ཟླ་རེའི་གསར་འགྱུར།

ཕྱི་ལོ་ ༢༠༡༦ སློབ་དུས་རིང་གཏན་ཉིན་སློབ་གྲྭ་ཁག་ནང་རིགས་ལམ་རྒྱུས་སྟོན་ལས་འཆར་སྤེལ་བ།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱི་རིགས་ལམ་རྒྱུས་སྟོན་པ་དགེ་བཤེས་ངག་དབང་བརྩོན་འགྲུས་ལགས།  ཕྱི་ལོ་༢༠༡༦ ཟླ་ ༡ ཚེས  ༩ ནས་ ༡༡ བར་སྦེལ་ཀོབ་སམ་བྷོ་ཊ་སློབ་གྲྭ་ཁག་ ༣   དང་།  ཕྱི་ཚེས་ ༡༢ ནས་ ༢༥ བར་ཚན་རིག་དགེ་རྒན་ཚོར་རིགས་ལམ་ཟབ་སྦྱོང་སློབ་ཁྲིད་གྲུབ་མཚམས།  ཕྱི་ཚེས་ ༣༠ ནས་ཟླ་ ༣  ཚེས་ ༨ བར་ལྷོ་ཕྱོགས་མོན་གྷོ་གཞིས་གྲོང་དྲུག་པའི་ཉིན་སློབ་དང་གཞིས་གྲོང་གསུམ་པའི་གཏན་སློབ།  ཀོ་ལེ་གྷལ་ཉིན་སློབ།  ཧོན་སུར་ཉིན་སློབ།  སྦེལ་ཀོབ་བདེ་སླར་ཉིན་སློབ།  སྦེལ་ཀོབ་དབུས་ཉིན་སློབ།  སྦེལ་ཀོབ་བོད་ཁྱིམ་གཏན་སློབ་བཅས་སློབ་ཁག་ ༧ ལ་རྒྱུས་སྟོན་ཞུས་ཡོད།
ཕྱོགས་མཚུངས་ཕྱི་ཟླ་ ༤  ཚེས་ ༡  ནས་ཟླ་ ༥ ཚེས་ ༣  བར་དྷ་ས་ཉེར་འཁོར་དཔེ་སྟོན་སློབ་གྲྭ་དང།  གངས་སྐྱིད་དཔེ་སྟོན་ཉིན་སློབ།  དྷ་སྟེང་བོད་ཁྱིམ།  མེཀ་ལོ་བོད་ཁྱིམ་ཉིན་སློབ།  དྷ་ཤོད་བོད་ཁྱིམ།  ཌལ་ཧོར་གཏན་སློབ་བཅས་དང་།   ཕྱི་ཟླ་ ༥ ཚེས་ ༡༦ ནས་ཕྱི་ཟླ་ ༦ ཚེས་ ༡༥ བར་བལ་ཡུལ་ཨ་ཏི་ཤ་སློབ་གྲྭ།  རྣམ་རྒྱལ་མཐོ་སློབ།  སྲོང་བཙན་སློབ་གྲྭ།  གངས་ཏི་སེ་སློབ་གྲྭ།  ལེགས་བཤད་ཚལ་སློབ་གྲྭ།  རྣམ་རྒྱལ་འབྲིང་སློབ་བཅས་སློབ་ཁག་ ༦  ནང་རིགས་ལམ་རྟོག་ཞིབ་དང་རྒྱུས་སྟོན་ཞུས་ཡོད།
གཞན་ཡང་ཕྱི་ཟླ་ ༦ ཚེས ༢༡ ནས་ ༢༥ བར་མ་ན་ལི་དང་ཅོན་ཏ་ར་སམ་བྷོ་ཊ་སློབ་ཁག་ ༢ དང་།  ཕྱི་ཚེས་ ༢༨ ནས་ཕྱི་ཟླ་ ༧ ཚེས་ ༢༨ བར་མ་སུ་རི་གཏན་སློབ།  མ་སུ་རི་བོད་ཁྱིམ།  རཱཇ་པུར་བོད་ཁྱིམ།  བདེ་སྐྱིད་གླིང་སཾ་བྷོ་ཊ།  སྤོན་ཊ་སཾ་བྷོ་ཊ།  པུ་རུ་ཝ་ལ་སཾ་བྷོ་ཊ་ཉིན་སློབ་བཅས་སློབ་ཁག་ ༦ རྒྱུས་སྟོན་ཞུས་ནས་ཕྱི་ཟླ་ ༨ ཚེས་ ༤ ནས་ ༡༠ བར་ལྷོ་ཕྱོགས་རིགས་ལམ་འདུ་འཛོམས་ལ་ཆེད་བཅར་གྱིས་རྟོག་ཞིབ་དང་ལམ་སྟོན་ཞུས་ཡོད།
དེ་རྗེས་ཕྱི་ཟླ་ ༨ ཚེས་ ༡༥  ནས་ ༣༡ བར་ར་སྦང་ལ་ཉིན་སློབ་དང་ཀ་སྦུག་གཏན་སློབ།  རྡོར་གླིང་གཏན་སློབ།  སྤོག་རེས་སྦོང་སློབ་གྲྭ  བསུ་ན་མདའ་གཏན་བཅས་ལ་སློབ་རིགས་ལམ་རྒྱུས་སྟོན་ཞུས་རྗེས།  ཕྱི་ཟླ་ ༩ ཚེས་  ༡ ནས་༧  བར་བྱང་ཤར་ཁུལ་གྱི་སློབ་ཁག་ ༡༣ གྱི་རིགས་ལམ་འདུ་འཛོམས་རྟོག་ཞིབ་དང་ལམ་སྟོན་ཞུས་པ་མ་ཟད།
