ཟླ་རེའི་གསར་འགྱུར།

ཕ་མའི་དུས་ཆེན་སྲུང་བརྩི་དང་སྟབས་བསྟུན་བོད་ཡིག་སློབ་སྦྱོང་དྲ་ཚིགས་དབུ་འབྱེད་གནང་བ།

༄༅།  །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸མགོན་ཆེན་པོ་མཆོག་གི་མ་ཡུམ་བདེ་སྐྱིད་ཚེ་རིང་དམ་པ་དེ་ཉིད་ཀྱི་འཁྲུངས་ཚེས་དང་སྟབས་བསྟུན་ནས་རང་རེའི་སྤྱི་ཚོགས་ཁྲོད་དུ་ཕ་མའི་དུས་ཆེན་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར།     ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་གངས་སྐྱིད་དཔེ་སྟོན་སློབ་གྲྭར་ཕ་མའི་དུས་ཆེན་སྲུང་བརྩི་གནང་།
དུས་ཆེན་གྱི་མཛད་སྒོར། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་། ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས། གངས་སྐྱིད་དཔེ་སྟོན་སློབ་གྲྭའི་ཕ་མའི་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་ལགས། དཔེ་སྟོན་སློབ་གྲྭའི་སློབ་སྤྱི་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་གཙོས་དགེ་ལས་སློབ་ཕྲུག་རྣམ་པ།  དེ་བཞིན་ཤེས་རིག་ལས་བྱེད་ཁག་ཅིག ཉི་ཧོང་ནས་ཕེབས་པའི་སྐུ་མགྲོན་རྣམ་པ། ཕ་མ་རྣམ་པ་བཅས་ཚང་འཛོམས་ཀྱིས་ཐོག་མར་དཔེ་སྟོན་སློབ་གྲྭའི་སློབ་སྤྱི་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཕེབས་བསུ་དང་འབྲེལ་ཤེས་རིག་ལས་ཁུངས་ཀྱི་ཕ་མའི་དུས་ཆེན་གྱི་གསུང་འཕྲིན་སྒྲོག་སྦྱང་ཞུས།   དེ་རྗེས་ཕ་མའི་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གསུང་བཤད་གནང་།
དེ་ནས་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་ཤེས་རིག་ལས་ཁུངས་ནས་ཕ་མའི་དུས་ཆེན་དང་སྟབས་བསྟུན་རང་རིགས་གཞོན་སྐྱེས་རྣམས་ལ་ལེགས་སྐྱེས་ཀྱི་ཚུལ་དུ་གཞི་རིམ་སློབ་མའི་བོད་ཡིག་སློབ་སྦྱོང་དྲ་ཚིགས་www.bodyiglobjong.com ཞེས་པ་དབུ་འབྱེད་གནང་བ་དང་འབྲེལ།  ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་བོད་ཡིག་སློབ་སྦྱོང་དྲ་ཚིགས་ནང་དོན་མདོར་བསྡུས་ངོ་སྤྲོད་ཞུས།
དྲ་ཚིགས་དེའི་ནང་ད་བར་ཤེས་རིག་ལས་ཁུངས་ཀྱིས་འདོན་སྤེལ་ཞུས་པའི་སློབ་དེབ་གསར་རྙིང་ཁག   སྒྲ་ཐོག་དང་བརྙན་འཕྲིན་ལམ་ནས་སློབ་ཁྲིད།  དྲ་ཐོག་བོད་ཀྱི་སྐད་ཡིག་སྦྱོང་བརྡར། ཤེས་རིག་ལས་ཁུངས་དང་བོད་ཁྱིམ། སམ་བྷོ་ཊ་ནས་འདོན་སྤེལ་ཞུས་པའི་བྱིས་པའི་བརྙན་དེབ་ཆ་ཚང་བལྟ་ཀློག་དང་ཕབ་ལེན། སྔོན་འགྲོའི་ཁྲིད་ཆས་སོགས་ཕབ་ལེན་མཐུན་རྐྱེན་ཆ་ཚང་ཡོད་པ་སོགས་དྲ་རྒྱ་ནང་དོན་ཁག་དང་། དྲ་ཚིགས་དེ་བཞིན་ལག་ཐོགས་ཁ་པར་དང་ Ipad སོགས་ནང་གཟིགས་བདེ་ཡོད་པའི་ཁྱད་ཆོས་སོགས་ངོ་སྤྲོད་ཞུས།
