ཟླ་རེའི་གསར་འགྱུར།

མོན་གླིང་གཡུལ་འགྱེད། (ཚན་པ་དང་པོ)

ཆུ་མོ་འབྲུག་གི་གནམ་ལོ་ཡི་དབྱར་ཟླ་འབྲིང་པོའི་ཚེས་བཅུ་གསུམ་གྱི་དགོང་མོ་ནམ་ཕར་གསལ་ཕར་ལ་མི་གསལ། ཚུར་གསལ་ཚུར་ལ་མི་གསལ། དབུ་རི་བོ་ལ་གསེར་ཞྭ་མ་གྱོན། དམའ་རྒྱ་མཚོ་ལ་གསེར་ཐིག་མ་ཕོག དགུང་སྐར་ཚོགས་ཀྱི་གྲལ་སྟར་མ་འཐོར། མཐོ་ནམ་མཁའི་དབྱིངས་ཀྱི་ཞལ་དཀྱིལ་ནས། གནས་སུམ་ཅུ་བརྩེགས་པའི་ཡང་སྟེང་ནས། དུང་དཀར་དཀར་མོའི་ནང་བཅུད་ནས། ཁྲི་དུང་ཁྲི་དཀར་མོའི་ཡང་སྟེང་ནས། ལྷ་ཆེན་ཚངས་པ་དཀར་པོ་དེ། དུང་གི་ཐོད་གཙུག་ཤིག་སེ་ཤིག དབུ་སྐྲ་འཇའ་འོད་ལྷམ་སེ་ལྷམ། ཤེལ་གྱི་ཁ་བལ་ཐ་ལ་ལ། མེ་ཏོག་ཆར་པ་སིལ་ལེ་ལེ། དྲི་ཞིམ་སྤོས་དཀར་ལྷང་སེ་ལྷང༌། དབུ་ལ་དུང་རྨོག་དཀར་པོ་གསོལ། ཁྱུང་གི་སྤུ་སྒྲོ་ལྡེམ་སེ་ལྡེམ། སྐུ་ལུས་དུང་ཁྲབ་དཀར་པོ་གསོལ། དུང་གི་མདའ་ཕུབ་ཕུང་སེ་ཕུང༌། མུ་ཏིག་འཕྱར་ལོ་ལྷེམ་སེ་ལྷེམ། མདའ་དོང་གཡས་ལ་གཟིག་ཤུབས་གཡོན། ཆིབས་སུ་ལྷ་རྟ་གྲོ་དཀར་བཅིབས། སྐར་ཚོགས་སྡེ་དཔུང་བཤར་ར་ར། དམག་དཔོན་རུ་མཚོན་འཁྱིལ་ལེ་ལེ། ཕྱག་གཡས་ཤེལ་གྱི་རལ་གྲི་འཛིན། གཡོན་དུ་མདུང་དམར་བ་དན་བསྣམས་ཏེ་འཇའ་ལམ་གྱི་སྟེང་ནས་ཕྱག་ཕེབས། མདོ་ཁམས་གླིང་གི་ས་ཆ། རྨ་དེལ་ཡག་སྟག་ཐང་ཁྲ་མོའི་སྐུ་མཁར་སེང་འབྲུག་སྟག་རྩེ་ཕོ་བྲང་གི་གཟིམ་ཆུང་ཀ་བ་སྟོང་ལྡན་གྱི་ནང་ལ། འགྲན་མེད་གེ་སར་རྒྱལ་པོ་གཟིམ་ཐ་མ་ཐིམ་ཙམ་བཞུགས་ཡོད་པའི་སྐབས། ནམ་མཁའི་དབྱིངས་ནས་སྟོང་མེད་ཀྱི་འུར་སྒྲ་ཆེན་པོ་ཞིག་བྱུང་བ་དང༌། ཕོ་བྲང་སེང་འབྲུག་སྟག་རྩེའི་ཕྱོགས་བཞིར་འཇའ་འོད་ཀྱི་གུར་ཁང་ཕུབ། མེ་ཏོག་གི་ཆར་པ་བབས། གཡུ་འབྲུག་གིས་ངར་སྒྲ་བསྒྲགས་པ་དང་ཕྱོགས་མཚུངས། ལྷ་ཆེན་ཚངས་པ་དཀར་པོས་འཇའ་འོད་ཀྱི་སྟེང་ནས། ཡཱ་སྐྱེས་བུ་ཆེན་པོ་ལྷ་ཡི་བུ། ཁྱེད་མར་ལ་མ་ཉལ་ཡར་ལ་ལོངས། ཁྱེད་འདི་འདྲ་ཉལ་བ་ཅི་ལ་སྲིད། གཏི་མུག་གི་གཉིད་ལ་རྫོགས་རྒྱུ་མེད། འཁོར་བའི་ལས་ལ་ཟད་རྒྱུ་མེད། འདོད་ཆགས་ཞེ་སྡང་སངས་དུས་མེད། ཐུགས་གཡེང་མེད་ང་ལ་ཚུར་གསོན་དང༌། མ་ཉལ་མ་ཉལ་ཕ་ཡི་བུ། ཡར་ལ་ལོངས་ལ་ཞུ་རྒྱུ་ཡོད། ང་ལྷ་ཆེན་གྱི་མགུར་འདི་ལེགས་པར་གསོན་ཟེར་ཏེ་སྟོང་འཇུག་མེད་པའི་གླུ་འདི་ཕུལ་ལོ། །
གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །ཐེངས་གསུམ་ངག་གི་འགུགས་གླུ་རེད། །ལྷ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །བྱིན་རླབས་ཅན་གྱི་ལྷ་གསུམ་མཁྱེན། །གནས་བདེ་ཆེན་ཆོས་སྐུའི་ཞིང་ཁམས་ནས། །ལྷ་ཆོས་སྐུ་མགོན་པོ་འོད་དཔག་མེད། །དེ་རིང་ལྷ་ཆེན་གྲོགས་ལ་བྱོན། །བཅོམ་ལྡན་རྒྱལ་བ་རིགས་ལྔའི་གནས། །དེ་རིང་ལྷ་ཆེན་གྲོགས་ལ་བྱོན། །མཁྱེན་གཟིགས་ཨ་ཕོའི་གླུ་སྣ་དྲོངས། །གླུ་ལེན་པའི་འགོ་མོ་བཟང་བར་ཤོག །ངག་འགུགས་པའི་བསམ་དོན་གྲུབ་པར་ཤོག །ས་འདི་ས་ངོ་མ་ཤེས་ན། །ཤར་མདོ་ཁམས་གླིང་གི་ས་ཆ་རེད། །གནས་མཁའ་སྤྱོད་སྒྲུབ་པའི་ཞིང་ཁམས་རེད། །འཛམ་གླིང་ས་ཡི་ལྟེ་བ་རེད། །སྐུ་མཁར་སེང་འབྲུག་སྟག་རྩེ་འདི། །འབྲུག་དང་སྟག་དང་སེང་དང་གསུམ། །སེང་འབྲུག་སྟག་རྩེ་དེ་ནས་བཏགས། །ང་འདྲ་ང་ངོ་མ་ཤེས་ན། །ང་ལྷ་ཆེན་ཚངས་པ་དཀར་པོ་ཟེར། །གླུ་འདི་གླུ་ངོ་མ་ཤེས་ན། །ལྷ་གླུ་དཀར་པོ་རྒྱང་བསྒྲགས་ཟེར། །འགྲན་མེད་སེང་ཆེན་རྒྱལ་པོ་ཁྱེད། །གཡེང་མེད་ཉན་དབང་ང་ལ་གསོན། །གསོན་དང་ཞུ་རྒྱུ་ཨེ་འདྲ་གདའ། །ཚེ་སྔ་མོ་གླིང་གི་ས་ཆ་ལ། །དཔའ་རྒྱ་ཚ་སྐུ་ཚད་མ་ལོན་དུས། །ཁྱེད་ཇོ་རུ་གླིང་ལ་མ་འཁྲུངས་དུས། །ལྷོ་མོན་མོན་གྱི་རྒྱལ་ས་ནས། །དམག་ཁྲི་དམག་བཅོ་ལྔ་གླིང་ལ་ཕབ། །གླིང་གི་རུ་ཚོ་བཅོ་བརྒྱད་གཏོར། །སྐྱེས་པའི་བུ་རྟ་མང་པོ་བསད། །བསགས་པའི་རྒྱུ་ནོར་མང་པོ་འཕྲོགས། །དར་གོས་ལ་མ་ལིང་དྲུག་དེ། །མ་རྒྱ་ཚ་ལྷ་དཀར་སྐུ་སྐལ་ཡིན། །གླིང་རུ་སྡེ་མི་ཡི་སྤྱི་ཟོག་ཡིན། །དེ་ཡང་ལྷོ་མོན་མོན་ལ་ཤོར། །ལྷོ་རྒྱལ་ཤིང་ཁྲི་རྒྱལ་པོ་ཁོ། །ད་ལོ་མི་ལོ་ང་བཞི་ཡིན། །ང་བདུན་ཕན་ལ་ཤོར་ཟིན་ན། །དེ་ནས་གླིང་པས་འདུལ་སྐལ་མེད། །བདུད་རྟ་མི་བཟན་དམར་པོ་དེ། །ད་ལོ་ན་སོ་བདུན་པ་ཡིན། །ན་དགུ་ཕན་ལ་ཤོར་ཟིན་ན། །དེ་ནས་གླིང་གིས་འདུལ་སྐལ་མེད། །ནང་བློན་སྐུ་ལྷ་ཐོག་རྒྱལ་དེ། །ད་ལོ་མི་ལོ་སོ་དྲུག་ཡིན། །སོ་བདུན་ཕན་ལ་ཤོར་ཟིན་ན། །དེ་ནས་གླིང་གིས་ཐུབ་ལེ་མིན། །དེ་གལ་སྲིད་གླིང་པས་མ་ཐུབ་ན། །ལྷོ་ཤིང་ཁྲི་དབང་དུ་འདུ་ཐབས་མེད། །ད་རུང་དེ་ཡིས་ག་ལ་ཚད། །ལྷོ་མོན་མོན་གྱི་ས་ཆ་ལ། །སྨན་འབྲས་འབྲས་ཀྱི་གཏེར་མཛོད་ཡོད། །མདོ་ཁམས་གླིང་ལ་འབེབས་དགོས་ཡོད། །ལྷོ་རྒྱལ་དབང་དུ་འདུ་དགོས་ཡོད། །ཤིང་ཁྲི་དབང་དུ་འདུས་པས་ན། །ཕྱོགས་བཞིའི་བདུད་ཆེན་འདུལ་ལེ་ཡིན། །སྐྱེས་བུའི་བསམ་དོན་གྲུབ་ལེ་ཡིན། །ལྷ་ཤཱཀྱའི་གསུང་ཆོས་གྲུབ་ལེ་ཡིན། །འགྲོ་དྲུག་བདེ་ལ་འཁོད་ལེ་ཡིན། །ཟེར་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སོང་ངོ༌། །
འགྲན་མེད་སྟོབས་ཀྱི་རྒྱལ་པོའི་དགོངས་པར། ཡཱ་དེ་སྔ་ངས་ནག་པོ་བདུད་ཀྱི་ཀླུ་བཙན་དང༌། སེར་པོ་ཧོར་གྱི་གུར་དཀར། སྨུག་པོ་འཇང་གི་ས་ཐམ་བཅས་རྒྱལ་ཁག་གསུམ་དང་དམག་ལོ་མང་འཐབ། འཇང་གླིང་དམག་ཐག་ཆོད་ནས་ཟླ་ཤས་ལས་མ་སོང༌། དཔའ་རྟུལ་རྣམས་ཀྱང་ངལ་གསོ་ཟླ་བ་དྲུག་ཙམ་ལས་བྱུང་མེད། ལྷ་གོང་མའི་ལུང་བསྟན་མ་བྱུང་བར། གླིང་ཚོ་ཆེན་གྱི་མི་རྣམས་ཀྱིས་མོན་གླིང་བར་གྱི་གྱོད་རྩ་ང་ལ་གསང་དགོས་ལེ་ཅི་ཡིན་ནམ། གཏམ་ཕ་ལ་གསང་ན་སུ་ལ་ཡིན། ཟས་མ་ལ་བསྐུམས་ན་སུ་ལ་སྟེར་ཟེར་བའི་དཔེ་ལྟར་ཁྱད་མཚར་ལེའི་ལོ་རྒྱུས་ཤིག་ཡིན་གྱི། དེ་ཡིན་རུང་གྱོད་ཀྱི་རྩ་བ་ནི་ཁྲོ་ཐུང་ལ་ཐུག་གདའ། ཁྲོ་ཐུང་ནི་ལྷ་རྟ་མགྲིན་དམར་པོའི་སྤྲུལ་པ་ཞིག་ཡིན་པས། ངས་ཁྲོ་ཐུང་ལ་ལུང་བསྟན་ཞིག་རྒྱག་དགོས་དགོངས་ཏེ། བྱ་དཀར་མངོན་ཤེས་མདེའུར་སྤྲུལ་ནས་སྐྱ་ལྷང་ངེར་སྟག་རོང་གི་ཕྱོགས་སུ་སོང༌། སྐབས་དེར་ཁྲོ་ཐུང་གིས་ལྷ་རྟ་མགྲིན་དམར་པོ་གསོལ་ནས་མཚམས་ལ་ཡོད་པའི་དུས་ཡིན། བྱ་དེས་ཕོ་རོག་སྙིང་རྫོང་གི་ཐོག་གྲ་གོང་མའི་སྟེང་དུ་བབས་ནས་ཏིང་ཀྲུང་ཞེས་སྐད་སྣ་ཚོགས་བརྒྱབ་པ་ཁྲོ་ཐུང་གི་རྣ་བར་ཐོས་ཏེ། མཚམས་ཁུང་ནས་ཡར་བལྟས་པས་ཐོག་གྲ་གོང་མོའི་སྟེང་ལ་བྱ་སྤུ་སྒྲོ་དཀར་པོ་དུང་གི་མདོག དུང་གི་ཨོག་ཚོམ། མཇུག་མར་དུང་གི་ཐིག་ལེ་ཡོད་པའི་བྱ་ཞིག་འདུག་པ་མཐོང་བ་དེ་ལྷ་རྟ་མགྲིན་དམར་པོའི་སྤྲུལ་པ་བྱ་དཀར་མངོན་ཤེས་མདེའུ་འདྲ་བསམས་ནས། ཇ་ཆང་འོ་ཕུད་ཀྱི་མཆོད་པ་མང་པོ་ཕུལ། དེ་ནས་ཅུང་ཟད་སོང་རྗེས་བྱ་དེས་འདབ་སྒྲོ་ལན་གཅིག་སྤྲུགས་ཏེ། སྟག་རོང་དཔོན་པོ་ཁྲོ་ཐུང་ལགས། ཐུགས་ཚུར་ལ་གསོན་དང་ཞུ་རྒྱུ་འདི་འདྲ་གདའ། ཁྱེད་ཨེ་འདྲ་སྡོད་ཐབས་ཅི་ལ་ཡོད། ཡིན་ལུགས་ལོ་རྒྱུས་ཀྱི་གླུ་ཞིག་ཉོན་ཟེར་ནས་ཁྲོ་ཐུང་ལ་ལུང་བསྟན་གྱི་གླུ་འདི་སྐད་བླངས་སོ། །
གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །རི་རབ་ལྷུན་པོའི་དབུ་རྩེ་ནས། །ཁྱུང་ཆེན་བྱ་ཡི་རྒྱལ་པོ་མཁྱེན། །ཉིན་གསལ་ཐང་དཀར་རྒོད་པོ་མཁྱེན། །མཚན་གསལ་འུག་པ་སེར་པོ་མཁྱེན། །བྱ་འདབ་ཆགས་བསྟན་པ་དར་བར་ཤོག །ས་འདི་ས་ངོ་མ་ཤེས་ན། །ས་བཙན་རྫ་མ་གཡང་དཀར་རེད།་་་་༌།བྱང་འདྲ་རྩ་བ་བཤད་པས་ན། །བྱ་དཀར་མངོན་ཤེས་མདེའུ་ཡིན། །བྱང་སྟག་རོང་དཔོན་གྱི་བླ་བྱ་ཡིན། །ཉི་མ་སང་གི་སྔ་ཤར་དུ། །ལྷོ་མོན་མོན་ལ་འགྲོ་གྲབས་བྱེད། །རྟ་མགྱོགས་པོའི་སྟེང་ལ་སྒ་སྲབ་སྤྲོད། །ཕོ་རྒོད་པོའི་ལུས་ལ་འཁོར་གསུམ་སྐོར།་་་༌།སྟག་རོང་དཔོན་པོ་ཁྲོ་ལུ་ཁྱེད། །སྔ་མོ་གླིང་གི་རྒྱལ་ས་བཟུང༌། །གླིང་དཀར་པོ་བདེ་སྐྱིད་འཛོམས་པའི་དུས། །ལྷོ་མོན་མོན་གྱི་རྒྱལ་ས་ནས། །མོན་གྱི་ཨ་ཆུང་གེ་རུ་གཅིག །མོན་གྱི་སྨུག་ཆུང་སྒུར་རུ་གཉིས། །དམག་ཁྲི་དམག་བཅོ་ལྔ་གླིང་ལ་ཕབ།་་་་༌།དེ་དུས་ཨ་ཁུའི་བྱུས་དེ་ཤོར། །དགྲ་ལ་ལན་པོ་མ་འཁྲོད་ལུས། །གཉེན་ལ་ཇ་ཆང་མ་འཕྲོད་ལུས། །ད་དྲན་ཤེས་ཨེ་གདའ་ཁྲོ་ལུ་དཔོན། །དུས་ད་ལོ་ཨ་ཁུ་སྐུ་ཚེ་བརྟན། །དགྲ་ཤ་མོན་ནས་བླངས་ན་བསམ། །ལྷོ་རྒྱལ་ཤིང་ཁྲི་རྒྱལ་པོ་ཡི། །སྲས་མོ་མེ་ཏོག་ལྷ་མཛེས་དེ། །ཤ་ལོ་དཀར་ལ་བལྟས་པས་ན། །གངས་ལ་ཟླ་འོད་ཕོག་འདྲ་ཡོད། །ཤ་ལོ་དམར་ལ་བལྟས་པས་ན། །མཚོ་ལ་མེ་ལྕེ་འཕངས་འདྲ་ཡོད། །དཀར་དམར་གཉིས་ལ་བལྟས་པས་ན། །གངས་ལ་སེང་ཁྲག་ཐོར་འདྲ་ཡོད། །འཛམ་བུ་གླིང་གི་ནོར་བུ་རེད། །ཕོ་བརྒྱ་སེམས་པ་ཤོར་ས་རེད། །མོ་བརྒྱ་སྙིང་རླུང་ལངས་ས་རེད།་་་་༌།ད་རུང་དེ་ཡིས་ག་ལ་ཚད། །ལྷོ་མོན་མོན་གྱི་ནོར་ཟོག་སྟེ། །ཟིལ་རྟེན་ཆུ་ཡི་སྙིང་པོ་གཅིག །ཨ་སྔོན་གཤོག་པའི་རལ་གྲི་གཉིས། །ནོར་བུ་དགའ་བ་གཡང་འཁྱིལ་གསུམ། །དེ་གསུམ་གཞན་པ་སུ་ལ་མེད། །མེད་དུ་མེད་པའི་ནོར་གསུམ་དེ། །ཁྲོ་རྒྱལ་ཁྱེད་ལ་ལེགས་ན་བསམ། །གོ་ན་རྣ་བའི་དཀྱིལ་ལ་ཞོག །མ་གོ་གླུ་ལ་འགྲེལ་པ་མེད། །ཅེས་ཟེར་ནས་ལྷ་བྱ་དེ་ནམ་མཁར་ལྡིང་ནས་སོང་ངོ༌། །
ཁྲོ་ཐུང་གི་བསམ་པར། དེ་རིང་བྱ་དཀར་མངོན་ཤེས་མདེའུའི་ལུང་བསྟན་དེ་ངོ་མ་ཡིན་འདྲ། ད་ལོ་མོན་གྱི་བུ་མོ་མེ་ཏོག་ལྷ་མཛེས་དེ་མོ་ལོ་ཉི་ཤུ་རྩ་གསུམ་ཡིན་ས་ཡོད། དེ་ངེད་ཀྱི་སྲས་ལྷ་རྒོད་འབུམ་ལུ་དང་རྒྱ་སྲས་མ་ཎི་ཀ་ར་གཉིས་ཀྱི་མདུན་མར་མངགས་དགོས་བསམས་ནས། ཁྲོ་ཐུང་གིས་ཁ་རིང་རྒྱལ་མོ་ལ་གླུ་འདི་འདྲ་ཞིག་ཕུལ་ལོ། །
གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །ཐེངས་གསུམ་ངག་གི་འགུགས་གླུ་རེད། །བོན་སྐུ་ཚེ་དབང་རིག་འཛིན་མཁྱེན། །བོན་ཕྲུག་བསྟན་པ་ཤེས་རབ་མཁྱེན། །བོན་སེར་བླ་མའི་ཚོགས་རྣམས་མཁྱེན། །དེ་རིང་ཨ་ཁུའི་གླུ་སྣ་དྲོངས། །ས་འདི་ས་ངོ་མ་ཤེས་ན། །ས་བཙན་རྫ་མ་གཡང་དཀར་རེད། །གསེབ་བཙན་སུ་རུ་ནག་ཆུ་རེད། །
རྫོང་བཙན་པོ་ཕོ་རོག་སྙིང་རྫོང་རེད།་་་་༌།བྱ་དཀར་པོ་མངོན་ཤེས་མདེའུ་ཡིས། །ང་སྟག་རོང་ཁྲོ་ལུར་ལུང་བསྟན་མཛད། །གསེར་མཚོ་ལྷ་ཡི་བུ་མོ་ཁྱེད། །མར་ལ་མ་ཉལ་ཡར་ལ་ལོངས། །མོ་རབ་ལོངས་ལོངས་མགོ་ནས་ལོངས། །མགོ་དཀྱིལ་གཙུག་ལ་བཅག་བཅག་བྱེད། །ལྷ་དང་བླ་མར་གསོལ་ཆས་འབུལ། །སྐྱབས་དང་སྒྲོལ་མ་དེ་ཡིས་འདོན། །ཕྱག་དང་མཆོད་པ་དེ་ཡིས་བྱེད། །མོ་འབྲིང་ལོངས་ལོངས་སྐེད་ནས་ལོངས། །རྐེད་རྒྱ་ཕྲ་བཅིངས་ནས་ཚུར་ལ་ཡོང༌། །ཕ་ཕོ་བོ་རྣམས་ལ་ཇ་ཆང་འབུལ། །ལས་སྔ་ལས་ཕྱི་ལས་དེ་ཡིས་བྱེད། །མོ་ཐ་མ་ལོངས་ལོངས་རྐང་ནས་ལོངས། །རྐང་ལྷམ་ཆུང་མ་རྙེད་ཇ་ཡུན་ཙམ། །ཁ་ནས་མི་ཤོད་རྒུ་ཤོད་བྱེད། །ཞེ་སྡང་ང་རྒྱལ་སོ་སྒྲ་བསྒྲིགས། །ལས་བུ་རྒྱུད་མཐོང་ན་ཀླད་བརྡབ་འབུད། །བཟའ་ཚེ་རོགས་མཐོང་ན་མིག་ལོག་བགྲད། །མོ་མཐའ་མ་ལངས་ལུགས་དེ་འདྲ་རེད། །མ་གཡེངས་གསེར་མཚོ་གླུ་འདི་ཉོན། །བྱ་དཀར་མངོན་ཤེས་མདེའུ་ཡི། །ལུང་དང་པྲ་བབ་འདི་འདྲ་བྱུང༌། །སྔ་མོ་སྔར་གྱི་དུས་ཚོད་ལ། །ལྷོ་ཡི་ཨ་ཆུང་གེ་རུ་གཅིག །ལྷོ་ཡི་སྨུག་ཆུང་སྒུར་རུ་གཉིས། །ཁྲི་དམག་བཅོ་ལྔ་གླིང་ལ་ཕབ། །བསགས་པའི་རྒྱུ་ནོར་མང་པོ་འཕྲོགས། །སྐྱེས་པའི་བུ་རྟ་མང་པོ་བསད། །དགྲ་ལན་མ་འཕྲོད་ལུས་ནས་གདའ། །རོང་མི་ཚོགས་དམར་པོའི་འབུམ་དམག་གསུམ། །སང་ཉིན་རུ་ཤོག་བསྒྲིགས་ན་ཟེར། །མ་སྡོད་མོན་ལ་འགྲོ་ན་ཟེར།་་་་༌།ལྷོ་རྒྱལ་ཤིང་ཁྲི་རྒྱལ་པོ་ཡི། །སྲས་མོ་མེ་ཏོག་ལྷ་མཛེས་དེ། །ད་ལོ་གནམ་ལོ་འདི་གསར་དུ། །མོ་ལོ་ཉི་ཤུ་རྩ་གསུམ་རེད། །ཤ་ལོ་དཀར་ལེ་དུང་དང་འདྲ། །རུས་རིགས་དཀར་ལེ་ཤེལ་དང་འདྲ། །མཁའ་འགྲོ་འབུམ་གྱི་སྡེ་དཔོན་རེད། །དབུ་སྐྲ་སྦ་སྨྱུག་སིལ་མ་ལ། །གསེར་གྱི་སྦྲང་ཆར་བབས་འདྲ་ཡོད། །འབྲུག་མོ་ཟེར་ལེ་གཡེར་གཡེར་ཡིན། །བསྡུར་ན་ཕྱི་རྟིང་དོ་ས་མེད། །མཛེས་ལྡན་ལྷ་ཡི་མེ་ཏོག་དེ། །ངེད་སྟག་རོང་ཚང་གི་གཉེན་ཡར་བསམ། །ཟིལ་རྟེན་ཆུ་ཡི་སྙིང་པོ་གཅིག །ཨ་སྔོན་གཤོག་པའི་རལ་གྲི་གཉིས། །ནོར་བུ་དགའ་བ་གཡང་འཁྱིལ་གསུམ། །རྒྱལ་ཁབ་གཞན་ལ་ལར་ནས་མེད། །ལྷོ་མོན་མོན་གྱི་གཏེར་ཟོག་དེ། །སྐུ་མཁར་གླིང་ལ་བྱུང་ན་བསམ། །ཨ་ཕོའི་བསམ་ཚུལ་འདི་འདྲ་ཡོད། །ཁ་རིང་ཐུགས་ལ་དེ་ལྟར་ཞོག །
ཅེས་གླུ་དེ་ལྟར་ཕུལ་བས། འབྲུ་ཁ་རིང་རྒྱལ་མོ་གསེར་མཚོ་མས་རྐེད་རིང་མ་དེ་སྐེད་ལ་བསྡམས། ལུང་རིང་མ་དེ་ལུང་ལ་བསྡམས། ལ་མ་ལིང་དྲུག་དགུ་ཙམ་བསྡམས། གསེར་རྐྱན་ནང་དུ་ཆང་ཞིག་འཁུར། དངུལ་རྐྱན་ནང་དུ་ཇ་ཞིག་འཁུར། དུང་རྐྱན་ནང་དུ་ཞོ་དང་འོ་མ་བཅས་ཁྱེར་ནས་ཁྲོ་ཐུང་གི་མདུན་ལ་སོང་སྟེ། སྟག་རོང་དཔོན་པོ་ཁྲོ་ཐུང་ཁྱོད། ད་ནམ་ཕྱེད་རྒྱལ་བའི་དཀྱིལ་འཁོར་ལ། ལྷ་གོང་མའི་ལུང་བསྟན་ཅི་ལ་ཡིན། འདྲེ་ནག་པོའི་ཆོ་འཕྲུལ་ཡིན་ཤས་ཆེ། བདུད་ཀྱི་བར་ཆད་ཡིན་ཤས་ཆེ། ལྷ་འདྲེའི་རྫིག་ཚུལ་ཡིན་ཤས་ཆེ། བྱ་དཀར་མངོན་ཤེས་མདེའུ་ཡིས། ལམ་སྟོན་ལུང་བསྟན་མང་པོ་བྱུང༌། ཡིན་ལུགས་ལོ་རྒྱུས་བཤད་པས་ན། དེ་རིང་ཁ་རིང་གླུ་ལ་ཉོན་ཟེར་ཏེ་འབྲུ་ཁ་རིང་རྒྱལ་མོ་གསེར་མཚོས་གླུ་འདི་འདྲ་ཞིག་ཕུལ་སོང༌།
གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །ལྷ་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །ཤར་གཡུ་ལོ་བཀོད་པའི་ཞིང་ཁམས་ནས། །གནས་འོ་མ་ཅན་གྱི་ཕོ་བྲང་ནས། །མཐོ་གསེར་ལོ་བརྩེགས་པའི་ཁྲི་སྟེང་ནས། །དུང་ལོ་འབར་བའི་གདན་སྟེང་ནས། །མ་རྗེ་བཙུན་སྒྲོལ་མ་དཀར་སྔོན་རྣམས། །དུས་དེ་རིང་བུ་མོའི་གདོང་རོགས་མཛོད། །བྱིན་རླབས་མ་ཆུང་ཐུགས་རྗེས་གཟིགས། །ས་འདི་ས་ངོ་མ་ཤེས་ན། །ས་བཙན་པོ་རྫ་མ་གཡང་དཀར་རེད། །གསེབ་བཙན་པོ་སུ་རུ་ནག་ཆུ་རེད། །བྲག་དམར་པོ་མདུང་རྩེ་མར་གཤམ་ལ། །རྫོང་བཙན་པོ་ཕོ་རོག་སྙིང་རྫོང་ཡོད། །ལྷ་ཁང་གཡུང་དྲུང་འཁྱིལ་བའི་ནང༌། །ཁྲོ་རྒྱལ་མཚམས་ལ་མ་བཞུགས་པར། །མཚམས་ལས་ཧར་ལངས་ཅི་ཞིག་བྱེད།་་་་༌།དེ་འདྲ་མ་བྱེད་ཕ་ཡི་བུ། །ལྷོད་འཁོར་རེ་གདན་ལ་བཞུགས་ན་བསམ། །ཇ་ཆང་གཉིས་ཀྱི་ཡར་འདྲེན་ཡོད། །སྐུ་བསིལ་ཞེ་གདའ་ན་ཇ་ཞིག་མཆོད། །དངུལ་རྐྱན་ནང་ལ་ཇ་འདྲེན་ཡོད། །གསུས་གཅོམ་ཞེ་གདའ་ན་ཞོ་ཞིག་མཆོད། །དུང་རྐྱན་ནང་ལ་ཞོ་འདྲེན་ཡོད། །ཞལ་སྐྱེམས་ཞེ་གདའ་ན་ཆང་ཞིག་མཆོད། །གསེར་རྐྱན་ནང་ལ་ཆང་འདྲེན་ཡོད། །ཇ་ཆང་ཕུན་སུམ་ཚོགས་ལེ་ཡོད། །སྟག་རོང་ཨ་ཁུ་ཁྲོ་ལུ་དཔོན། །བྱ་དཀར་མངོན་ཤེས་མདེའུ་ཡིས། །ཚེ་སྔ་མོ་ལུང་བསྟན་མང་ཙམ་བསྟན། །ཨ་ཁུ་སྣ་ཁུག་འཚིག་རྒྱུ་མེད། །བསམ་བློ་གཏིང་ནས་བཏང་ན་བསམ།་་་་༌།ཁྱོད་ད་རུང་མོན་ལ་བྱོན་གྱི་ཟེར། །གནའ་སྔ་མོ་ཧོར་གླིང་འཁྲུག་པའི་སྐབས། །ངེད་སྟག་རོང་ཨ་ནུ་གཟིག་འཕེན་གཅིག །སྟག་རོང་ཨ་ནུ་སྟག་འཕེན་གཉིས། །བུ་ཆུང་བ་མྱང་ཚ་བརྟན་གསུམ། །སེར་པོ་ཧོར་ལ་ཤོར་ནས་ཐལ། །ཕུང་འདྲེ་ཁྱོད་ཀྱིས་བསྐྱལ་ལེ་རེད། །བུ་ཆུང་བ་ལྷ་རྒོད་འབུམ་ལུ་དེ། །ད་ཡང་དགྲ་ལ་མི་སྐྱེལ་རོགས། །གླིང་ལ་ལྷ་རབ་བཅུ་གསུམ་ཡོད། །ལྷ་དེ་ཚོས་ལུང་བསྟན་མ་ཕབ་དུས། །ཁྱོད་ཁྲོ་ཐུང་ལུང་བསྟན་ག་ནས་ཡོང༌། །སྐུ་མཁར་སེང་འབྲུག་སྟག་རྩེ་ལ། །གླིང་གི་འགྲན་མེད་གེ་སར་དེ། །ལྷ་དཀོན་མཆོག་ལུང་བསྟན་རྒྱག་མི་ཡིན། །ཁོང་སྐྱེས་བུའི་ལུང་བསྟན་ཁྲམ་གཏམ་རེད། །ཁྱོད་ཁྲོ་ཐུང་ལུང་བསྟན་ཁྲམ་གཏམ་རེད། །གླིང་ལ་ཕ་བུ་ཆེ་གསུམ་ཡོད། །གསེར་ཚ་དཔོན་གྱི་ཨ་བརྟན་གཅིག །སྤྱི་དཔོན་རོང་ཚ་ཁྲ་རྒན་གཉིས། །སེང་བློན་རི་རྒྱལ་ལྷུན་པོ་གསུམ། །མི་དེ་གསུམ་ལུང་བསྟན་མ་བྱུང་དུས། །ཁྱོད་ཁྲོ་ཐུང་ལུང་བསྟན་ལྟས་ངན་རེད།་་་་༌།དེ་ཨེ་རེད་མ་རེད་བསམ་བློ་ཐོངས། །ད་བཞུགས་སྐྱིད་ཨ་ཁུས་མ་ཤེས་ན། །མི་འདོད་ཆག་སྒོ་བབས་ནས་ཡོང༌། །ཁྱོད་ཁྲོ་ཐུང་ཐུགས་ལ་དེ་ལྟར་ཞོག །
ཅེས་གླུ་དེ་ལྟར་ཕུལ་བ་དང༌། ཁྲོ་ཐུང་གི་བསམ་པར་འབྲུ་ཁ་རིང་རྒྱལ་མོ་གསེར་མཚོ་མ། ཁ་རྒྱགས་ནས་སྣ་མ་དྲོངས་བའི་བུ་མོ་ཞིག་རེད། ང་ལ་སྐྱིད་པའི་ལྷ་གསོལ། དགའ་བའི་གླུ་ལེན། མཚར་བའི་བྲོ་རྡུང་བྱ་རྒྱུ་ཕར་ལྟར་བཞག ཁྱེད་བུད་མེད་ཀྱིས་ང་ལ་དམའ་འབེབས་ཀྱི་ལོ་རྒྱུས་མང་པོ་བཤད་པ་དེ་རྣམ་རྟོག་རྟིང་ནས་ཡོད། སྨན་བུ་མོའི་ལོ་རྒྱུས་ང་ཡིས་ཤེས། ཤེས་ལུགས་ལོ་རྒྱུས་བཤད་དགོས་ན། ཁ་རིང་རྒྱལ་མོ་ལེགས་པར་ཉོན་ཟེར་ཏེ། ཁྲོ་ཐུང་གིས་ཁ་རིང་རྒྱལ་མོ་ལ་ཁ་རྡུང་ཚིག་རྡུང་བཏབ་པའི་གླུ་འདི་འདྲ་ཞིག་བླངས་སོ། །
གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །ཐེངས་གསུམ་ངག་གི་འགུགས་གླུ་རེད།་་་་༌།གླུ་འདི་གླུ་ངོ་མ་ཤེས་ན། །ཁྲོ་ཐུང་ངར་བའི་དཔའ་གླུ་རེད། །འབྲུ་ཁ་རིང་རྒྱལ་མོ་ཚུར་ལ་གསོན། །ཁྱོད་གསེར་མཚོ་རྣ་བ་ཚུར་ལ་ཉོན། །མི་སྡོད་མོན་ལ་འགྲེ་ལེ་ཡིན། །ལྷོ་མོན་མོན་གྱི་རྒྱལ་ས་ནས། །སྲས་མོ་མེ་ཏོག་ལྷ་མཛེས་དེ། །ངེད་སྟག་རོང་མཁར་ནང་བསུ་ལེ་ཡིན། །མཁར་ཁྲ་མོའི་ལྡེ་མིག་བརྒྱད་ཅུ་དེ། །མེ་ཏོག་ལག་ལ་འཇོག་རྒྱུ་ཡིན། །ཁྱོད་ཨ་འབོག་བུ་མོ་ཐབ་གཡོག་བྱེད། །ཁྱོད་གསེར་མཚོའི་ཡིད་ལ་དེ་ལྟར་ཞོག །
ཅེས་གླུ་དེ་ལྟར་བླངས་པ་དང༌། ཁ་རིང་རྒྱལ་མོ་གསེར་མཚོ་ཡིས། ཁྲོ་ཐུང་ཁྱོད་ལུས་ལ་རྒས་རྒྱུ་མེད་གདའ། ངོ་ལ་ཚ་རྒྱུ་མི་འདུག མ་ཕུགས་ང་རང་གཉིས་ཚེ་ཕུགས་སྐྱིད་སྡུག་སྙོམས་པའི་བཟའ་ཚང་ཞིག་འོང་ས་མ་རེད། ལ་ཆེན་གྱི་ཞལ་ཤ་ཚོད་པའི་གཏམ་འདི་ཉོན་ཨང་ཟེར་ཏེ་གླུ་འདི་འདྲ་ཞིག་བླངས་སོ། །
གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །སྐྱབས་ཆོས་དང་སངས་རྒྱས་དགེ་འདུན་གསུམ། །བྱིན་རླབས་མ་ཆུང་ཐུགས་རྗེས་གཟིགས། །ས་འདི་ས་ངོ་མ་ཤེས་ན། །ས་བཙན་པོ་རྫ་མ་གཡང་དཀར་རེད། །ང་འདྲ་ང་ངོ་མ་ཤེས་ན། །ཁ་རིང་རྒྱལ་མོ་གསེར་མཚོ་ཡིན། །ང་སྐྱེས་ཡག་ལུས་ལ་མ་འཛོམས་ཏེ། །མངོན་ཤེས་ལུང་བསྟན་གསལ་ལེ་ཡིན། །སྟག་རོང་དཔོན་པོ་ཌ་རུ་མགོ། །གཡོག་བུ་ཕྲུག་སྟེང་ལ་ངང་ཐུང་བ། །བཟའ་ཚེ་རོགས་སྟེང་ལ་སྤྲོ་ཐུང་བ། །སྨན་བུ་མོའི་སྟེང་ལ་འཛུམ་ཐུང་བ། །ལས་བྱ་བའི་སྟེང་ལ་སྒྱིད་འཁུམ་པ། །ཤ་ཇ་ཆང་སྟེང་ལ་ཐོག་གྱུར་བ། །དགྲ་ནག་པོའི་སྟེང་ལ་ཝ་ཐུང་བ། །གྲོགས་ཤག་པོའི་སྟེང་ལ་ཁྲོ་ཐུང་བ། །ཁྱོད་ཁ་རྒྱགས་དགྲ་ཡི་གཡབ་མོ་རེད། །ཁྲོ་ཐུང་བ་དོན་གྱི་སྐྱེལ་མ་རེད།་་་་༌།དེ་རིང་སྟག་རོང་ཁྲོ་ཐུང་དཔོན། །ཁྱེད་མ་སྲིད་ལས་དེ་གཅིག་ཀྱང་མེད། །འདན་མའི་བུ་མོ་སྔོ་ཉག་གཅིག །གསེར་པའི་བུ་མོ་མེ་སེར་གཉིས། །ཁྲོ་ཐུང་བཅོམ་བཅོམ་བཅོམ་ལེ་མིན། །ཁྲོ་ཐུང་བསླུས་བསླུས་བསླུ་ལེ་མིན། །གསེར་དུང་པདྨ་རང་ཤར་དེ། །གསེར་མཚོ་ང་ཡི་མགོ་རྒྱན་ཡིན། །གང་ལ་ཡོད་ན་ཁུར་ནས་ཤོག །ཚིག་ཁོག་པདྨ་འདབ་བརྒྱད་དེ། །གསེར་མཚོ་ང་ཡི་མཛུབ་རྒྱན་ཡིན། །གང་ལ་ཡོད་ན་ཁུར་ནས་ཤོག །གཡུ་ཆུང་ནོར་བུ་གསུམ་གཙུག་དེ། །གསེར་མཚོ་ང་ཡི་གཙུག་གཡུ་ཡིན། །དེ་གསུམ་ཁྲོ་ཐུང་ལག་ན་ཡོད། །གང་ན་ཡོད་ན་ཁྱེར་ནས་ཤོག །ཁྱེད་དེ་འདྲ་རྒད་པོ་ཤ་རེ་ཚ། །སྨན་བུ་མོའི་འདོད་པ་ཕར་ཚད་རེད། །རྐང་གྲུ་བཞི་གདོང་མགོ་མ་ཐོན་དུས། །རྟ་ཕོ་ཆེན་ཡབ་ཐག་མི་ལོན་དུས། །ཁྱེད་བུ་མོའི་རྗེས་ལ་འགྲོ་ཡི་ཟེར། །དེ་སྔ་ལེ་མ་རེད་ཕྱི་ལེ་རེད། །གོ་ན་རྣ་བའི་དཀྱིལ་ལ་ཞོག །མ་གོ་གླུ་ལ་སྐྱོར་རྒྱུ་མེད། །
