ཟླ་རེའི་གསར་འགྱུར།

བོད་སློབ་ཁག་ཏུ་མདུན་ལམ་སློབ་སྟོན་པ་སྐོར་བསྐྱོད་ཀྱི་ལམ་སྟོན་གནང།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་མདུན་ལམ་སློབ་སྟོན་ཚན་པས་སྒྲིག་འཛུག་གི་འཛིན་སྐྱོང་འོག་ཡོད་པའི་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་ལ་མདུན་ལམ་སློབ་སྟོན་གྱི་ལས་གཞི་ཞིག་ལོ་ལྟར་ཡོད་པ་བཞིན་ད་ལོའི་ལས་གཞི་དེ་ཡང་དངོས་སུ་འགྲོ་བཞིན་ཡོད་འདུགདེ་ཡང་བྱང་ཕྱོགས་དང་། བྱང་ཤར་ཁུལ་དུ་ཡོད་པའི་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་ལ་དབུས་མདུན་ལམ་སློབ་སྟོན་པ་རྣམས་ཀྱིས་ས་གནས་ཁག་ཏུ་ཆེད་བཅར་གྱིས་ལམ་སྟོན་དང་། དབུས་དང་ལྷོ་ཕྱོགས་སུ་གནས་པའི་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་ལ་མོན་གྷོ་འདོད་རྒུ་གླིང་དུ་ཡོད་པའི་ས་གནས་མདུན་ལམ་སློབ་སྟོན་པས་དེ་བཞིན་ལམ་སྟོན་དུ་གནང་གི་ཡོད།
    སློབ་སྟོན་པ་རྣམས་ཀྱིས་ས་གནས་ཁག་དུ་ཆེད་ཕེབས་ཀྱིས་སློབ་ཕྲུག་རྣམས་ལ་མདུན་ལམ་སློབ་སྟོན་གནང་བཞིན་པ་དེ་ནི་ཤེས་རིག་ལས་ཁུངས་ཀྱི་རྒྱ་ཁྱབ་ལས་གཞིའི་རྣམ་གྲངས་ཀྱི་ཆ་ཤས་ཤིག་ཡིན་ཅིང་། སློན་སྟོན་གནང་ཡུལ་གཙོ་བོ་ནི་འཛིན་རིམ་ ༦ ནས་ ༡༢ བར་གྱི་སློབ་ཕྲུག་རྣམས་ཡིན། སློན་སྟོན་པ་རྣམས་ཀྱིས་གཞི་རིམ་འོག་མ་དང་། གོང་མ། འབྲིང་རིམ་བཅས་སློབ་གྲྭ་ཁག་གི་སློབ་ཕྲུག་གི་གྲངས་འབོར་ལ་གཞིགས་ཏེ་ས་གནས་རེ་ལ་ཐེངས་རེར་ཉིན་གྲངས་ ༣ ནས་ ༦ བར་གནས་བཞུགས་ཀྱིས་མདུན་ལམ་ལམ་སྟོན་གནང་གི་ཡོད།
    ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༦ ནས་ ཟླ་ ༡༠ ཚེས་ ༡༠ བར་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་པདྨ་ནོར་སྐྱིད་ལགས་དང་། བསྟན་འཛིན་དཔལ་སྒྲོན་ལགས་གཉིས་ནས་བདེ་སྐྱིད་གླིང་དང་། མ་སུ་རི་ཁུལ་དུ་གནས་པའི་བོད་སློབ་ཁག་གི་སློབ་ཕྲུག་རྣམས་ལ་མདུན་ལམ་ལམ་སྟོན་གནང་གི་ཡོད་ཅིང་། དུས་ཡུན་དེའི་རིང་སློབ་སྟོན་པ་གཉིས་ནས་འཛིན་གྲྭའི་ནང་མདུན་ལམ་དང་འབྲེལ་བའི་སློབ་འཁྲིད་དང་། སློབ་ཕྲུག་བྱེ་བྲག་ལ་སྒེར་གྱི་མདུན་ལམ་དང་འབྲེལ་བའི་ལམ་སྟོན། དེ་བཞིན་ཕྱི་དྲོ་ཡང་རུ་ཁག་ཆ་བགོས་ཀྱིས་སློབ་ཕྲུག་རྣམས་ཀྱི་མདུན་ལམ་ལ་མཁོ་བའི་ཤེས་བྱ་བརྒྱུད་སྤེལ་གནང་བཞིན་ཡོད། མདུན་ལམ་ལམ་སྟོན་གྱི་བརྗོད་གཞི་གཙོ་བོ་ཁག་ནི། མདུན་ལམ་འཆར་འགོད་ཀྱི་ཤེས་བྱ་དང་། སློན་ཡོན། མཐོ་སློབ་སློབ་འཇུག་གི་བརྒྱུད་རིམ་སོགས་ཀྱི་སྐོར་ཡིན་འདུག།
    ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༦ ཉིན་ནས་བཟུང་ལྷོ་ཕྱོགས་སུ་ཡོད་པའི་ཤེས་རིག་ཡན་ལག་མདུན་ལམ་སློབ་སྟོན་པས་དབུས་དང་ལྷོ་ཕྱོགས་གཉིས་ཀྱི་བོད་སློབ་ཁག་ཏུ་ཆེད་བཅར་གྱིས་སློབ་ཕྲུག་རྣམས་ལ་མདུན་ལམ་ལམ་སྟོན་གནང་གི་ཡོད་པ་རེད།  འདི་ལོ་འདས་པའི་ཆར་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢༩ ནས་ ཟླ་ ༥ ཚེས་ ༡༨ བར་ཤེས་རིག་མདུན་ལམ་སློབ་སྟོན་པས་དྷོ་ལན་ཇི་དང་། སིམ་ལ། ཅོན་ཏ་ར་བཅས་སུ་ཡོད་པའི་བོད་སློབ་ཁག་དང་། ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡༢ ནས་༢༣ བར་ཌལ་ཧོར་གཏན་སློབ་དང་མེས་དབོན་དཔེ་སྟོན་གཙུག་ལག་སློབ་གྲྭ་བཅས་སུ་ཆེད་བཅར་གྱིས་སློབ་ཕྲུག་རྣམས་ལ་མདུན་ལམ་སློབ་སྟོན་གནང་སྟེ། སློབ་ཕྲུག་གྲངས་ ༡༡༨༥ ལ་མདུན་ལམ་སློབ་སྟོན་གྱི་རོགས་སྐྱོར་ཐོབ་པ་བྱུང་འདུག

སྔོན་མ།
གཞི་རིམ་གོང་མའི་བོད་ཡིག་བསླབ་གཞི་རྩ་འཛིན་དང་སློབ་དེབ་གཏན་འབེབས།
ཕྱི་མ།
དགའ་ལྡན་ཕོ་བྲང་གི་གཟེངས་རྟགས་གནང་བ།
Menu