ཟླ་རེའི་གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱིས་སློབ་གྲྭ་དྲུག་རྩིས་ལེན་ཆེད་རྒྱ་གར་ཤེས་རིག་བློན་ཆེན་ལས་ཁུངས་དང་ལྷན་དུ་ཚོགས་འདུ་འཚོགས་ཡོད།

གསར་འཕྲིན།

ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༡༩ ཉིན་རྒྱ་གར་གཞུང་གི་ཤེས་རིག་བློན་ཆེན་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་སྐུ་ཚབ་བཞི་དང་རྒྱ་གར་ཤེས་རིག་ལས་ཁུངས་གཉིས་དབར་དབུས་བོད་སློབ་འཛིན་ཚོགས་ཀྱིས་རྩིས་སྤྲོད་གནང་བསྡད་སློབ་གྲྭ་དྲུག་སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁོངས་སུ་རྩིས་སྤྲོད་རྩིས་ལེན་ཞུ་ཕྱོགས་ཐད་ལ་ཚོགས་འདུ་འཚོགས་ཡོད་པ་རེད།

ཚོགས་འདུའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཁོངས་སུ་ལྡི་ལི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་མཆོག་དང་། ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས། སཾ་བྷོ་ཊ་བོད་སློབ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ཚེ་རིང་དོན་གྲུབ་ལགས། སྤྱི་ཁྱབ་འགན་འཛིན་གཞོན་པ་ཚེ་དབང་ནོར་བུ་ལགས་བཅས་ཕེབས་ཡོད།

རྒྱ་གར་གཞུང་གི་ཤེས་རིག་བློན་ཆེན་ལས་ཁུངས་ཀྱི་ཁྱབ་ཁོངས་དབུས་བོད་སློབ་འཛིན་ཚོགས་ཀྱི་ཚོགས་གཙོ་དང་ཟུང་འབྲེལ་དྲུང་ཆེ་གཅིག་ལྕོགས་མཆོག་གིས་དབུ་འཁྲིད་པའི་ཆུ་ཚོད་གཅིག་ཙམ་གྱི་གཞུང་འབྲེལ་ཚོགས་འདུའི་ནང་མ་སུ་རི་གཏན་སློབ་དང་། སིམ་ལ་གཏན་སློབ། ཌལ་ཧོར་གཏན་སློབ། རྡོར་གླིང་གཏན་སློབ། ཀ་སྦུག་གཏན་སློབ། ཧར་པུར་ཉིན་སློབ་བཅས་སློབ་གྲྭ་དྲུག་རྩིས་སྤྲོད་རྩིས་ལེན་གནང་ཕྱོགས་བརྒྱུད་རིམ་ཐད་ལ་བཀའ་སྡུར་གནང་ཡོད།

ཕྱི་ལོ་ ༢༠༡༣ ལོར་རྒྱ་གར་གཞུང་གི་དབུས་བློན་ཆེན་ལས་ཁུངས་ནས་དབུས་བོད་སློབ་འཛིན་ཚོགས་ཀྱི་འོག་ལ་ཡོད་པའི་སློབ་གྲྭ་རྣམས་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་དགོས་པའི་བཀའ་འཁྲོལ་གནང་བ་གཞིར་བཟུང་། ད་ཕན་སྔོན་འགྲོའི་སློབ་གྲྭ་ ༣༣ གཏོགས་པའི་ཁྱོན་སློབ་གྲྭ་ ༥༥ དབུས་བོད་སློབ་འཛིན་ཚོགས་ནས་སཾ་བྷོ་ཊ་བོད་སློབ་ཚོགས་པར་རིམ་པ་གསུམ་གྱི་ཐོག་ནས་རྩིས་སྤྲོད་གནང་ཟིན།

དེ་ཡང་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས། སློབ་གྲྭ་རྩིས་སྤྲོད་རྩིས་ལེན་གྱི་ཐོག་ནས་འཛིན་སྐྱོང་ཙམ་ལ་འགྱུར་བ་འགྲོ་བ་མ་གཏོགས། སློབ་གྲྭའི་ཉིན་རེའི་བྱེད་སྒོ་ཁག་ལ་ཁྱད་པར་བཟོ་ཡི་མ་རེད། ཅེས་གསུངས་སོང་།

སྔོན་མ།
བྱིས་པའི་རྩེད་མོའི་ལག་དེབ། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་བོད་པའི་ན་ཆུང་བྱིས་པ་སྐྱེད་སྲིང་དང་ཤེས་ཡོན་ཡར་རྒྱས་ཆེད།
ཕྱི་མ།
བོད་ཀྱི་དཔེ་མཛོད་ཁང་གི་ཤེས་ཡོན་དང་འབྲེལ་བའི་ཚོགས་པ་ཁ་བའི་གཅེས་ནོར་གྱི་གཏམ་བཤད་ལས་རིམ་གསལ་བརྡ།
Menu