དེ་རྗེས་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། ང་ཚོས་ཕ་མའི་ཉིན་མོ་དེ་སློབ་གྲྭ་ཁག་གཅིག་པུའི་ནང་སྲུང་བརྩི་ཞུ་བཞིན་ཡོད། ཤེས་རིག་ལས་ཁུངས་ནས་ཀྱང་ཕ་མའི་ཉིན་མོའི་གསུང་འཕྲིན་དེ་སློབ་གྲྭ་ཁག་ལ་མ་གཏོགས་གཏོང་གི་མེད།  དངོས་གནས་བྱས་ན་ཉིན་མོ་འདི་ང་ཚོ་གནས་སྡོད་ཁག་ནང་ཡོངས་ཁྱབ་སྲུང་བརྩི་ཞུ་དགོས་པ་ཞིག་རེད། ང་ཚོ་ཕ་མ་མ་བརྒྱུད་པའི་མི་གཅིག་ཀྱང་མེད་སྟབས། ཕ་མའི་བཀའ་དྲིན་དེ་དྲན་སྐུལ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གལ་ཏེ་ཕ་མ་བཞུགས་མེད་ན་བཀའ་དྲིན་བསམ་ཤེས་ཀྱི་ཐོག་ནས་བསྔོ་སྨོན་དང་མཆོད་འབུལ་སོགས་བྱེད་རྒྱུ་དང་། ཕ་མ་བཞུགས་ཡོད་ན་ཕ་མ་བཀའ་དྲིན་ཆེན་པོ་ཡིན་པའི་ཚོར་སྣང་བཏོན་ཐུབ་རྒྱུ། ཕྲུ་གུ་ཚོས་སོ་སོའི་ཕ་མའི་བཀའ་དྲིན་སེམས་ནང་ངོ་འཕྲོད་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། འདི་ནི་ང་ཚོའི་བཟང་སྤྱོད་དང་ཆོས་ཕྱོགས་གང་ཅིའི་ཐད་ནས་འབྲེལ་བ་ཆེན་པོ་ཆགས་འདུག ད་ལྟའི་ཆར་ང་ཚོའི་སྤྱི་ཚོགས་ནང་ཕ་མ་དང་ཕྲུ་གུ་དབར་གྱི་མཛའ་འབྲེལ་གྱི་གནས་སྟངས་དེ་ཕྱི་རྒྱལ་ལ་ཡོད་པ་བཞིན་རྒྱང་ཐག་རིང་དུ་ཕྱིན་མེད་ཀྱང་སེམས་སྐུལ་ཡང་ཡང་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་འདུག་ཅེས་དང་། དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་ཚོ་སྤྱི་ཡོངས་ཀྱི་ཐོག་ནས་ཀུན་སྤྱོད་དང་ཤེས་ཡོན། རང་དབང་། བསམ་བློ་གཏོང་སྟངས་ཡག་པོ་འདུག་ཅེས་ཡོངས་གྲགས་ཡིན་པར་བརྟེན་གོ་སྐབས་འདི་བརྒྱུད་དཔེ་སྟོན་སློབ་གྲྭའི་དགེ་ལས་སློབ་ཕྲུག་ཕ་མ་དང་བཅས་པར་ཚང་མར་བསྔགས་བརྗོད་ཞུ་འདོད་བྱུང་། ཞེས་གསུངས།
ཕ་མའི་ལས་འགན་སྐོར་གསུང་དོན། ང་ཚོ་ཕ་མ་ཚོས་ཕྲུ་གུར་ཤེས་ཡོན་སྤྲོད་སྟངས་དེ་སྔ་མོ་དང་འདྲ་གི་མེད། ཕ་མ་ཚོས་ལས་འགན་དེ་ཡང་དུས་རབས་དང་བསྟུན་ནས་འགྱུར་བ་ཕྱིན་ཡོད། ཕ་མ་ཚོས་ཕྲུ་གུ་སྐྱོང་སྟངས་ཐོག་ག་རེ་བྱེད་རྒྱུ་ཡོད་པའི་ཐོག་ཐུགས་སྣང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་འདུག དེང་དུས་ཕ་མ་ཚོར་སྔ་མོ་དང་མི་འདྲ་བར་མཐུན་རྐྱེན་མང་པོ་ཞིག་ཡོད་པར་བརྟེན་ཕྲུ་གུའི་སེམས་ཁམས་ཀྱི་གནས་བབ་འགྲོ་སྟངས་དེ་ཤེས་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དཔེར་ན། ང་ཚོས་ཕྲུ་གུ་གཅིག་ལ་རིག་པ་ཡོད་པ་དང་གཅིག་ལ་རིག་པ་ཡོད་ལུགས་བཤད་སྲོལ་ཡོད། དེའི་ཐོག་ཉམས་ཞིབ་བྱེད་དུས་དེ་མིན་པ་ཞིག་ཐོན་ཡོད། རིག་པ་མེད་པའི་ཕྲུ་གུ་དེའི་སྤྱི་ཚོགས་དང་ཕ་མའི་གནས་བབ་སོགས་ཀྱི་རྐྱེན་པས་ཕྲུ་གུའི་སེམས་ཀྱི་འཚར་ལོངས་ལ་ཁྱད་པར་ཆེན་པོ་འགྲོ་གི་ཡོད་ཅེས་དང་། དེ་བཞིན་ཕྲུ་གུ་ཚོར་སློབ་སྦྱོང་ཡག་པོ་བྱས་ནས་མ་འོངས་པར་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ཞབས་འདེགས་སྒྲུབ་ཐུབ་པ་བྱེད་ཀྱི་ཡིན་བསམ་པ་ཞིག་དགོས་སྐོར་གསུང་དོན།     