ཟླ་རེའི་གསར་འགྱུར།

བྷུན་ཏར་རུ་དགེ་འོས་མཐོ་སློབ་ཁང་གསར་འཛུགས་གནང་བ།

༄༅། །དཔལ་ལྡན་བཀའ་ཤག་གི་ལམ་སྟོན་དང། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་ཧི་མ་ཅལ་མངའ་སྡེའི་ཀུ་ལུ་རྫོང་ཁོངས་བྷུན་ཏར་དུ་དགེ་འོས་མཐོ་སློབ་ཁང་ཞིག་གསར་འཛུགས་ཞུས་ཡོད། ཕྱི་ལོ་༢༠༡༢ ཟླ་༤ པ་ནས་རྨང་གཞིའི་འཛུགས་སྐྲུན་བཟོ་འགོད་ལས་རིགས་ཁག་དང། སློབ་ཕྲུག་བསྡུ་སྐོང་། དགེ་རྒན་གསར་འདེམས་བཅས་ཆ་ཚང་ཟིན་ཏེ། ད་ཆ་ཕྱི་ ཟླ་༩ ཚེས་ ༣ ཉིན་སློབ་གྲྭ་དངོས་སུ་དབུ་འཛུགས་ཞུས་ཡོད།
    ཤེས་རིག་ལས་ཁུངས་ནས་འབད་བརྩོན་ཐབས་ཤེས་གང་ཐུབ་ཞུ་བཞིན་ཡང། རྒྱ་གར་དང་བལ་ཡུལ་ནང་ཡོད་པའི་བོད་པའི་སློབ་གྲྭ་ཁག་ནང་དགེ་རྒན་ཚད་ལྡན་འདང་ངེས་མེད་པའི་དཀའ་ངལ་འཕྲད་བཞིན་པར་བརྟེན། སྔ་ལོ་ཤེས་རིག་ལས་ཁུངས་ནས་རེ་འདུན་ཞུས་པ་བཞིན་ཝཱར་ཎཱ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་ཡན་ལག་སློབ་གཉེར་ཁང་གི་ངོ་བོར་འཛིན་སྐྱོང་ཆོག་པའི་ངོས་འཛིན་ཐོབ་ཐབས་གནང་རྒྱུ་ཞལ་བཞེས་གནང་བ་བཞིན་རྒྱ་གར་གཞུང་ནས་བཀའ་འཁྲོལ་བརྒྱུད་རིམ་ཕལ་ཆེ་བ་ཟིན་ཡོད། ལོ་བཞི་ཅན་གྱི་གཅིག་བསྡུས་དགེ་རྒན་འོས་སྦྱོང་(B.Sc. B.Ed/B.A.B.Ed)་དང་། གཞན་ཡང་ལོ་གཅིག་རིང་གི་འབྲིང་རིམ་དགེ་རྒན་འོས་སྦྱོང་།(B.Ed)ཡང་སྤྲོད་རྒྱུ་ཡིན་པ་ནི་མ་འོངས་པར་དགེ་རྒན་གྱི་དཀའ་ངལ་རིམ་བཞིན་སེལ་ཐབས་ཀྱི་འབད་བརྩོན་ཞིག་ཡིན། ཚན་རིག་དང་སྒྱུ་རྩལ་གྱི་སློབ་ཚན་ཁག་སོ་སོའི་ཐོག བོད་ཡིག་དང། ཨིན་ཡིག སློབ་འཁྲིད་རིག་པ་བཅས་ངེས་ཅན་གྱི་སློབ་ཚན་དུ་ལེན་དགོས་པ་དང་གཅིག་བསྡུས་དགེ་རྒན་འོས་སྦྱོང་འདིའི་བསླབ་གཞིའི་རྩ་འཛིན་དང་སློབ་ཚན་ཁག་ལ་རྒྱ་གར་རྒྱལ་ཡོངས་དགེ་རྒན་ཤེས་ཡོན་ལྷན་ཚོགས་(NCTE) ནས་ངོས་འཛིན་བཀའ་འཁྲོལ་་ཐོབ་ཟིན་པ་མ་ཟད། རང་རེའི་སྤྱི་ཚོགས་ནང་རྨང་གཞི་བརྟན་པོ་ཡོད་པའི་དགེ་རྒན་གསོ་སྐྱོང་བྱེད་ཐབས་ཀྱི་གསར་གཏོད་རང་བཞིན་ཅན་གྱི་ལས་འཆར་ཞིག་ཀྱང་ཡིན།
    ཐེངས་འདིའི་གཅིག་སྡུད་དགེ་རྒན་འོས་སྦྱོང་ཁོངས་འཛུལ་ཞུགས་བྱ་བློ་ཡོད་པ་འཚང་སྙན་འབུལ་མཁན་སློབ་མ་༡༧༡ བྱུང་བ་ནས་ཨང་རིམ་རྩེ་བཏོག་གིས་ཚན་རིག་དགེ་འོས་ཁོངས་སུ་སློབ་མ་༢༢ དང། སྦྱུ་རྩལ་དགེ་འོས་ཁོངས་སུ་སློབ་མ་༣༡ བཅས་ཁྱོན་བསྡོམས་སློབ་མ་༥༣ འདེམས་བསྒྲུགས་ཞུས་ཡོད་པ་བཅས་ཀྱི་གསར་གནས་སུ།།

སྔོན་མ།
གནའ་གཏམ་མཐོང་བ་དགའ་སྐྱེད།
ཕྱི་མ།
བློན་པོ་བློ་བཟང་གི་གཏམ་རྒྱུད།
Menu