ཅེས་ཟེར་བས་ཁྲོ་ཐུང་གིས་བུ་མོ་ཁྱོད་ཁ་རྒྱགས་སྣ་མ་དྲོངས་པའི་ནག་མོ་ཞིག་རེད་ཟེར་ཏེ། གསེར་གྱི་སྤགས་ཕོར་འབྲུག་རིས་མ་དེ་ཡར་བླངས་ནས་གསེར་མཚོའི་སྟེང་ལ་འཕངས། གསེར་མཚོས་ཁ་ཕར་གཅུས་པས་གསེར་མཚོའི་ཕྱི་རྟིང་ལ་ཕོག གསེར་མཚོས་རྩམ་པ་ལག་སྐྱོར་གང་བྱབས་ནས་ཁྲོ་ཐུང་གི་ཞལ་ལ་གཤོས་པས། ཁྲོ་ཐུང་ཨབ་ར་རྩམ་པའི་ནང་ནས་ཐོན་པ་ལྟ་བུ་སྐྱ་སེང་ངེར་སོང༌། ཁྲོ་ཐུང་གིས་སྦ་ལྕག་ཉི་མ་ལེགས་ཅན་འཐེན་ཏེ་གསེར་མཚོའི་སྟེང་ལ་མཆོང་བའི་ཚེ་ན། སྲས་ལྷ་རྒོད་སྤུན་གཉིས་པོ་མྱུར་དུ་ཡར་བཞེངས་ཏེ། ཕ་མ་རྒན་རྒོན་གཉིས་པོ་ནམ་ཕྱེད་ལ་རྩོད་འཛིང་གི་གཏམ་དེ་ཅི་ཡིན། ལྷ་གོང་མའི་ལུང་བསྟན་ཡོད་ན། སང་གི་ཉི་མ་སྔ་ཤར་དུ་སེང་ཆེན་སྟོབས་ཀྱི་རྒྱལ་པོར་ཞུས་ཆོག དགྲ་ལ་ལན་པོ་དང༌། གཉེན་ལ་ཇ་ཆང་དགོས་ན་སྤྲོད། དགྲ་ལན་སྤྲོད་དགོས་ན་རོང་མི་ཚོགས་དམར་པོའི་འབུམ་དམག་གསུམ་འགྲོ་ཆོག་ཆོག་ཡོད། ཕ་མ་རྒན་རྒོན་གཉིས་པོ་དེ་འདྲ་མ་གནང་ཟེར་ནས། སྲས་སྤུན་གཉིས་ཀྱིས་དབུ་གཡུག་གཡུག་གནང༌། ཁྲོ་ཐུང་གི་བསམ་བར། བུ་ལྷ་རྒོད་ཀྱིས་ཟེར་བའི་གཏམ་དེ་བདེན། སྐུ་སེང་ཆེན་ནོར་བུ་དགྲ་འདུལ་ལ་སྙན་སྒྲོན་ཞིག་ཞུ་བར་མི་འགྲོ་ལེ་མི་ཡོང་སྙམ་སྟེ་དགའ་འོ། །
དེའི་ཕྱི་ཉིན་ཞོགས་པ་སྔ་ཤར་ལ་ཁྲོ་ཐུང་གིས་རྟ་ཕོ་གུ་གུ་རོག་རྫོགས་ལ་སྒ་སྲབ་བསྟད། སྲིན་རྨོག་ནམ་མཁའ་ཁྱུང་རྫོང་ལ་རྒྱ་དར་དམར་པོའི་འཕྲུ་ཞིག་བཙུགས། སྲིན་ཁྲབ་འཇའ་ལིང་དམར་པོ་ལ་བྱི་རུ་དམར་པོའི་མཐའ་ཤན་བརྒྱན། སྒ་ཟུར་ལ་མུ་ཏིག་གི་རྒྱུན་ཐག་འཐེན། སྟག་ར་གཡས་ལ་གཟིག་ཤུབས་གཡོན། མདའ་གཞུ་འཁོར་གསུམ་ལུས་ལ་བརྒྱན་ནས་རྟ་ཐོག་ཏུ་བུད་དེ། སྐུ་མཁར་སེང་ཕྲུག་སྟག་རྩེའི་མཁར་གྱི་ཐད་གློག་འཁྱུག་པ་ལྟར་སོང༌། གཟིམ་ཆུང་གི་སྒོ་ཡོལ་ཕྱེ་ནས་རྒྱལ་པོའི་སྐུ་མདུན་ལ་ཡར་བཅར་བས་འགྲན་མེད་སྟོབས་ཀྱི་རྒྱལ་པོ་གེ་སར་གྱིས་གསེར་ཁྲིའི་སྟེང་ནས་ཞལ་འཛུམ་ཙམ་གནང་སྟེ། ཡཱ་དེ་རིང་ཨ་ཁུ་མར་བཞུགས་གསུངས་ནས། ཇ་ཆང་གི་ལོངས་སྤྱོད་སྤྲད། ཇ་ཡུན་ཙམ་སོང་རྗེས་ཁྲོ་ཐུང་ཡར་ལངས་ནས་དར་དཀར་པོ་ཡུག་གཅིག་སེང་ཆེན་ལྷ་ཡི་རྒྱལ་པོའི་གསོལ་ལྕོག་གི་སྟེང་དུ་བཞག་སྟེ་ང་ལ་མདང་སོང་བྱ་དཀར་མངོན་ཤེས་མདེའུས་ལུང་བསྟན་ཨེ་འདྲ་བྱུང༌། མ་གཞི་མོན་གྱི་ལོ་རྒྱུས་ཨེ་འདྲ་ཞུ་རྒྱུ་ཡོད་ཅེས་སྐྱིད་སྡུག་ལོ་རྒྱུས་ཀྱི་གླུ་འདི་འདྲ་ཞིག་ཕུལ་སོང༌།
གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །གླུ་ཐེངས་གསུམ་ངག་གི་འགུགས་གླུ་རེད།་་་་༌།ས་འདི་ས་ངོ་མ་ཤེས་ན། །རྨ་དེལ་ཡག་སྟག་ཐང་ཁྲ་མོ་རེད། །སྐུ་མཁར་སེང་འབྲུག་སྟག་རྩེ་རེད། །ཚོམས་ཆེན་ཀ་བ་སྟོང་ལྡན་རེད། །མཐོན་པོ་གསེར་ཁྲིའི་ཡང་སྟེང་ནས། །སྐུ་འགྲན་མེད་ལྷ་ཡི་ནོར་བུ་མཁྱེན། །ཐུགས་ཁྲོ་བ་མ་གནང་འཛུམ་པ་གནང༌། །ཞལ་འཛུམ་བཞིན་ཨ་ཁུ་ང་ལ་གཟིགས། །གཟིགས་དང་ཞུ་རྒྱུ་འདི་འདྲ་ཡོད། །ང་འདྲ་རྩ་བ་བཤད་པས་ན། །ང་སྟག་རོང་དཔོན་པོ་ཁྲོ་ཐུང་ཡིན། །ང་ཁྱོད་ཀྱི་མཁན་པོ་ཨ་ཁུ་ཡིན། །མ་ཕུགས་ཞུ་རྒྱུ་རིམ་བཞིན་ཡོད། །སྔ་མོ་སྔར་གྱི་དུས་ཚོད་ལ། །དཔའ་རྒྱ་ཚ་སྐུ་ཚད་མ་ལོན་དུས། །ཁྱེད་ཇོ་རུ་གླིང་ལ་མ་འཁྲུངས་དུས། །ལྷོ་མོན་མོན་གྱི་རྒྱལ་ས་ནས། །ལྷོ་ཡི་ཨ་ཆུང་གེ་རུ་གཅིག །ལྷོ་ཡི་སྨུག་ཆུང་སྒུར་རུ་གཉིས། །དམག་ཁྲི་དམག་བཅོ་ལྔ་གླིང་ལ་ཕབ། །སྐྱེས་པའི་བུ་རྟ་མང་པོ་བསད། །བཞེངས་པའི་སྐུ་མཁར་གཞི་མེད་བཟོས། །བསགས་པའི་རྒྱུ་ནོར་མང་པོ་འཕྲོགས། །དར་གོས་ལ་མ་ལིང་དྲུག་དེ། །མ་རྒྱ་ཚ་ལྷ་དཀར་སྐུ་སྐལ་ཡིན། །ཤར་གླིང་དཀར་སྡེ་ཡི་སྤྱི་ནོར་ཡིན། །དེ་ཡང་ལྷོ་མོན་མོན་ལ་འཕྲོགས། །ད་རུང་དེ་བས་ག་ལ་ཚད། །རྟ་ཕོ་ཆེན་དགུ་བཅུ་གོ་དགུ་དེ། །ལྷོ་མོན་མོན་ལ་ཁྱུ་འདེད་བྱས། །འབྲུག་འབྲི་ཆེན་འབྲི་ཡི་ལ་མགོ་ལ། །དཔའ་ཡང་དག་བློན་པོ་མི་གཉིས་བསད། །དུས་དེ་ནས་གྱོད་རྩ་མང་ལེ་རེད། །དཔོན་ཁྱེད་ལ་ཞུ་རྒྱུ་ལུས་ནས་བསྡད།་་་་༌།ལྷོ་རྒྱལ་ཤིང་ཁྲི་རྒྱལ་བློན་དང༌། །གླིང་དཀར་རྒྱལ་བློན་དཔའ་རྟུལ་རྣམས། །འདྲ་བསམས་ཏེ་བསྡུར་རྒྱུ་ལར་ནས་མེད། །སྟོབས་མངའ་ཐང་རྒྱས་ལུགས་ཁག་ཁག་ཡིན། །སྐུ་སེང་ཆེན་ནོར་བུ་དགྲ་འདུལ་དང༌། །ལྷོ་རྒྱལ་ཤིང་ཁྲི་རྒྱལ་པོ་གཉིས། །སྟོབས་དབང་ཐང་ཆེ་ཆུང་འདྲ་འདྲ་ལ། །རྟགས་རྫུ་འཕྲུལ་སྤྱད་དུས་དོ་ས་མེད། །ཐེའུ་རངས་བླ་མ་རྐང་གཅིག་དང༌། །ང་སྟག་རོང་དཔོན་པོ་ཁྲོ་རྒྱལ་གཉིས། །མཐུ་མན་ངག་སྒྲུབ་ལུགས་འདྲ་འདྲ་ལ། །རྟགས་རྫུ་འཕྲུལ་སྤྱད་ལུགས་ཁག་ཁག་རེད། །སྐུ་སེང་ཆེན་ནོར་བུ་དགྲ་འདུལ་མཁྱེན། །ལྷོ་ཡི་ཨ་བྲག་དྲུག་ཅུ་དང༌། །གླིང་གི་དཔའ་རྟུལ་བརྒྱད་ཅུ་གཉིས། །མདའ་སྐྱེན་པོ་འཕངས་པའི་མཐེ་ཚོད་གཅིག །མཚོན་རྣོ་པོ་གཡུགས་པའི་རྣོ་ངར་གཉིས། །རྟ་མགྱོགས་པ་རྒྱུགས་པའི་བང་ཁ་གསུམ། །འདྲ་བསམས་ཏེ་བསྡུར་རྒྱུ་ཅི་ལ་ཡོད། །སྐུ་སེང་ཆེན་ནོར་བུ་དགྲ་འདུལ་ཁྱེད། །དོན་བཟང་ངན་མངོན་ཤེས་ཁྱེད་ཀྱིས་མཁྱེན། །ང་ཨ་ཁུས་མཁས་པ་ཞུ་ཤེས་མེད། །ད་མདོ་ཁམས་གླིང་གི་རྒྱལ་བློན་རྣམས། །ལས་དམག་སྐུ་ངལ་ཆེ་ན་ཡང༌། །ད་ལོ་མོན་ལ་ཕེབས་ན་བསམ། །ལྷོ་ལ་ལུང་ཆེན་བཅོ་བརྒྱད་ཡོད། །དེ་ལ་སྡེ་ཁག་བཅོ་བརྒྱད་ཡོད། །ཕོ་བྲང་སྟོང་རི་གནམ་རྫོང་དེ། །གནམ་ས་གཉིས་ལ་གྲགས་ལེ་རེད། །དགའ་རབ་དབང་ཕྱུག་ཕོ་བྲང་རེད། །གླིང་གིས་དབང་དུ་འདུས་ན་བསམ། །ལྷོ་རྒྱལ་ཤིང་ཁྲི་རྒྱལ་པོ་ཡི། །སྲས་མོ་མེ་ཏོག་ལྷ་མཛེས་དེ། །སྟག་རོང་ལྷ་རྒོད་འབུམ་ལུ་ལ། །ཇ་ཐབ་ཇ་མར་བྱུང་ན་བསམ། །ཕ་རྒས་ན་བུ་ལ་འདུག་ཇུས་བསམ། །མ་རྒས་ན་བུ་མོར་འདུག་ཇུས་བསམ། །ཨ་ཁུ་སྣང་བ་སྤྲོ་ན་བསམ། །འགྲན་མེད་སྟོབས་ཀྱི་རྒྱལ་པོ་མཁྱེན། །ཞུ་ཕོད་མེད་དེ་འདྲ་མ་ལ། །ད་ལོ་མོན་གླིང་འཁྲུག་དུས་ཡིན། །ཡིན་ལུགས་རྩ་བ་བཤད་པས་ན། །སྔར་གྱི་གྱོད་རྩ་དེ་དང་གཅིག །བྱ་དཀར་ལུང་བསྟན་དེ་དང་གཉིས། །འགྲན་མེད་ཁྱེད་ལ་ལྷ་ལུང་གསུམ། །ཡོད་ལེ་ལག་པའི་མཐིལ་ལ་ཡོད། །དེ་ཚོ་བྱང་ཆུབ་ཐུགས་ལ་ཞོག །གླུ་ཐལ་བར་སོང་ན་བཟོད་པ་བཞེས། །ངག་འཆལ་བར་སོང་ན་མཐོལ་ལོ་བཤགས། །