ཁ་སང་དཔེར་ན་མ་སུ་རི་ཁྱིམ་ཚང་གི་ཕྲུ་གུ་ཞིག་གིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་ཕྱིན་པ་རེད། སྙིང་སྟོབས་དང་། ལྷག་བསམ་ཧ་ཅང་ཡག་པོ་རེད། དངོས་གནས་ཕུལ་དུ་ཕྱིན་པ་རེད། འོན་ཀྱང་ང་ཚོར་ཧ་ཅང་ཕངས་པོ་རེད། ང་ཚོ་མི་འབོར་ཉུང་ཉུང་ནང་ནས་ལོ་ཆུང་ཆུང་དེའདྲའི་ཕྲུ་གུ་གཅིག་སློབ་སྦྱོང་བྱས་ནས་མེ་ཏོག་དང་འདྲ་བར་ཡར་འཚར་ལོངས་བྱུང་བའི་སྐབས་དེར་མེད་པར་ཆགས་པ་རེད། ཕྲུ་གུ་དེ་བསྡད་ཐུབ་པ་ཡིན་ན་མ་འོངས་པར་དེ་ལས་ལྷག་ཇི་ཙམ་བོད་རྒྱ་ཆེ་མི་མང་དང་། བོད་ཀྱི་རྩ་དོན་ལ་ཕན་ཐོགས་ཀྱི་རེད། སེམས་པའི་ཐོག་ནས་སྙིང་སྟོབས་དང་སྤོབས་པ་ཚང་མ་ཡོད་པ་ཞིག་རེད་འདུག དེར་བརྟེན་རྣམ་པ་ཚོ་གང་བྱེད་རྒྱུ་ཡོད་རེད་ཅེ་ན། མདུན་དུ་ཡོད་པའི་སོ་སོའི་སློབ་སྦྱོང་བྱས་ནས་ཕུགས་ལ་ངས་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ཞབས་འདེགས་སྒྲུབ་ཐུབ་པ་བྱེད་ཀྱི་ཡིན་བསམ་པ་ཞིག་དགོས། སློབ་སྦྱོང་དང་ཤེས་ཡོན་ཐོག་ནས་བྱེད་རྒྱུ་སྣ་ཚོགས་ཡོད། ང་ཚོ་རང་དབང་ལུང་པའི་ནང་ཡོད་པར་བརྟེན་ཁྱེད་རང་ཚོ་སློབ་གྲྭའི་ཕྲུ་གུ་ཞིག་གིས་དེ་ལྟར་བྱས་པ་མཐོང་དུས་སེམས་འཁྲུག་པ་དང་། མ་སྐྱིད་པ་ཡོང་ངེས་རེད། ཕ་མ་ཚོ་ཡིན་ནའང་དེའི་སེམས་ཁྲལ་ཏན་ཏན་ཡོང་གི་ཡོད་ཀྱི་རེད་དྲན་གྱི་འདུག འོན་ཀྱང་ཕ་མ་ཚོ་ཡིན་ནའང་ཕྲུ་གུ་ཚོར་བསླབ་བྱ་རྒྱག་རྒྱུ་དང་། ཕྲུ་གུ་སོ་སོའི་ངོས་ནས་ཀྱང་སེམས་སྟོབས་དང་སྙིང་སྟོབས་དེ་ལྟར་འཁྱེར་ནས་རྒྱལ་ཁབ་དང་མི་རིགས་ཀྱི་ཞབས་ཕྱི་ཞུ་སྟངས་མི་འདྲ་བའི་ཐོག་ནས་འདི་ལས་ལྷག་པའི་ནུས་པ་ཐོན་པ་ཞིག་བྱེད་དགོས་བསམ་པ་དྲན་དགོས། མཁྱེན་སོང་ངམ། ཚང་མར་བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ། ཞེས་གསུང་བཤད་གནང་། དེ་རྗེས་དཔེ་སྟོན་སློབ་དགེ་བསམ་གྲུབ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ་ཡོད་པ་བཅས།།

སྔོན་མ།
རྒྱ་གར་བྱང་ཤར་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་རྩིས་དགེ་རྣམས་ལ་ཨང་རྩིས་སློབ་དེབ་གསར་པ་རྒྱུས་སྟོན་དང་ཁྲིད་ཐབས་ཟབ་སྦྱོང་།
ཕྱི་མ།
གཞི་རིམ་འོག་མའི་འཛིན་རིམ་དང་པོ་དང་གཉིས་པའི་ཨང་རྩིས་སློབ་དེབ་བརྙན་འཕྲིན་སློབ་ཁྲིད་མཐའ་མའི་ཞུ་དག་དང་གཏན་འབེབས་ཚོགས་འདུ།
Menu