ཟླ་རེའི་གསར་འགྱུར།

དབུས་བོད་སློབ་འཛིན་ཚོགས་ཀྱི་སྔོན་འགྲོའི་དགེ་རྒན་གྱི་ཟབ་སྦྱོང་དབུ་འཛུགས་གནང་བ།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༠ ཉིན་འདི་ག་ལས་ཁུངས་ཀྱིས་གོ་སྒྲིག་ཐོག་ས་རཱ་བོད་ཀྱི་མཐོ་སློབ་ཏུ་དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་སློབ་གྲྭ་ཁག་གི་སྔོན་འགྲོའི་དགེ་རྒན་ཁག་གཅིག་ལ་ཟབ་སྦྱོང་གནང་འགོ་ཚུགས་ཡོད།།
    དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༤༥ ཐོག་ས་རཱ་མཐོ་སློབ་འཛིན་ཁང་ཡང་སྟེང་ཚོགས་ཁང་དུ་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་ལགས་དང་། ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས། ས་རཱ་མཐོ་སློབ་ཀྱི་སྤྱི་ཁྱབ་འགན་འཛིན་རྒན་པ་སངས་ལགས། སློབ་གྲྭ་ཁག་ནས་ཟབ་སྦྱོང་ཆེད་བཅར་བའི་དགེ་རྒན་བཅས་ཁྱོན་མི་གྲངས་ ༤༠ བརྒལ་བ་ལྷན་འཛོམས་ཐོག་ཤེས་རིག་གི་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཟབ་སྦྱོང་གི་དགོས་དམིགས་ངོ་སྤྲོད་གནང་རྗེས་ས་གནས་ཁག་ནས་བཅར་བའི་དགེ་རྒན་རྣམས་ཀྱི་རང་རང་སོ་སོ་ངོ་སྤྲོད་ཞུས་རྗེས་གནང་། དེ་ནས་སྐུ་མགྲོན་གཙོ་བོས་ལམ་སྟོན་གསུང་བཤད་གནང་དོན། དེ་རིང་འདི་གར་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་ནས་སྔོན་འགྲོའི་དགེ་རྒན་མང་པོ་ཞིག་ཉིན་བཅོ་ལྔའི་ཟབ་སྦྱོང་གོ་སྒྲིག་ཐོག་ང་རང་བཅར་འདུག་པར་ཧ་ཅང་དགའ་པོ་བྱུང། ཤེས་རིག་ལས་ཁུངས་འགོ་ལས་ཡོངས་ནས་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་གི་ཡོད། སྔོན་འགྲོའི་ཤེས་ཡོན་དང་འབྲེལ་བའི་ང་ཚོའི་མཁས་པ་དེ་དག་གོ་རིམ་ཡག་པོ་སྒྲིག་འདུག དེའི་སྐབས་ཀྱི་གནད་དོན་གང་དག་ཡིན་ཡང། ལྟ་གྲུབ་དང། སྲིད་བྱུས། ལག་ལེན་ཞིབ་ཚགས་ཀྱི་སྦྱོང་བརྡར་ཡོང་གི་རེད། སྐབས་དེར་ཆ་ཤས་ལེན་རྒྱུ་དང་ཐུགས་སྣང་གནང་རྒྱུ་དོགས་པ་ཡོད་པ་དེ་དག་གསལ་པོ་བཟོ་རྒྱུ་གལ་ཆེན་པོ་ཡིན། ཟབ་སྦྱོང་མང་པོ་སྤྲོད་ཀྱི་ཡོད་ཀྱང་དེ་དག་འཆར་ཅན་ལྟར་མིན་པར་སོ་སོར་ངེས་པ་རྙེད་པ་དེ་དག་ལག་ལེན་ཐོག་ནས་སློབ་གྲྭའི་དབུ་འཛིན་དང་གོ་བསྡུར་ཞུས་ཏེ་ཞན་ཆ་སེལ་དགོས། དེ་བཞིན་ང་ཚོའི་བཙན་བྱོལ་དུ་འདས་པའི་མི་ལོ་ ༥༠ ལས་ཀའི་ནང་གྲུབ་འབྲས་ལེགས་ཤོས་དེ་ཤེས་ཡོན་ཐོག་ཐོན་ཡོད་ཀྱང། བསྐྱར་ཞིབ་མང་པོ་བྱེད་དུས་ད་ལྟའི་ང་ཚོའི་ཤེས་ཡོན་གནས་སྟངས་དེས་འདོད་བློ་ཚིམ་པ་ཞིག་ཡོང་གི་མེད་པར་སོང་ཤེས་ཡོན་སྲིད་བྱུས་བྱུང་བ་དང། ལྷག་པར་བོད་པའི་སྐད་ཡིག་རྨང་གཞི་བརྟན་པོ་ཞིག་ཚུགས་དགོས་ཀྱི་ཡོད་པ་མ་ཟད། སློབ་མའི་བཟང་སྤྱོད་ཡར་རྒྱས་གཏོང་བར་སྔོན་འགྲོའི་སློབ་གྲྭ་ཁག་གི་དགེ་རྒན་གལ་ཆེ་ཡིན་སྐོར་སོགས་ཀྱི་ལམ་སྟོན་གསུང་བཤད་གནང་རྗེས་ས་རཱ་མཐོ་སློབ་ཀྱི་སྤྱི་ཁྱབ་འགན་འཛིན་གྱིས་ཐུགས་རྗེ་ཞུས་ཏེ་དབུ་འབྱེད་མཛད་སྒོ་གྲོལ། ད་ཐེངས་ཟབ་སྦྱོང་འདི་ཉིན་གྲངས་ ༡༥ རིང་རྒྱ་གར་ནང་གི་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་ ༡༣ ནས་སྔོན་འགྲོའི་དགེ་རྒན་ ༣༢ དང་ཧི་མ་ལ་ཡའི་སློབ་གྲྭ་ཁག་གཅིག་ནས་དགེ་རྒན་ ༦ མཉམ་ཞུགས་ཀྱི་ཉིན་གྲངས་བཅོ་ལྔའི་རིང་སློབ་མའི་བློ་སྒོ་འབྱེད་ཐབས་དང། དམིགས་བསལ་ཤེས་ཡོན། ནང་ཆོས་དང་བཟང་སྤྱོད། སྔོན་འགྲོའི་ཨང་རྩིས་དང་གླུ་གཞས། བྱིས་པའི་སེམས་ཁམས། བོད་ཡིག་ཁྲིད་ཐབས་དང་ཡིག་གཟུགས། ཤེས་ཡོན་སྲིད་བྱུས་བཅས་ཀྱི་ཐོག་ཟབ་སྦྱོང་གནང་སྟེ་སྔོན་འགྲོའི་དགེ་རྒན་གྱི་ཤེས་ཚད་གོང་མཐོར་གཏོང་སླད་དམིགས་པ་ཞིག་ཡིན་འདུག་པ་བཅས། །

 

སྔོན་མ།
སློབ་ཁྲིད་གྲ་སྒྲིག་བྱེད་ཚུལ་གྱི་ཉམས་མྱོང་ཐོར་བཏུས།
ཕྱི་མ།
བོད་རིགས་ཀྱི་གནའ་བོའི་གླུ་གཞས།
Menu