ཅེས་ཞུས་པས། འགྲན་མེད་སྟོབས་ཀྱི་རྒྱལ་པོ་གེ་སར་གྱིས་ཞལ་རས་འཛུམ་ཙམ་གནང་སྟེ། ཡཱ་ཨ་ཁུ་ཁྱེད་ལ་མདང་སོང་ལྷ་རྟ་མགྲིན་དམར་པོའི་སྤྲུལ་པ་བྱ་དཀར་མངོན་ཤེས་མདེའུ་ཡི་ལུང་བསྟན་བྱུང་བ་ཤིན་ཏུ་བཟང༌། ང་ལ་ཡང་ལྷ་ཡི་ལུང་བསྟན་ཅུང་ཟད་ཡོད། ད་མི་ཆུང་དང༌། གཞུ་ག་དར། བློན་པོ་འཕྱིང་སྔོན། བྱང་ཁྲི་ཤོག་དགུ་ཡི་འབྲུག་སྒྲ་གསུམ་གྱིས་སྐུ་མཁར་སེང་འབྲུག་སྟག་རྩེའི་མཁར་གྱི་རྩེར་བྱོན་ནས་ཕྱོགས་བཞི་ལ་ལྷ་བསངས་དཀར་པོ་སྤྲིན་འདྲ་བ་ཞིག་བཏང་སྟེ་སེང་གེ་སྔོན་པོའི་རུ་དར་དེ་བསླངས། ཁྲིམས་རྔ་ལེབ་ཆེན་བཅོ་བརྒྱད་ལ་འུར་རྡུངས། ཁྲིམས་དུང་སྐད་པོ་རྒྱང་གྲགས་ལ་འུར་འབུད། ཅེས་བཀའ་བརྩལ་ལོ། །
མི་ཆུང་གི་བསམ་པར། ཁྲོ་ཐུང་གྱོད་ཀྱི་ཌ་རུས་དེ་ཙམ་དཀྲུགས་པས། འགྲན་མེད་སྟོབས་ཀྱི་རྒྱལ་པོས་གསན་མདོག་ཁ་པོ་ཞིག་བྱུང༌། རིན་ཆེན་ཁོག་པ་ཆུ་ཡིས་ཁེངས། མི་ཆེན་ཁོག་པ་རྫུན་གྱིས་བརྒྱངས་ཟེར་བ་བདེན་པ་འདྲ་བསམས་ཏེ། མ་མོས་གྱ་གྱུ་བཞིན་མཁར་གྱི་རྩེ་ལ་བྱོན་ནས་ཁོང་གསུམ་གྱིས་ལྷ་བསངས་དཀར་པོ་སྤྲིན་འདྲ་བ་ཞིག་བཏང་སྟེ། ཁྲིམས་རྔ་ལེབ་ཆེན་བཅོ་བརྒྱད་ལ་འུར་བརྡུངས། ཁྲིམས་དུང་སྐད་པོ་རྒྱང་གྲགས་ལ་འུར་བུད། དར་འཕྱར་དུང་འབུད་པའི་སྐབས་སུ་ཕྱོགས་མཐའ་ཁག་བཞི་ནས་གླིང་གི་དཔའ་རྟུལ་རྣམས་རྟ་རྒྱུགས་སྣ་སྒྲ་ཤིག་སེ། འགྲོ་འདོད་བང་ཁ་ཕུང་སེ། འཁོར་གསུམ་ལུས་ལ་སྐོར་སེ། གོ་ཁྲབ་འཇའ་འོད་ཕུབ་སེ། དམག་དཔོན་དགྲ་དར་འཚུབ་སེ་ཁ་ཐུག་ལ་རྨ་དེལ་ཡག་སྟག་ཐང་ཁྲ་མོའི་འདུ་རྭ་གོང་མར་ལྷན་དུ་འཛོམས་པ་དང༌། གཡས་གྲལ་ཉི་མ་ཤར་འདྲ། གཡོན་གྲལ་ཟླ་བ་འཚེར་འདྲ། དཀྱིལ་གྲལ་སྐར་ཚོགས་བཀྲམས་འདྲ། ཟུར་གྲལ་ཨ་ལོང་སྒོར་འདྲ། མཐའ་བྲལ་མུ་ཏིག་དར་ལ་བརྒྱུད་འདྲ་ཞིག་བྱས་ཏེ། གྲལ་རབས་སོ་སོ་ཐམས་ཅད་དཔའ་རྟུལ་རྣམས་ཀྱིས་མནན་ནས་ཁྲ་འཁྱིལ་ལེར་བཞུགས་པའི་སྐབས། ཁ་ཤས་ཀྱིས་ཇ་མ་གཉིས་པོས་མ་འགྲིག་པ་ཨེ་ཡིན་བསམ། ཁ་ཤས་ཀྱིས་ལྷ་གོང་མས་ལུང་བསྟན་དྲག་པོ་ཞིག་བྱུང་བ་མིན་ནམ་སྙམ། དེ་ནས་ཅུང་ཟད་སོང་བའི་སྐབས་འགྲན་མེད་གེ་སར་རྒྱལ་པོས། ཡཱ་སྤྱི་དཔོན་རོང་ཚ་ཁྲ་རྒན། ཡབ་ཆེན་སེང་བློན་རི་རྒྱལ། གསེར་ཚ་དཔོན་གྱི་ཨ་ཆེན། དགའ་སྐྱ་ལོ་སྟོན་པ་རྒྱལ་མཚན་ཁྱེད་རྣམས་གླིང་གི་ཆ་ཆེན་མི་བཞི་ཡིན། ལྷ་གོང་མའི་ལུང་བསྟན་མ་གསལ་བར་དུ། མོན་གྱི་ཨ་བྲག་དྲུག་ཅུའི་ནང་ནས་ལྷོ་ཡི་ཨ་ཆུང་གེ་རུ་དང་སྨུག་ཆུང་སྒུར་རུ་གཉིས་པོས་དམག་ཁྲི་དམག་བཅོ་ལྔ་གླིང་ལ་ཕབ་པའི་ལོ་རྒྱུས་དེ་སྔ་ཚིག་སྦྲང་སྒྲ་ཙམ་ཞིག་བཤད་མ་བྱུང༌། ཁྱེད་ཚོས་དེ་གསང་དགོས་པའི་རྩ་བ་ཅི་འདྲ་ཡིན་གསུངས་ཏེ་གླུ་ཁྲོམ་ཆེན་ཟིལ་གནོན་ལ་དྲངས་ནས་གླུ་འདི་འདྲ་ཞིག་བཞེས་སོ། །
གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །གླུ་ཐེངས་གསུམ་ངག་གི་འགུགས་གླུ་རེད། །ལྷ་ཡར་མཁྱེན་ཚངས་པ་དཀར་པོ་མཁྱེན། །བར་མཁྱེན་གཉན་ཆེན་སྐུ་ལྷ་མཁྱེན། །མར་མཁྱེན་ཀླུ་རྒྱལ་གཙུག་ན་མཁྱེན། །དཔའ་དགྲ་ལྷ་ཝེར་མས་ཁ་འཛིན་མཛོད། །ལྷ་གཉན་བདག་དམར་པོས་ཁ་འཛིན་མཛོད། །ལྷ་དེ་འདྲ་ཡན་ལ་འབོད་པ་མེད། །ས་འདི་ས་ངོ་མ་ཤེས་ན། །མདོ་ཁམས་གླིང་གི་རྒྱལ་ས་དེ། །རི་བཞི་ནོར་བུ་ཁ་སྤྲོད་རེད། །ལུང་བཞི་པདྨ་འདབ་བརྒྱད་རེད། །ཆུ་བཞི་བདུད་རྩི་ཁ་སྤྲོད་རེད། །རྨ་དེལ་ཡག་སྟག་ཐང་ཁྲ་མོ་ཟེར། །སྟག་མ་ཤི་པགས་པ་བརྐྱངས་འདྲ་རེད། །འཛུམ་དྲུག་བྲག་རི་ཉིལ་འདྲ་རེད། །མི་ང་འདྲ་ང་ངོ་མ་ཤེས་ན། །སྔ་དྲོ་གསོད་པའི་ཤན་པ་ཡིན། །ཕྱི་དྲོ་འདྲེན་པའི་བླ་མ་ཡིན། །སངས་རྒྱས་སྟོང་གིས་མངགས་ལེ་ཡིན། །རྒྱ་བོད་གཉིས་ཀྱི་ནོར་བདག་ཡིན། གནམ་ས་གཉིས་ཀྱི་ཀ་བ་ཡིན། །ས་བཅུ་ཐོབ་པའི་སངས་རྒྱས་ཡིན། །འགྲོ་དྲུག་འདྲེན་པའི་བླ་མ་ཡིན། །སངས་རྒྱས་སྟོང་གི་ཕོ་ཉ་ཡིན། བདུད་ནག་འདུལ་བའི་དཔའ་བོ་ཡིན།་་་་༌།གླུ་འདི་ཡི་གླུ་ངོ་མ་ཤེས་ན། །གླུ་འདི་ལ་ཁྲོམ་ཆེན་ཟིལ་གནོན་ཟེར། །ས་ག་མ་ཡུལ་ལ་ལེན་ལེ་མིན། །མཐོ་བ་རྒྱ་ཤིང་རྩེ་ནས་ཉོན། །དམའ་བ་ཆུ་ཤིང་འགྲམ་ནས་ཉོན། །ཉོན་དང་འདྲ་མ་འདི་འདྲ་ཡོད། །གླུ་ཕ་རྒྱུད་ནམ་མཁའ་སྟོང་པའི་གླུ། །སྟོང་པའི་གླུ་ཞིག་ལེན་ལེ་མིན། །མཐོ་ནམ་མཁའ་མཐའ་དབུས་མེད་པའི་གླུ། །གླུ་མ་རྒྱུད་ཆུ་བོ་གཞུང་འཇམ་གླུ། །འཇམ་པའི་གླུ་ཞིག་ལེན་ལེ་མིན། །ཆབ་ཆུ་བོ་རྒྱུན་ཆད་མེད་པའི་གླུ། །གླུ་རང་རྒྱུད་རྩ་རླུང་འཁྲུལ་པའི་གླུ། །འཁྲུལ་པའི་གླུ་ཞིག་ལེན་ལེ་མིན། །རྩ་ལ་འགག་པ་མེད་པའི་གླུ། །རྩ་རླུང་རང་དབང་ཐོབ་པའི་གླུ། །ང་ཕོ་ལོ་ལྔ་གསུམ་བཅོ་ལྔའི་ཐོག །དགྲ་མགོ་ཡར་ཁམས་བྱང་ལ་གཏད། །བྱང་བདུད་ཀླུ་བཙན་ཐོད་མདའ་བརྒྱབ། །དགུང་ལོ་ཉི་ཤུ་རྩ་ལྔའི་ཐོག །དགྲ་སྐེད་སེར་པོ་ཧོར་ལ་གཏད། །ཧོར་བདུད་གུར་དཀར་གཉའ་སྒ་བསྟད། །འབྲུག་མོ་མ་བསྐྱུར་གླིང་ལ་འཁྲིད། །དྲིན་ཕ་མ་གཉིས་ཀྱི་ཞལ་རས་མཇལ། །དགུང་ལོ་སུམ་ཅུ་སོ་ལྔའི་ཐོག །དགྲ་འདབ་སྨུག་པོ་འཇང་ལ་གཏད། །ས་ཐམ་བདུད་ཀྱི་སྙིང་རྩ་བཅད། །ཕོ་རྒོད་པོ་ཡིན་ལུགས་དེ་འདྲ་རེད། །དགུང་ལོ་སུམ་ཅུ་སོ་དྲུག་ཐོག །ད་ལོ་དགྲ་མདའ་མོན་ལ་གཏད། །སྔ་མོ་སྔར་གྱི་དུས་ཚོད་ལ། །ལྷོ་མོན་མོན་གྱི་ས་ཆ་ནས། །ལྷོ་ཡི་ཨ་ཆུང་གེ་རུ་གཅིག །ལྷོ་ཡི་སྨུག་ཆུང་སྒུར་རུ་གཉིས། །དམག་ཁྲི་དམག་བཅོ་ལྔ་གླིང་ལ་ཕབ། །གླིང་རུ་ཁག་བཅོ་བརྒྱད་གཏོར་ནས་གདའ། །སྐྱེས་པའི་བུ་རྟ་བསད་ནས་གདའ། །བསགས་པའི་རྒྱུ་ནོར་འཕྲོགས་ནས་གདའ། །དགྲ་ལ་ལན་པོ་མ་འཕྲོད་གདའ། །ངོ་ཚ་ལེ་ཨེ་ཤེས་ཕ་ཡི་བུ།་་་་༌།མདང་སོང་མཚན་མོའི་ཐུན་གྱི་ཐོག།ང་འགྲན་མེད་གེ་སར་རྒྱལ་པོ་ལ། །ལྷ་ཚངས་པའི་ལུང་བསྟན་ཕྲན་ཙམ་བྱུང༌། །སྟག་རོང་དཔོན་པོ་ཁྲོ་ཐུང་ལ། །བྱ་དཀར་མངོན་ཤེས་མདེའུ་ཡི། །ལུང་བསྟན་བྱུང་བ་འདི་འདྲ་རེད། །ལྷ་ཆེན་ཚངས་པ་དཀར་པོ་ཡིས། །ལྷ་དམག་དུང་ཕྱུར་བཅོ་བརྒྱད་དེ། །ལྷོ་གཡས་རིའི་རྩེ་ན་ཕབ་ཡོད་གསུངས། །གཉན་ཆེན་སྐུ་ལྷ་གེར་མཛོ་ཡིས། །གཉན་དམག་དགུ་ཁྲི་དགུ་འབུམ་དེ། །ལྷོ་གཡོན་རིའི་རྩེ་ན་ཕབ་ཡོད་གསུངས། །ཀླུ་རྒྱལ་གཙུག་ན་རིན་ཆེན་གྱིས། །ཀླུ་དམག་རྒྱ་མཚོ་འཁྱིལ་འདྲ་དེ། །ལྷོ་ན་མར་གཞུང་ལ་ཕབ་ཡོད་གསུངས། །ཕབ་ནས་ཟླ་ཤས་ཕྱིན་སོང་གསུངས། །གླིང་སྒར་སྒུག་སྡོད་བྱས་ཡོད་གསུངས། །ད་མི་སྡོད་མོན་ལ་