ཕྱི་ཟླ་ ༩ ཚེས་ ༡༢ ནས་ཟླ་ ༡༠ ཚེས་ ༩ བར་བསྟན་འཛིན་སྒང་གཏན་སློབ།  ཤེས་ལོངས་གཏན་སློབ།  ཏེ་ཛུ་ཉིན་སློབ།  མེ་འོ་ཉིན་སློབ་བཅས་བྱང་ཤར་ཁུལ་གྱི་སློབ་ཁག་ ༩ དང་།  ཕྱི་ཟླ་ ༩ ཚེས་ ༡༣ ནས་ ༢༨ བར་སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ།  ཧར་པ་སྤུར།  གྷོ་རི་མ་ཕཱི་བོད་ཁྱིམ་བཅས་ལ་སྐོར་བསྐྱོད་ཀྱིས་རིགས་ལམ་རྒྱུས་སྟོན་ཞུས་ཡོད།
 རྒྱུས་སྟོན་སྐབས་སློབ་ཁག་ཚང་མའི་ལྟ་གྲུབ་དགེ་རྒན་ཚོའི་སློབ་ཁྲིད་གནང་ཕྱོགས་རྟོག་ཞིབ་དང།  ལོ་རེར་སློབ་ཁྲིད་གནང་སྟངས།  ཐོག་མར་དབང་ཤེས་ཀྱི་ཡུལ་དུ་གྱུར་པའི་བརྗོད་གཞི་ལས་སླ་པོའི་རིགས་གདམ་དགོས་གལ་དང་།  ཚད་གཞི་ཡང་སློབ་ཕྲུག་ཚང་མས་ཤེས་ཐུབ་པ་ཞིག་བསླབ་རྒྱུ། དྲི་བ་འགོད་སྟངས་དང་ལན་བཞི་མ་ནོར་བ་དང་། ཁྱབ་མ་ཁྱབ་གོ་བརྡ་འཕྲོད་ངེས་བྱ་རྒྱུ།  གོ་རིམ་དང་པོ་མཚན་ཉིད་དབྱེ་བ་དང་མུ་གསུམ།  གཉིས་པར་མུ་བཞི།  གསུམ་པར་གཅིག  བཞི་པ་ཐ་དད།  ལྔ་པ་འགལ་བ།  དྲུག་པ་དོན་གཅིག   བདུན་པ་ཁྱབ་མཐའ་གཏོང་སྟངས་སོགས་སློབ་སྟོན་གནང་ཡོད།  ཐོག་མར་འབྲེལ་ཡོད་ལྟ་གྲུབ་དགེ་རྒན་སོ་སོ་ནས་དུས་ཡུན་སྐར་མ་ལྔ་ཙམ་འགྲེལ་བཤད་བརྒྱབས་ནས་སློབ་མ་ཚོས་ཕན་ཚུན་ལན་མང་རྩོད་སྦྱོང་བྱས་ཏེ་སླར་ཡང་འགྲེལ་བཤད་བྱ་རྒྱུ།  སློབ་མ་རེ་རེ་ལ་རྒྱུགས་བླངས་ནས་ཤེས་མཁན་ཚོས་མ་ཤེས་མཁན་ཚོར་བསླབ་བཅུག་རྒྱུ།  གཞན་ཡང་དམ་བཅའ།  རྩོད་ཟླ།  རྒྱུགས་སྤྲོད་སོགས་བྱེད་སྟངས་ཆ་ཚང་ཉམས་མྱོང་རྣམས་གཞན་ལ་དངོས་སུ་བསྟན་པ་དང།   མ་མཐའ་ནའང་ལོ་རེར་འཛིན་གྲྭ་དྲུག་པ་ཡན་གྱིས་སློབ་མ་རྣམས་ནས་བརྗོད་གཞི་མི་འདྲ་བའི་ཐོག་ནས་མུ་གསུམ་ཉི་ཤུ་དང་མུ་བཞི་ཉི་ཤུ་ཁྱབ་མཐའ་བཅས་བསླབ་དགོས་པ་སྐུལ་འདེད་གནང་ཡོད་པ་མ་ཟད། གང་ཤེས་པ་རྣམས་སློབ་ཚན་གཞན་དང་གཞན་སློབ་སྦྱོང་སྐབས་བེད་སྤྱོད་གནང་དགོས་པའི་ལམ་སྟོན་གནང་།  འདི་ལོའི་སློབ་དུས་ཀྱི་རྒྱུས་སྟོན་མཐའ་མ་དེ་ཕྱི་ཟླ་ ༡༠ ཚེས་ ༣༡ ནས་ཕྱི་ཟླ་ ༡༡ ཚེས་ ༡༢ བར་སིམ་ལ་གཏན་སློབ་དང་ཌོ་ལན་ཇི་གཏན་སློབ་བཅས་སུ་གནང་གཏན་འཁེལ་ཡོད་པ་བཅས་སོ། །

སྔོན་མ།
གཞི་རིམ་གོང་མའི་བོད་ཡིག་སློབ་དེབ་གཏན་འབེབས་ཚོགས་འདུ།
ཕྱི་མ།
རྒྱ་བལ་གཉིས་ཀྱི་གཞི་རིམ་བར་མའི་བོད་དགེའི་ཟབ་སྦྱོང་འགོ་འཛུགས་གནང་བ།
Menu