེ་འཕེལ་བཅས་མཉམ་ཞུགས་གནང་།
ལས་གཞི་འདི་ NCA ཡི་རོགས་དངུལ་འོག་གཞི་རིམ་འོག་མའི་ཨང་རྩིས་ཀྱི་སློབ་དེབ་ཆ་ཚང་བརྙན་འཕྲིན་གྱི་ལམ་ནས་སློབ་ཁྲིད་ཀྱིས་བཟོ་སྒྲིག་བྱས་ཏེ། གཞི་རིམ་སློབ་གྲྭ་ཁག་ལ་འགྲེམས་སྤེལ་དང་། ཤེས་རིག་དྲ་རྒྱའི་ཐོག་འགོད་སྤེལ་ཞུ་འཆར་ཡོད་པ་བཅས།