འགྲོ་གྲབས་བྱེད། །སྐྱེས་པ་ཕོ་ཡི་དགྲ་ལན་དེ། །ལོ་དགུ་སོང་ཡང་ཕྱི་ལེ་མིན། །ཟ་མ་མོ་ཡི་བཟས་ལན་དེ། །ཞག་གསུམ་སོང་ཡང་ཕྱི་ལེ་མིན། །ཟེར་བའི་གཏམ་དེ་བདེ་ལེ་རེད། །ཤར་གླིང་དཀར་ཁྲ་མོའི་ནང་བཅུད་ཀྱི། །དམག་དཔོན་རེ་རེའི་མངའ་ཞབས་ནས། །ཧྲག་བསྡུས་ཁྲི་དམག་ལྔ་རེ་སྒྲིགས། །ལས་དམག་རུ་ཤོག་ཁྲིགས་སེ་སྒྲིགས། །ཡར་ཁམས་བྱང་གི་རི་རྒྱལ་གྱི། །བྱང་ཕྱི་པའི་ཨ་བདག་ཀླུ་མོ་ལ། །ནམ་མཁའི་སྤྲིན་ལ་འཕྲིན་ཆ་བསྐུར། །དམག་འཕྲུ་ནག་ཅན་ལ་ཁྲི་དམག་ལྔ༌། །བདུད་དམག་རུ་ཤོག་ཁྲིགས་སེ་སྒྲིགས། །སེར་པོ་ཧོར་གྱི་ཤན་པ་ལ། །རོང་མི་ཚོགས་དམར་པོའི་བང་མི་གཉིས། །ནམ་ཉིན་མཚན་མེད་པར་བཤར་རེར་སོང༌། །དམག་འཕྲུ་དམར་ཅན་ལ་ཁྲི་དམག་ལྔ༌། །ཧོར་རུ་ཤོག་ལས་དམག་ཁྲིགས་སེ་སྒྲིགས། །སྨུག་པོ་འཇང་གི་རྒྱལ་ས་ཡི། །འཇང་ཕྲུག་གཡུ་ལྷ་ཐོག་སྒྱུར་ལ། །ཕྱག་དང་བང་ཆེན་འགྲོ་མི་དེ། །ལྷ་བྱ་ཁྲུང་ཁྲུང་སྤུན་གསུམ་སོང༌། །དམག་འཕྲུ་སྔོན་ཅན་ལ་ཁྲི་དམག་ལྔ༌། །ལས་དམག་རུ་ཤོག་ཁྲིགས་སེ་སྒྲིགས། །ལྷོ་རྐྱང་མོ་གདོང་གི་རི་ཟུར་ལ། །གླིང་སྒར་ལས་དམག་སྒུག་སྡོད་གྱིས། །གླིང་རྒྱལ་ཁག་བཞི་ཡི་ལས་དམག་དེ། །ལྷོ་རྐྱང་མོ་གདོང་ལ་འཛོམ་པའི་དུས། །དུས་ནར་འགྱང་མེད་པར་མོན་ལ་སྐྱོད། །ས་འཛམ་བུ་སྟག་གདོང་ཁྲ་མོ་ལ། །སྔོན་ལྷོ་སྟག་མི་བཟན་དམར་པོ་བརྟུལ། །ལྷོ་དྲུག་ཆེན་སྟག་ལ་ཁྲ་བོ་བར། །གླིང་ལས་དམག་ཐོགས་མེད་བཤར་རེ་བྱོན། །དེ་ནས་ཅི་བྱེད་རིམ་བཞིན་ལྟ། །ཡང་སྙིང་དོན་གྱི་རྡོག་ཁ་ལ། །ལྷོ་རྒྱལ་ཤིང་ཁྲི་ཆམ་ལ་འབེབས། །རྟགས་མ་ཀུན་གྱིས་ལོན་པ་དགོས། །ཁྱེད་མི་བཞིའི་ཐུགས་ལ་དེ་ལྟར་ཞོག །མ་གོ་གླུ་ལ་སྐྱོར་རྒྱུ་མེད། །ཅེས་གསུངས་པ་ལྟར་ལྷ་བྱ་རྣམས་དེ་མ་ཐག་ཏུ་འཇང་དང་ཧོར་གྱི་ཡུལ་དུ་སྐར་མདའ་བརྒྱབ་པ་ལྟར་སོང་ནས་གླིང་རྗེ་གེ་སར་རྒྱལ་པོའི་འཕྲིན་བསྐྱལ་ལོ། །
དེ་ལྟར་བརྡ་ལན་འབྱོར་བ་ལྟར་སེར་པོ་ཧོར་གྱི་ས་ཆ་ནས། དཔའ་བོ་ཤན་པ་དམར་པོ་དེ་མེ་དམར་པོ་གནམ་ལ་འཕྱུར་འདྲ་དང༌། བཙན་རྒོད་མཐོངས་ལ་འཁྱིལ་འདྲ་ཞིག་བྱས་ཏེ། ཧོར་དམག་འབུམ་ཚོ་བཅུ་གཉིས་ཀྱི་ནང་ནས་དམག་འཕྲུ་དམར་མེ་ལྕེ་འབར་འདྲ་ཁྲི་དམག་ལྔ་ཧྲག་བསྡུས་ཀྱིས་གླིང་གི་ཕྱོགས་སུ་བྱོན་ནས་གླིང་ས་མཐོང་བ་ཀུན་སྨོན་གྱི་རྩེད་ཐང་དུ་སྒར་བཏབ།
དེ་ནས་ལྷ་བྱ་ཁྲུང་ཁྲུང་གསུམ་གྱིས་འགྲན་མེད་གེ་སར་རྒྱལ་པོའི་ཕྱག་བྲིས་ཁྱེར་ནས་འཇང་གི་ཕྱོགས་སུ་སོང་བ་དང་མཉམ་དུ་འཇང་ས་སྐུ་མཁར་གཡུ་འབྲུག་འགྱིང་རྫོང་གི་རྩེར་བབས་ནས་ཏིང་ཀྲུང་ཞེས་སྐད་སྣ་ཚོགས་བརྒྱབ་པ་དེ་དཔའ་བོ་འཇང་འབྲུག་གཡུ་ལྷ་ཐོག་སྒྱུར་གྱི་རྣ་བར་ཐོས་ནས་འཇང་བཟའ་བུ་མོ་ལྷ་སྐྱིད་ལ། ཁྱེད་མཁར་གྱི་རྩེར་ཅི་ཞིག་བབས་འདུག་ལྟོས་དང་ཟེར། འཇང་བཟའ་ལྷ་སྐྱིད་ཀྱིས་གསེར་གྱི་སྐས་ཀ་འཛེགས། གཡུ་ཡི་གནམ་སྒོ་ཕྱེ་ནས་ཡར་བལྟས་པས། བྱ་དཀར་ལུག་ཙམ་ལ་སྐེ་རིང་བ་དང་མཆུ་ཏོ་རིང་བ། རྐང་པ་རིང་བ་བཅས་ཀྱི་བྱ་གསུམ་བབས་འདུག་པ་མཐོང་ནས་འཇང་བཟའ་ལྷ་སྐྱིད་ཡ་མཚན་ངང་མར་མྱུར་དུ་བྱོན་ཏེ། དཔའ་བོ་གཡུ་ལྷ་ཐོག་སྒྱུར་ལ། མཁར་གྱི་རྩེར་འཇང་ལ་མེད་པའི་བྱ་གསུམ་བབས་འདུག་དེ་ཅི་ཡིན་ནམ་ཟེར། གཡུ་ལྷས་གཡུ་ཡི་རབ་གསལ་གྱི་ཤེལ་ཁྲ་ཕྱེ་ནས་ཡར་གཟིགས་པས་བྱ་གསུམ་མཁར་གྱི་རྩེར་བབས་འདུག་པ་གཟིགས་ཏེ། ཡཱ་མ་སྒྲོལ་མ་དཀར་མོའི་ལྷ་བྱ། སྐྱ་སེང་ལྕམ་འབྲུག་མོའི་བླ་བྱ་ཁྲུང་ཁྲུང་གསུམ་བྱོན་པ་ཤིན་ཏུ་བཟང༌། སྐུ་སེང་ཆེན་རྒྱལ་པོའི་བཀའ་དང་ཕྱག་བྲིས་ཅི་འདྲ་ཡོད། གླིང་རྒྱལ་ཁག་རྣམས་ཀྱི་འགྲོ་དོན་གྱི་ལོ་རྒྱུས་ཅི་འདྲ་ཡོད་ཅེས་ཟེར་ནས། ལྷ་བྱ་ཁྲུང་ཁྲུང་གསུམ་ལ་གླུ་ཐུང་ཐུང་ཞིག་ཕུལ་ལོ། །
གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །གླུ་ཐེངས་གསུམ་ངག་གི་འགུགས་གླུ་རེད། །དུས་དེ་རིང་ལྷ་ཞིག་འབོད་ལེ་འདི། །ལྷ་གནམ་ཐེལ་བར་ཐེལ་ས་ཐེལ་གསུམ། །ལྷ་ཡར་མཁྱེན་གནམ་ཐེལ་དཀར་པོ་མཁྱེན། །ལྷ་བར་མཁྱེན་བར་ཐེལ་ཁྲ་བོ་མཁྱེན། །ལྷ་མར་མཁྱེན་ས་ཐེལ་ནག་པོ་མཁྱེན། །རང་ཕ་ཡུལ་སྐྱེས་པའི་སྐྱེས་ལྷ་རེད། །དེ་མིན་ལྷ་ཞིག་འབོད་ལེ་འདི། །ལྷ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །དུས་དེ་རིང་ཨ་ཕོའི་ཁ་འཛིན་མཛོད། །ཤར་མདོ་གླིང་བསྟན་པའི་སྲུང་མ་རྣམས། །དུས་དེ་རིང་གཡུ་ལྷའི་དཔུང་གྲོགས་མཛོད། །ལྷ་དེ་འདྲ་ཡན་ལ་འབོད་པ་མེད། །ས་འདི་ཡི་ས་ངོ་མ་ཤེས་ན། །འཇང་ཕྱི་གླིང་བར་གླིང་ནང་གླིང་གསུམ། །འཇང་ཡུལ་མཚལ་རྭ་སྨུག་པོ་ཡི། །ཕོ་བྲང་གཡུ་འབྲུག་འགྱིང་རྫོང་རེད། །སྟོད་རྒྱ་གར་ཆོས་སྒོ་མན་ཆད་ནས། །སྨད་རྒྱ་ནག་ཁྲིམས་སྒོ་ཡན་ཆད་ལ། །ཕོ་བྲང་འདི་འདྲ་དཀོན་ལེ་རེད། །ང་འདྲ་རྩ་བ་བཤད་པས་ན། །སྨུག་པོ་འཇང་གི་ས་ཆ་ལ། །ཕོ་རྒོད་པོ་དགུང་ལ་གྲགས་ལེ་དེ། །འཇང་ཕྲུག་གཡུ་ལྷ་ཐོག་སྒྱུར་ཡིན། །ལྷོ་འཛམ་བུ་གླིང་གི་མངའ་ཁོངས་ལ། །ཕོ་ང་དང་འདྲ་ལེ་རེ་གཉིས་རེད། །ཐོག་གནམ་ནས་ལྷུང་ན་ལག་པས་བཟུང༌། །ཕོ་ཐོག་སྒྱུར་ཐོག་བཟུང་དེ་ནས་བཏགས། །ང་ཕོ་ལོ་དྲུག་གསུམ་བཅོ་བརྒྱད་ཐོག།ཤར་མདོ་ཁམས་གླིང་ལ་ལོ་དགུ་བསྡད། །བྱ་ཁྱེད་འདྲ་གླིང་ལ་དར་ལེ་རེད། །དེ་རིང་ལྷ་བྱ་ཁྲུང་ཁྲུང་གསུམ། །ས་འདི་ན་བྱོན་པ་བཀའ་དྲིན་ཆེ། །ང་སྨུག་པོ་འཇང་གི་ས་ཆ་ལ། །ཚེ་སྔར་དང་ད་གཉིས་འདྲ་ལེ་མིན། །གླིང་སྐྱེས་བུའི་བཀའ་ཆོས་བཞིན་དུ་བསྒྲུབས། །ཚེ་སྔར་ལས་དར་ཞིང་རྒྱས་པ་ཡོད། །མཆོད་རྟེན་ཚ་ཚ་རྡོ་ཕུང་གསུམ། །རི་ཀླུང་མེད་པར་ཆོས་དར་བཀོན། །ཆོས་མ་ཎིས་དབྱངས་སྒྲ་གྲགས་ནས་ཡོད། །འཇང་ས་ཐམ་བདེ་སྐྱིད་ཕུན་སུམ་ཚོགས། །ཆར་ཆུ་བོ་དུས་གསུམ་བབས་ནས་ཡོད། །ཞིང་ལོ་འབྲས་རྟག་ཏུ་སྨིན་ནས་ཡོད། །ཤ་ཇ་ཆང་ལོངས་སྤྱོད་འཛད་མེད་ཡོད། །འཇང་ཡུལ་སྡེར་བདེ་སྐྱིད་འདི་འདྲ་འཛོམས། །ཁྱེད་འདབ་ཆགས་ལྷ་བྱ་ཁྲུང་ཁྲུང་གསུམ། །ས་མདོ་ཁམས་གླིང་ནས་འཇང་ལ་བྱོན། །ང་གཡུ་ལྷའི་མཁར་རྩེར་བབས་པ་བཟང༌། །ཁྱེད་རྨ་ཁམས་གླིང་གི་ས་ཆ་ཡི། །སྐུ་སེང་ཆེན་བང་ཆེན་ལོས་ཀྱང་ཡིན། །བཀྲ་ཤིས་པའི་གཏམ་བཟང་ཅི་འདྲ་ཡོད། གླིང་དཀར་མོར་བདེ་སྐྱིད་ཅི་འདྲ་ཡོད།་་་་༌།ལྷ་གོང་མའི་གནས་ཚུལ་ཅི་འདྲ་གདའ། །རྟགས་དང་ལུང་བསྟན་གང་འདྲ་ཡོད། །ཁྱེད་ལྷ་བྱ་ཁྲུང་ཁྲུང་གསུམ་པོ་དེ། །དོ་ནུབ་གཡུ་ལྷའི་མཁར་ལ་བཞུགས། །བརྒྱ་གལ་སྲིད་ལར་ནས་མ་བཞུགས་ན། །ད་ལྟ་ཉི་མའི་སྔ་དྲོ་ཡིན། །འཇང་གླིང་གཉིས་ཀྱི་ས་མཚམས་ལ། །བྱ་གཤོག་རྩལ་འདོན་དགོས་ག་ལ་ཡོད། །རྟ་གནམ་ཡག་ཉིན་སྐོར་འཁོར་ལེ་ཡིན། །ཁྱེད་ལྷ་བྱ་ཁྲུངཁྲུང་སྤུན་གསུམ་ལ། །རྒྱ་འབྲས་བཙོས་པའི་འབྲས་ཟན་གཅིག །འབྲི་བརྒྱ་བཞོས་པའི་འོ་མ་གཉིས། །འཚོ་བ་ལྷ་བྱ་གསུམ་ལ་ཕུལ། །ཐུགས་བྲེལ་བ་མ་མཛད་ལྷ་བྱ་གསུམ། །གཏམ་སྙན་པོའི་ལོ་རྒྱུས་ག་ལེར་གསུངས། །སེང་རྒྱལ་པོའི་གསུང་གཏམ་ཅི་འདྲ་ཡོད། །བཀའ་དང་ཕྱག་བྲིས་གང་འདྲ་ཡོད། །ད་རིམ་བཞིན་གཡུ་ལྷར་གསུང་བར་མཛོད། །གླུ་ཐལ་བར་སོང་ན་བཟོད་པ་བཞེས། །ངག་འཆལ་བར་སོང་ན་མཐོལ་ལོ་བཤགས། །བྱ་ཁྲུང་ཁྲུང་ཐུགས་ལ་དེ་ལྟར་ཞོག །
