ཟླ་རེའི་གསར་འགྱུར།

དཔལ་ལྡན་སྲིད་སྐྱོང་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་སྐུ་ངོ་སྤེན་པ་ཚེ་རིང་མཆོག་རྡོར་གླིང་དང་ཀ་སྦུག་གཏན་སློབ་གཉིས་སུ་འཚམས་གཟིགས་གནང་བ།

གསར་འཕྲིན།, བཀའ་བློན་མཛད་འཆར།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༡༠ ནས་ ༡༡ བར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྡོར་གླིང་དང་ཀ་སྦུག་གཏན་སློབ་གཉིས་སུ་འཚམས་གཟིགས་གནང་སྟེ་རྒྱ་གར་དབུས་གཞུང་གི་ཤེས་རིག་བློན་ཆེན་ལས་ཁུངས་ནས་དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་བཙན་བྱོལ་བོད་མིའི་སློབ་གྲྭ་ལྷག་མ་རྣམས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སཾ་བྷོ་ཊ་བོད་སློབ་ཚོགས་པར་རྩིས་སྤྲོད་གནང་རྒྱུ་ཡིན་པའི་སློབ་གྲྭ་ཆེ་ཁག་དྲུག་ལ་གཞུང་འབྲེལ་འཚམས་གཟིགས་ལེགས་པར་གྲུབ་ཡོད།

ཕྱི་ཚེས་ ༡༠ སྔ་དྲོ་དཔལ་ལྡན་སྲིད་སྐྱོང་མཆོག་དང་ཤེས་རིག་དྲུང་ཆེ། སཾ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་བཅས་བྷག་ཌོག་རའི་གནམ་ཐང་དུ་ཕེབས་འབྱོར་སྐབས་ཀ་རྡོར་སྒང་གསུམ་གྱི་ས་གནས་འགོ་འཛིན་རྣམ་པས་གཙོས་ས་འཐུས་དང་། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། གཞུང་ཁོངས་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་དང་། མི་མང་ཁག་གཅིག་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།

དེ་ཡང་དཔལ་ལྡན་སྲིང་སྐྱོང་མཆོག་ཐོག་མར་བསུ་ན་མདའ་གཏན་སློབ་ཏུ་ཕེབས་འབྱོར་སྐབས་ས་གནས་འགོ་འཛིན་གྱིས་གཙོས་ས་གནས་ཀྱི་གནད་ཡོད་མི་སྣ་ཁག་གཅིག་གིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་དང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་སློབ་གྲྭའི་དགེ་ལས་ཡོངས་ལ་འཚམས་འདྲི་དང་འབྲེལ་ལམ་སྟོན་གསུང་བཤད་གནང་ཡོད།

དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་རྡོར་གླིང་རང་འཚོའི་བཟོ་གྲྭར་ཆེད་ཕེབས་ཀྱིས་ལས་བྱེད་རྒན་གྲས་ཁག་གཅིག་དང་ཐུག་འཕྲད་གནང་སྟེ་ས་གནས་དེར་དེ་སྔ་༧གོང་ས་སྐུ་ཕྲེང་ ༡༣ པ་ཆེན་པོ་མཆོག་ཞབས་ཀྱིས་བཅགས་ཡོད་པ་མ་ཟད། ཕྱི་ལོ་ ༡༩༡༠ ནས་ ༡༩༡༢ བར་བཞུགས་བཞག་མཛད་ཡོད་སྟབས། ས་གནས་འདི་ནི་བོད་མི་གཙོས་ནང་པ་ཡོངས་ལའང་ལོ་རྒྱུས་རང་བཞིན་ལྡན་པའི་གནས་ས་ཞིག་དང་བོད་མིར་མཚོན་ན་ཆོས་སྲིད་གང་ཐད་ནས་ས་གནས་ཧ་ཅང་རྩ་ཆེན་པོ་ཞིག་ཡིན་པ་ཤེས་དགོས་སྐོར་གསུངས། སྐབས་དེར་བཟོ་གྲྭའི་གནས་སྟངས་རྒྱུས་ལོན་གནང་སྐབས་འབྱུང་འགྱུར་བཟོ་གྲྭའི་ལས་དོན་ཚགས་ཚུད་དང་། མུ་མཐུད་རྒྱུན་འཛིན་ལམ་ལྷོངས་ལྡན་པ་ཡོང་སླད་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མཐུན་འགྱུར་གང་ཐུབ་གནང་རྒྱུའི་ཞལ་བཞེས་གནང་བ་དང་སྦྲགས། ཕུགས་རྒྱང་རིང་པོའི་དགོངས་བཞེས་ཀྱིས་མ་འོངས་པར་བཟོ་གྲྭ་དེ་བཞིན་རང་ཁ་རང་གསོ་ཡོང་ཐབས་སླད་བཟོ་གྲྭའི་ལས་བྱེད་ཟུར་པ་ཚོའི་ངོས་ནས་རོགས་རམ་དང་འཐུན་འགྱུར་གནང་ཐུབ་པ་ཡིན་ན་རང་ཁ་རང་གསོ་ཡོང་བར་ཕན་ཐོགས་ཡོང་རྒྱུ་ཡིན་སྐོར་སོགས་གསུངས།

དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་འཇམ་དབྱངས་རིག་གཞུང་གཅེས་འཛིན་ཁང་དུ་འཚམས་གཟིགས་སུ་ཕེབས་སྐབས་འབྲེལ་ཡོད་འགན་འཛིན་དང་ལས་བྱེད་རྣམས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཏེ་རིག་གཞུང་གཅེས་འཛིན་ཁང་གི་ཚོགས་མིས་ལས་བསྡོམས་སྙིང་བསྡུས་ཤིག་སྒྲོགས་སྦྱང་ཞུས་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཇམ་དབྱངས་རིག་གཞུང་གཅེས་འཛིན་ཁང་གི་ཚོགས་མི་ཚོས་ད་བར་བོད་པའི་རིག་གཞུང་གཅེས་འཛིན་དང་གོང་འཕེལ་ཐད་ཞབས་འདེགས་ཞུས་པར་བསྔགས་བརྗོད་རྒྱ་ཆེ་གནང་ཡོད་པ་མ་ཟད། ལྷག་པར་མི་རབས་རྒན་པ་ཚོས་སྐུ་ལས་བསྐྱོན་པའི་བཀའ་དྲིན་ལ་བརྟེན་ནས་ད་བར་བསྟི་གནས་ཁང་འདི་ལྟ་བུ་མུ་མཐུད་གནས་ཐུབ་ཡོད་སྐོར་སོགས་གསུངས།

ཉིན་རྒྱབ་དཔལ་ལྡན་སྲིད་སྐྱོང་མཆོག་རྡོར་གླིང་གཏན་སློབ་ཏུ་ཕེབས་འབྱོར་སྐབས་སློབ་གྲྭའི་སློབ་སྤྱི་ཨེ་སི་ཀེ་ཤར་མཱ་  (SK Sharma) དང་རེག་ཊར་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་གཙོས་དགེ་ལས་སློབ་ཕྲུག་ཡོངས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སློབ་གྲྭའི་དགེ་ལས་ཡོངས་ལ་འཚམས་འདྲི་དང་འབྲེལ་ལམ་སྟོན་གསུང་བཤད་གནང་ཡོད།

ཕྱི་ཚེས་ ༡༡ སྔ་དྲོ་དཔལ་ལྡན་སྲིད་སྐྱོང་མཆོག་རྡོར་གླིང་ནས་ལྕགས་པོ་རིའི་དྲན་རྟེན་བོད་སྨན་སློབ་གཉེར་ཁང་དུ་འཚམས་གཟིགས་རྗེས་ཀ་སྦུག་གཏན་སློབ་དུ་འཚམས་གཟིགས་གནང་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སློབ་གྲྭ་རྩིས་ལེན་རྩིས་སྤྲོད་སོགས་ཀྱི་སྐོར་གོ་བསྡུར་ལྷུག་པོ་གནང་ཡོད། ད་བར་ལོ་ངོ་དྲུག་ཅུ་ལྷག་རིང་དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་བོད་མིའི་སློབ་གྲྭའི་དགེ་ལས་ཡོངས་ནས་བོད་ཕྲུག་གི་ཤེས་ཡོན་གོང་འཕེལ་ཐོག་རམ་འདེགས་གང་ལེགས་ཞུས་ཡོད་པ་དང་། ཀ་སྦུག་སློབ་གྲྭར་མཚོན་ན་བོད་པའི་སློབ་ཕྲུག་གྲངས་མང་ཤོས་ཡོད་པའི་སློབ་གྲྭ་ཞིག་ཡིན་སྟབས། བོད་མིའི་སྒྲིག་འཛུགས་ཀྱིས་དེར་ངོས་འཛིན་གྱིས་བཀའ་དྲིན་མཚོན་བྱེད་སློབ་གྲྭའི་སློབ་སྤྱི་ལ་ལེགས་གསོལ་ཕྱག་རྟགས་ཤིག་ཕུལ་འདུག

ཐེངས་འདིར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་གར་དབུས་གཞུང་གི་ཤེས་རིག་བློན་ཆེན་ལས་ཁུངས་ནས་དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་བཙན་བྱོལ་བོད་མིའི་སློབ་གྲྭ་ལྷག་མ་རྣམས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སཾ་བྷོ་ཊ་བོད་སློབ་ཚོགས་པར་རྩིས་སྤྲོད་གནང་བསྡད་སློབ་གྲྭ་ཆེ་ཁག་དྲུག་ཡོད་པ་ལས་ལྔ་སྟེ། སིམ་ལ་དང་། ཧར་སྤུར། མ་སུ་རི། རྡོར་གླིང་། ཀ་སྦུག་བཅས་ཀྱི་གཏན་སློབ་ཁག་བཅས་སུ་གཞུང་འབྲེལ་འཚམས་གཟིགས་ཀྱི་ལས་རིམ་ཡོངས་སུ་ལེགས་གྲུབ་བྱུང་ཡོད།

སྔོན་མ།
དཔལ་ལྡན་སྲིད་སྐྱོང་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་སྐུ་ངོ་སྤེན་པ་ཚེ་རིང་མཆོག་མ་སུ་རི་བོད་ཁྱིམ་དང་མ་སུ་རི་གཏན་སློབ་ཏུ་འཚམས་གཟིགས་སུ་ཕེབས་པ།
ཕྱི་མ།
དཔལ་ལྡན་སྲིད་སྐྱོང་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་སྐུ་ངོ་སྤེན་པ་ཚེ་རིང་མཆོག་རྒྱ་གར་དབུས་གཞུང་གི་ཤེས་རིག་བློན་ཆེན་ལས་ཁུངས་ཀྱི་ཟུང་དྲུང་དང་མཇལ་འཕྲད་གནང་བ།
Menu