ཟླ་རེའི་གསར་འགྱུར།

དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཧར་སྤུར་གཏན་སློབ་ཏུ་འཚམས་གཟིགས་གནང་བ།

གསར་འཕྲིན།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༨ ཉིན་ཧར་སྤུར་གཏན་སློབ་ཏུ་འཚམས་གཟིགས་སུ་ཕེབས་ཡོད། དཔལ་ལྡན་སྲིད་སྐྱོང་མཆོག་དང་ལྷན་དུ་ཤེས་རིག་དྲུང་ཆེ་རྣམ་རྒྱལ་ཁང་འཇིགས་མེད་རྣམ་རྒྱལ་ལགས་ལྷན་བཅར་གནང་ཡོད།

དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཧར་སྤུར་གཏན་སློབ་ཀྱི་དགེ་ལས་སློབ་ཕྲུག་སོགས་ལ་ཧར་སྤུར་གཏན་སློབ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སཾ་བྷོ་ཊ་བོད་སློབ་ཚོགས་པར་རྩིས་ལེན་གནང་ཕྱོགས་དང་འབྲེལ་བའི་སྐོར་གསུང་བཤད་གནང་དོན། ཟླ་གྲངས་གསུམ་གོང་སྲིད་སྐྱོང་གི་ལས་ཁུར་ཞུས་པ་ནས་བཟུང་ངས་དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སཾ་བྷོ་ཊ་བོད་སློབ་ཚོགས་པར་ཕྱི་ལོ་ ༢༠༡༣ ལོར་ཐོག་མར་རྩིས་ལེན་གྱི་ལས་གཞི་འགོ་བརྩམས་པ་ནས་བཟུང་རྒྱབ་ལྗོངས་ཀྱི་ཡིག་ཆ་ཁག་ལ་ཞིབ་ཏུ་བལྟས་པ་ཡིན། ལོ་རེ་བཞིན་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་བོད་པའི་སློབ་ཕྲུག་གི་གྲངས་ཀ་ཉུང་དུ་འགྲོ་བཞིན་པ་ཤེས་རྟོགས་བྱུང་།

དེ་སྔ་དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་བོད་པའི་སློབ་ཕྲུག་གི་གྲངས་འབོར་དེ་བརྒྱ་ཆ་ ༩༠ ཡིན་པ་དང་། ད་ལྟའི་ཆར་གཏན་སློབ་ཁག་ཏུ་བོད་པའི་སློབ་ཕྲུག་གི་གྲངས་འབོར་གྱི་བརྒྱ་ཆ་ ༡༠ དང་། བརྒྱ་ཆ་ ༩༠ ས་གནས་ཡུལ་མི་དང་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་སློབ་ཕྲུག་ཆགས་ཡོད། ཅེས་དང་། བོད་པའི་སློབ་ཕྲུག་གི་གྲངས་འབོར་ཉུང་དུ་ཕྱིན་པའི་རྒྱུ་རྐྱེན་གཙོ་བོ་ནི། བོད་པའི་ཕྲུ་གུའི་སྐྱེ་འཕེལ་གྲངས་ཚད་ཉུང་དུ་ཕྱིན་པ་དང་། བོད་མི་ཕྱི་རྒྱལ་ཁག་ཏུ་གཞིས་སྤོ་བ། ཕྱི་ལོ་  ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་ནས་བཟུང་བོད་ནས་རྒྱ་གར་ལ་བོད་མི་ཡོང་མཁན་ཉུང་དུ་ཕྱིན་པ་སོགས་ལ་བརྟེན་ནས་བོད་པའི་སློབ་ཕྲུག་གི་གྲངས་འབོར་ཉུང་དུ་འགྲོ་མུས་ཡིན་པ་སོགས་ཀྱི་སྐོར་གསུངས།

ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་བཙན་བྱོལ་བོད་མིའི་སློབ་གྲྭ་ལྷག་མ་དྲུག་སྟེ། ཌལ་ཧོར་གཏན་སློབ་དང་། སིམ་ལ་གཏན་སློབ། ཧར་སྤུར་གཏན་སློབ། མ་སུ་རི་གཏན་སློབ། རྡོར་གླིང་གཏན་སློབ། ཀ་སྦུག་གཏན་སློབ་རྣམས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སཾ་བྷོ་ཊ་བོད་སློབ་ཚོགས་པར་རྩིས་སྤྲོད་དང་འབྲེལ་བའི་སྐོར་ལྡི་ལིར་དབུས་བོད་སློབ་འཛིན་ཚོགས་ཀྱི་གནད་ཡོད་མི་སྣ་དང་། དེ་བཞིན་རྒྱ་གར་དབུས་གཞུང་གི་ཤེས་རིག་ཟུང་དྲུང་སོགས་དང་མཇལ་འཕྲད་གནང་རྒྱུ་ཡིན། ཞེས་དང་། སྤྱིར་དེ་སྔ་རྒྱ་གར་དབུས་གཞུང་ཤེས་རིག་བློན་ཆེན་ལས་ཁུངས་ནས་དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་རིམ་བཞིན་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་གནང་གཏན་འཁེལ་བ་ནས་བཟུང་ད་བར་ཤེས་རིག་ལས་ཁུངས་ཀྱིས་དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ ༥༥ ཁོངས་ནས་སྔོན་འགྲོའི་སློབ་གྲྭ་ཁག་ ༣༣ དང་། གཞི་རིམ་འོག་མའི་སློབ་གྲྭ་ཁག་ ༩ གཞི་རིམ་བར་མའི་སློབ་གྲྭ་ཁག་ ༥ འཛིན་གྲྭ་བཅུ་པ་དང་བཅུ་གཉིས་བར་ཡོད་པའི་སློབ་གྲྭ་ཁག་ ༨ བཅས་རྩིས་སྤྲོད་གནང་གྲུབ་ཡོད་པ་སོགས་ཀྱི་སྐོར་གསུངས།

ཧར་སྤུར་གཏན་སློབ་ནི། དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་བཙན་བྱོལ་བོད་མིའི་སློབ་གྲྭ་ལྷག་མ་དྲུག་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སཾ་བྷོ་ཊ་བོད་སློབ་ཚོགས་པར་རྩིས་སྤྲོད་ལེན་རྒྱུའི་ཁྲོད་ནས་ཆེ་ཤོས་ཨང་གཉིས་པ་དེ་ཆགས་ཡོད་པ་དང་། ད་ལྟའི་ཆར་ཧར་སྤུར་གཏན་སློབ་ཏུ་སློབ་ཕྲུག་གྲངས་ ༤༧༡ ཡོད་པའི་ཁྲོད་ནས་བོད་པའི་སློབ་ཕྲུག་གྲངས་ ༥༤ དང་། ལྷག་མ་རྒྱ་གར་ཡུལ་མི་ཡིན་པ་བཅས།།

སྔོན་མ།
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོན་གཞིས་ཌོ་ལན་ཇིར་འཚམས་གཟིགས་གནང་བ།
ཕྱི་མ།
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་མ་སུ་རི་བོད་ཁྱིམ་དང་མ་སུ་རི་གཏན་སློབ་ཏུ་འཚམས་གཟིགས་སུ་ཕེབས་པ།
Menu