ཅེས་གཡུ་ལྷའི་གླུ་མཇུག་རྫོགས་པ་དང༌། ལྷ་བྱ་ཁྲུང་ཁྲུང་གསུམ་པོ་དེ་འཇམ་ཐིང་ངེར་བཞུགས་པའི་སྐབས། དཔའ་བོ་གཡུ་ལྷ་ཐོག་སྒྱུར་དང་འཇང་བཟའ་བུ་མོ་ལྷ་སྐྱིད་གཉིས་ཀྱིས་རྒྱ་འབྲས་འབྲས་ཟན་ཟངས་དཀར་གང་དང༌། འབྲི་བརྒྱ་བཞོས་པའི་འོ་མ་ཟངས་དཀར་གང༌། མཁར་གྱི་རྩེ་ལ་འཁྱེར་ཏེ་ཕུལ་པས་བྱ་གསུམ་པོ་ཐོག་གྲ་གོང་མའི་སྟེང་ནས་མར་བབས་ཏེ། རྒྱ་འབྲས་དཀར་པོ་ཕྱེད་ཙམ་བཞེས། འབྲི་བརྒྱའི་འོ་མ་ཁ་དམའ་ཙམ་མཆོད། དེ་ནས་ལྷ་བྱ་ཁྲུང་ཁྲུང་གསུམ་པོ་ཐོག་གྲ་གོང་མའི་སྟེང་ལ་ཡར་སོང་སྟེ། ཁ་གཡུ་ལྷར་གཏད་ནས་གཤོག་པ་བརྐྱངས་པ་དང༌། མཆུ་ཏོ་ཕར་བརྡར་ཚུར་བརྡར་བྱས་ནས། ཁྲུང་ཁྲུང་བར་མ་དེས། ཡཱ་ད་དམག་དཔོན་གཡུ་ལྷ་ཐོག་སྒྱུར་ལགས། ང་ལྷ་བྱ་ཁྲུང་ཁྲུང་སྤུན་གསུམ་དེ། ཁ་སང་གླིང་དཀར་གཞུང་ནས་འོངས། ད་སོང་ཁྱེད་ཀྱི་མཁར་ལ་སླེབས། ཁྱེད་ཀྱི་གཏམ་ལ་གཏམ་ལན་ཡོད། ང་ལྷ་བྱ་ཡོང་དོན་ཁྱེད་ལ་ཞུ། ཆུ་མོ་འབྲུག་གི་དབྱར་ཟླ་རྭ་བའི་ཚེས་ ༡༣ ཉིན་གྱི་དགོང་མོར། ལྷ་ཆེན་ཚངས་པའི་ལུང་བསྟན་གཅིག སེང་ཆེན་རྒྱལ་པོའི་གསུང་གཏམ་གཉིས། ང་ཁྲུང་ཁྲུང་གསུམ་པོ་བང་ཆེན་དུ་མངགས་པ་བཅས་ཀྱི་ལོ་རྒྱུས་གཡུ་ལྷར་བཤད་དེ་སེང་ཆེན་རྒྱལ་པོའི་ཕྱག་བྲིས་དེ་ཕུལ།
དེ་ནས་ཕྱག་བྲིས་ཞལ་ཁ་ཕྱེ་ནས་བལྟས་པས། འཇང་ཕྲུག་གཡུ་ལྷ་ཐོག་སྒྱུར་ལགས། དམག་འཕྲུ་སྔོན་ཅན་གྱི་ལས་དམག་ཁྲི་ལྔ་ཧྲག་བསྡུས་ཀྱིས་ལྷོ་ཡི་རྐྱང་མོ་རི་ཟུར་ལ་སྒུག་སྡོད་གྱིས། གླིང་དཀར་གྱི་ལས་དམག་ཐམས་ཅད་བཤར་རེར་སླེབས་ཡོང་ཞེས་འཁོད་པར་གསེར་ཟངས་རིན་ཆེན་འབར་བའི་ཐམ་ག་མནན་འདུག་པས། གཡུ་ལྷར་གེ་སར་ཞལ་དངོས་སུ་མཇལ་བ་དང་ཁྱད་མེད་པའི་དགའ་སྐྱིད་ཀྱིས་ལྷ་བྱ་ཁྲུང་ཁྲུང་གསུམ་པོ་ལ་ད་ལེགས་སོ་ཟེར། བྱ་ཁྲུང་ཁྲུང་གསུམ་པོ་དེས། ད་ཁྱེད་ཀྱིས་རྒྱལ་པོར་ཞུ་རྒྱུ་ཅི་ཡང་མེད་ན་ང་ཁྲུང་ཁྲུང་སྤུན་གསུམ་རང་ཡུལ་དུ་ཆས་འགྲོ་ཟེར་ནས། མགོ་སྒུར་སྒུར་ལན་གསུམ་བྱས་རྗེས་འདབ་གཤོག་བརྐྱངས་ཏེ་ཏིང་ཀྲུང་ཟེར། ཤར་གྱི་ཕྱོགས་སུ་འཕུར། འཇང་ཕྲུག་གཡུ་ལྷ་ཐོག་སྒྱུར་གྱིས་འཇང་ལས་དམག་གི་ནང་ནས་དམག་ཁྲི་ལྔ་ཧྲག་བསྡུས་བྱས་ཏེ་མྱུར་དུ་ལྷོ་ཡི་ཕྱོགས་སུ་དྲངས་ནས་རྟ་དམག་སེར་བ་ཡར་ཡར། རྐང་དམག་ཐང་ནག་འཁྱིལ་འཁྱིལ། དམག་སྣེ་ཆུ་སྣེ་ལྷུང་ལྷུང༌། དམག་རྟིང་གྲུ་གུ་ཟློག་ཟློག་ལྷོ་ཡི་རྐྱང་མོ་རི་ཟུར་ལ་སྤུངས། དེར་དཔའ་བོ་གཡུ་ལྷའི་གཡུ་གུར་རིན་ཆེན་འབར་བའི་གུར་ཆེན་ཕུབ་སྟེ་གླིང་གི་སྟོབས་ཆེན་ལས་དམག་རྣམས་སྒུག་སྡོད་བྱས་ནས་བསྡད་པར་གདའ་འོ། །
དུས་དེ་ཙམ་དུ་གླིང་གི་དཔུང་དམག་རྣམས་འཛམ་བུ་སྟག་ཚང་ཁྲ་མོར་མ་འབྱོར་ཙམ་ལ་སྟག་རོང་དཔོན་པོ་ཁྲོ་ཐུང་གིས་གཏོར་མ་དམར་གཏོར་གཅིག་དང་དཀར་གཏོར་གཅིག་བཞེངས་ཏེ་ལྷ་སྲུང་མ་བོས་ནས་ལྷོ་སྟག་མི་བཟན་དམར་པོ་གདུལ་དགོས་བསམས་ཏེ་ཡར་ཙམ་བྱོན་པ་དང༌། རྡོ་རི་གླང་ཆེན་ནག་པོ་ལངས་འདྲ་ཞིག་གི་འགྲམ་དུ་ཚེར་མ་དུག་ཚེར་མང་པོ་ཡོད་པ་དང༌། སེར་ཆེན་དང་སྟག་མ་མེ་ཏོག་ཕྲ་སྤུངས་པ་ལྟར་འདུག་པ་དེར་འབྱོར། ཁྲོ་ཐུང་གི་བསམ་པར། གནའ་སྔ་མོ་གཅན་གཟན་སྡེར་ལྔ་འདུལ་བའི་སྐབས་སྟག་གིས་ཕབ་པའི་སྡུག་པོ་མང་པོ་མྱངས། ད་སྟག་དམར་པོ་དེར་ཁ་རྩོད་ན་ཡག་པོ་ཞིག་མི་ཡོང༌། དེ་ལས་གེ་སར་རྒྱལ་བློན་རྣམས་ལ་མགོ་ཞིག་བསྐོར་དགོས་བསམས་ཏེ་ཁྲོ་ཐུང་ན་རེ། ཁྱེད་རྒྱལ་བློན་ཐམས་ཅད་གསོན་དང་ངའི་མཐུ་ལ་རྒྱང་རིང་ཐུང་ལར་ནས་མེད། ངས་སྟག་ལ་མཐུ་ཨེ་ནས་རྒྱག་ཟེར། དེར་དཔོན་འདན་མས་འཛམ་བུ་སྟག་ཚང་ཁྲ་མོའི་བླ་སྟག་མི་བཟན་དམར་པོ་གནས་སར་མ་སླེབས་པར་ཁྱོད་མཐུ་ཨེ་ནས་བརྒྱབ་སྟེ་འགྲིག་གི་ཡོད་ན། ཁྱོད་ད་ནང་སྒར་ནས་མཐུ་མི་རྒྱག་ལེ་ས་འདིར་ཡོང་དོན་ཅི་ཡིན་ཟེར། ཁྲོ་ཐུང་གིས་དེར་ལན་མ་བཏབ་པར་ཡར་ཙམ་བྱོན་ནས་རྡོ་རི་གླང་ཆེན་འདྲ་བའི་འགྲམ་དུ་ཕ་བོང་དམར་པོ་འབྲོང་གཡག་ཙམ་ཡོད་པ་དེའི་སྟེང་དུ་འབྱོར་བ་དང་ཁྲོ་ཐུང་གིས་མེ་འབུད། བསངས་བཏང༌། གཏོར་མ་དཀར་གཏོར་ལྷ་ལ་ཕུལ། དམར་གཏོར་དགྲ་ལ་བསྐྱུར། ལྷོ་སྟག་མི་བཟན་དམར་པོ་དེ་མེའི་ཚ་ངད་མི་ཐེག་པར་ཁ་དམར་མེ་ལྕེ་འབར་འདྲ། ངར་སྐད་གཡུ་འབྲུག་བསྒྲགས་འདྲ། མཆེ་བ་གངས་རི་བརྩེགས་འདྲ་ཞིག་བྱས་ནས། ཁྲོ་ཐུང་དང་མི་ཆུང་གཉིས་ཀྱི་འགྲམ་དུ་སླེབས། མི་ཆུང་མར་ཙམ་བྲོས་ནས་དུག་ཚེར་མེ་ཏོག་དམར་པོ་ཞིག་གི་འོག་ཏུ་གབ་པ་སྟག་གིས་མ་ཚོར། ཁྲོ་ཐུང་ཕྱིར་བལྟས་མེད་པར་བྲོས་པས། སྟག་གིས་ཁྲོ་ཐུང་ལ་མཐུ་རྫས་སྔགས་ཡོད་པ་ཚོར་ནས་ཁྲོ་ཐུང་རྗེས་འདེད་བྱེད་སྐབས། ཁྲོ་ཐུང་གི་ལྷམ་ཆུང་འབུར་ལན་འཇའ་ཆེན་ཤིང་གི་རྩ་ལག་ཞིག་ལ་ཐོགས་ནས་རྐང་རྗེན་མར་སོང་བ་དང༌། སྲིན་རྨོག་སྲིན་ཁྲབ་མདའ་གཞུ་སག་ཐག་དང་བཅས་པ་རིམ་བཞིན་གཡུགས་ཏེ། རྒྱ་ཤིང་མཐོ་པོ་ཞིག་གི་རྩེར་འཛེགས་ནས་སྐེད་པ་ཡོལ་ཙམ་ཞིག་ལ་སླེབས་དུས་སྟག་དམར་པོས་རྟིང་ཟིན། སྟག་གིས་ངར་སྐད་རྒྱག་ཅིང་ཤིང་སྡོང་གི་སྐེད་པ་ཙམ་ལ་སྤར་ཟིན་བརྒྱབ་པ་དང༌། མཆེ་བས་ཤིང་ལྤགས་ཐམས་ཅད་མུར་ཏེ་ཤིང་སྡོང་སྐེད་པ་ནས་གཅོག་གྲབས་བྱེད་པའི་སྐབས། ཁྲོ་ཐུང་འུ་ཐུག་ནས་སྟག་དམར་པོར་སྡིག་སྡིག་ཞིག་བྱས་ན་ཕར་ཙམ་བྲོས་རོགས་བྱས་ཨེ་ཡོང་བསམས་ཏེ་སྟག་དམར་པོར་སྡིག་སྡིག་གཏོང་བའི་གླུ་ཐུང་ཐུང་འདི་བླངས་སོང༌།
གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །ལྷ་ཡར་མཁྱེན་སྟག་ལྷ་མེ་འབར་མཁྱེན། །ལྷ་སྲིན་སྟག་ཨ་ཕོའི་གླུ་སྣ་དྲོངས། །ས་འདི་ཡི་ས་ངོ་མ་ཤེས་ན། །ལྷོ་ཡི་འཛམ་བུ་སྟག་ཚང་རེད། །ལྷོ་སྟག་མི་བཟན་གནས་ཁང་རེད། །ཕོ་ང་འདྲ་ང་ངོ་མ་ཤེས་ན། །ཕོ་རོག་སྙིང་རྫོང་མཁར་ནང་ནས། །བོན་གཡུང་དྲུང་བསྟན་པའི་བླ་མ་དེ། །ང་སྟག་རོང་ཁྲོ་རྒྱལ་རྒད་པོ་ཡིན། །མཐུ་ལ་ཧུྃ་ཤི་ཕཊ་འགྱེལ་ཡིན། །སྔགས་ལ་བྱེ་མ་རང་ཤར་ཡིན། །དེ་སྔ་བསམ་ཚུལ་གྲུབ་ལེ་ཡིན། །ད་ལོ་ཆག་སྒོ་ལག་པས་བླངས། །འབྲུ་ཁ་རིང་ཟེར་བ་ཨེ་མི་བདེན། །མི་ཁ་སྒྲ་ཆོས་གཏམ་ངན་ཕུང༌། །སྲས་མོ་མེ་ཏོག་ཕར་ཚད་རེད། །སྟག་ཁ་ལ་ཨ་ཁུ་ཤོར་ལེ་ཡོད། །གླིང་ལྷ་བུ་གེ་སར་མངོན་ཤེས་མཁྱེན། །དུས་དེ་རིང་ཁྲོ་རྒྱལ་ང་ལ་གཟིགས། །ང་སྡུག་མོ་ཨེ་ཤེས་ཕ་ཡི་བུ། །ཨ་སྡུག་གྲོད་པའི་ལྟོགས་ལུགས་ལ། །ཁ་རིང་ལག་ཟན་ཡིད་ལ་འཁོར། །ཨ་སྡུག་ཁ་ཡི་སྐོམ་ལུགས་ལ། །ཁ་རིང་ཆང་འདྲེན་མིག་ངོར་འཆར། །དུས་དེ་རིང་མེད་ལེ་སྡུག་པོ་རེད། །ལས་རྒྱུ་འབྲས་ཟེར་བ་ཨེ་མི་བདེན། །ད་ཉོན་དང་ཉོན་དང་རྒྱ་སྟག་ཁྱོད། །འོག་མ་ནས་ཧུར་ཞིག་ཡོང་བཞིན་འདུག །རྟ་རྐྱང་པོའི་ཤུ་སྒྲ་མ་རེད་ལེ། །ཁྱོད་སྲོག་ཡོད་ཡིན་ན་ཕར་ལ་བྲོས། །སྲོག་མེད་ཡིན་ན་འདི་ན་སྡོད། །ད་ཉོན་དང་ཉོན་དང་སྟག་མོ་ཁྱོད། །སྟེང་ཉི་མའི་ཀི་ཞིག་ཡོང་བཞིན་འདུག །གླིང་གེ་སར་ཀི་སྒྲ་མ་རེད་ལེ། །ཁྱོད་སྲོག་ཡོད་ཡིན་ན་ཕར་ལ་བྲོས། །སྲོག་མེད་ཡིན་ན་འདི་ན་སྡོད། །ད་ཉོན་དང་ཉོན་དང་རྒྱ་སྟག་ཁྱོད། །བར་ཕ་ནས་རླུང་ཞིག་ཡོང་བཞིན་འདུག །མཚོན་ལྟག་ཆེན་ཤུ་སྒྲ་མ་རེད་ལེ། །ཁྱོད་སྲོག་ཡོད་ཡིན་ན་ཕར་ལ་བྲོས། །སྲོག་མེད་ཡིན་ན་འདི་རུ་སྡོད། །
ཅེས་སྡིག་སྡིག་གཏོང་བའི་གླུ་ཐུང་ཐུང་ཞིག་བླངས་ཀྱང་སྟག་གིས་དེ་བས་རྫིག་རྔམ་ཆེ་བ་ཞིག་བྱས་པས། ཁྲོ་ཐུང་གི་བསམ་པར་དེ་རིང་ང་སྟག་གིས་བཟས་སོང་བསམས་ཏེ་ངུ་ཤོར་ནས་ཧུ་ཤུགས་རིང་བའི་སྐབས། རྒྱང་ཙམ་ཞིག་ལ་སྤང་མེ་ལོང་འདྲ་བ་ཞིག་འདུག་པ་དེའི་གཡས་ཟུར་ནས་དཔའ་ལ་མི་སྤྱང་དཀར་པོ་མི་རྟ་གཉིས་སྤྲིན་དཀར་རླུང་གིས་སྐྱོད་པ་བཞིན་སྐྱ་ཧྲིག་ཧྲིག་ཏུ་ཡོང་བ་མཐོང་ནས། ཡཱ་དཔའ་འགྲན་མེད་སེང་སྟག་ཨ་དོམ། སེང་ཨ་དོམ་མི་ཡི་སྤྱང་ཀི། རྟ་སྟོང་རི་ནོར་གྱི་བང་མཛོད། མཚོན་ལེབ་ཅན་མི་ཡི་བཤན་གྲི། ཨ་ཕོ་ལྷ་ཡི་ནོར་བུ་མཁྱེན། དུས་དེ་རིང་ཁྲོ་ཐུང་ཚེ་ཐར་ཐོངས། མི་བཟན་སྟག་མོ་ཆམ་ལ་ཕོབས། གསེར་སྒོར་མོ་བཅུ་ཡི་དཔའ་དར་ཡོད་ཅེས་སྐད་བརྒྱབ། དཔའ་ལ་མི་སྤྱང་དཀར་པོས། སྟག་མོར་མདའ་བརྒྱབ་ཏེ་ཁྲོ་ཐུང་ལ་རོགས་བྱས།
སྐབས་དེར་དཔའ་བོ་གཡུ་ལྷ་ཐོག་སྒྱུར་གྱིས་ཞལ་འཛུམ་པའི་སྒོ་ནས། སྟོབས་སེང་ཆེན་རྒྱལ་པོ་ང་ཡི་ནོར་བུ། ཁྱེད་ཐུགས་བཟང་ངན་མངོན་ཤེས་ཅན། ང་གཡུ་ལྷ་རང་དགའ་རང་འཛིན་བཟུང༌། དྲིན་ཕ་མས་ཁྱབ་བསྒྲགས་མ་བྱས་ཀྱང༌། ཕོ་གཡུ་ལྷ་རིག་པ་རྣོ་ལེ་རེད། འཛམ་གླིང་རི་ཆེན་རི་རྒྱུས་ཀྱི་བཤད་པ་གཡུ་ལྷ་ང་ལ་ཡོད་ཅེས་ཞུས་ནས། གཡུ་ལྷས་དཔའ་དྲུག་འགྱུར་ལ་དྲངས་ནས་གླུ་འདི་འདྲ་ཞིག་ཕུལ་ལོ། །
གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །གླུ་ཐེངས་གསུམ་ངག་གི་འགུགས་གླུ་རེད། །ལྷ་གནམ་ཐེལ་བར་ཐེལ་ས་ཐེལ་གསུམ། །ལྷ་མི་འགྱུར་འཇང་གི་ཕོ་ལྷ་རེད། །དུས་དེ་རིང་གཡུ་ལྷར་གདོང་རོགས་མཛོད། །མདོ་གླིང་བསྟན་པའི་སྲུང་མ་རྣམས། །དུས་དེ་རིང་དཔའ་བོའི་གླུ་སྣ་དྲོངས། །ས་འདི་ཡི་ས་ངོ་མ་ཤེས་ན། །ལྷོ་དུག་ཆེན་སྟག་ལ་ཁྲ་བོ་རེད། །ལ་མཐོན་པོ་གནམ་གྱི་ཀ་བ་རེད། །ལ་འདི་ལས་མཐོ་བ་ཅི་ལ་ཡོད། །ཕོ་ང་འདྲ་ང་ངོ་མ་ཤེས་ན། །འཇང་ཕྱི་གླིང་བར་གླིང་ནང་གླིང་གསུམ། །འཇང་ཡུལ་རྩྭ་རྭ་ཐང་ཆེན་གྱི། །ཕོ་བྲང་གཡུ་འབྲུག་འགྱིང་རྫོང་ནས། །དཔའ་མི་འགྱུར་གཡུ་ལྷ་ཐོག་སྒྱུར་ཡིན། །ལྷོ་འཛམ་བུ་གླིང་གི་མངའ་ཞབས་ལ། །ཕོ་ང་དང་འདྲ་བ་རེ་གཉིས་ཡིན། །གླུ་འདི་ཡི་གླུ་ངོ་མ་ཤེས་ན། །ང་དཔའ་བོའི་དཔའ་གླུ་དྲུག་གྱུར་རེད། །ད་སེང་ཆེན་ལྷ་ཡི་བླ་མ་མཁྱེན། །ཐུགས་བཟང་ངན་མངོན་ཤེས་ཁྱེད་ཀྱིས་མཁྱེན། །ཞུ་མི་དགོས་འཛམ་གླིང་ཀུན་ལ་ཁྱབ།་་་་༌།དང་པོ་རི་ཞིག་མཐོང་ལེ་གདའ། །མ་ཇོ་མོ་ཞྭ་སེར་གྱོན་འདྲ་དེ། །ཨ་མ་ཇོ་མོ་ལྷ་རི་རེད། །དེ་ནས་རི་ཞིག་མཐོང་ལེ་གདའ། །བྱ་རྨ་བྱའི་སྒྲོ་གུར་ཕུབ་འདྲ་དེ། །བལ་པོའི་ཚེ་རིང་སྤྱན་ལྔ་རེད། །དེ་ནས་རི་ཞིག་མཐོང་ལེ་གདའ། །ཚེས་གསུམ་ཟླ་བ་ཚེས་འདྲ་དེ། །འབྲུག་པའི་གནམ་ལྕགས་ཐོག་འབེབས་རེད། །དེ་ནས་ལྟད་མོ་ཡ་ལ་གཟིགས། །སྟོད་ཡ་ན་རི་ཞིག་མཐོང་ལེ་གདའ། །གངས་རྩེ་གསུམ་མཎྜལ་ཕུལ་འདྲ་དེ། །སྟོད་ཀྱི་རི་རྒྱལ་གངས་རི་རེད། །དེ་ནས་ལྟད་མོ་མ་ལ་གཟིཌ། །མདའ་དར་གནམ་ལ་ཕྱར་འདྲ་དེ། །ཡར་ཀླུང་ཡར་ལ་ཤམ་འབུར་རེད། །དང་པོ་རི་ཞིག་མཐོང་ལེ་གདའ། །བཞི་ལྷ་ཚོགས་ཆེན་བསྒྲིགས་འདྲ་དེ། །བོད་ཀྱི་རི་ཆེན་བཞི་པོ་རེད། །དེ་ནས་རི་ཞིག་མཐོང་ལེ་གདའ། །ཨ་མཆོད་རྡེའུ་བརྒྱ་བསགས་འདྲ་དེ། །སྐུ་ཡོན་མ་རག་བསྒུགས་འདྲ་དེ། །དྭགས་པོའི་དྭགས་ལ་སྒམ་པོ་རེད། །དེ་ནས་རི་ཞིག་མཐོང་ལེ་གདའ། །སྨན་བུ་མོས་བུ་སྐྱེས་པང་འདྲ་དེ། །གཞི་བདག་གཉན་བཙན་སྡེ་མོ་རེད། །དེ་གཤམ་རི་ཞིག་མཐོང་ལེ་གདའ། །བན་སེར་པོ་ཟླ་གམ་གྱོན་འདྲ་དེ། །ལྷ་རི་རྩེ་མོ་རྩེ་བརྒྱད་རེད། །དེ་ནས་རི་ཞིག་མཐོང་ལེ་གདའ། །མདུང་བ་དན་གནམ་ལ་བསླངས་འདྲ་དེ། །ཁྲོ་བོ་གནམ་ལྕགས་འབར་བ་རེད། །དེ་ནས་རི་ཞིག་མཐོང་ལེ་གདའ། །མཁར་ལ་རྒྱལ་མཚན་བཙུགས་འདྲ་དེ། །ལྷོ་ཡི་རོང་ལྷ་རྒྱལ་མཚན་རེད། །ད་ལྟད་མོ་བྱང་གི་ཕྱོགས་ལ་གཟིགས། །བྱང་ཕ་ན་རི་ཞིག་མཐོང་ལེ་གདའ། །དམག་དཔོན་དགྲ་དར་ཕྱར་འདྲ་དེ། །སྟག་རྒོད་དར་དམར་ཆེ་བདུན་རེད། །དེ་གཤམ་རི་ཞིག་མཐོང་ལེ་གདའ། །རྒྱལ་པོ་ཁྲི་ལ་འཁོད་འདྲ་དེ། །བྱང་གི་གཉན་ཆེན་ཐང་ལྷ་རེད། །དེ་ནས་ལྟད་མོ་མ་ལ་གཟིགས། །དང་པོ་རི་ཞིག་མཐོང་ལེ་གདའ། །ནོར་བུ་པང་ལ་བཟུང་འདྲ་དེ། །ན་ཤོད་ནགས་རྭ་འཛོམས་པ་རེད། །དེ་ནས་རི་ཞིག་མཐོང་ལེ་དེ། །དཔའ་དགྲ་ལྷའི་ལྷ་ཚོགས་སྤུངས་འདྲ་དེ། །སྲབ་བུའི་མགོན་ལྷ་དཀར་པོ་རེད། །དེ་ནས་རི་ཞིག་མཐོང་ལེ་གདའ། །དྲེད་མོང་རལ་པ་ཟིང་འདྲ་དེ། །སོག་རི་གཡའ་ལ་སེར་པོ་རེད། །དེ་ནས་རི་ཞིག་མཐོང་ལེ་གདའ། །གུར་དཀར་རྒྱ་གུར་ཕུབ་འདྲ་དེ། །ཧོར་གུར་དཀར་དཔའ་ལུ་རྩེ་བརྒྱད་རེད། །དེ་ནས་རི་ཞིག་མཐོང་ལེ་གདའ། །བྲག་དམར་དམར་གཏོར་བཞེངས་འདྲ་དེ། །ཧོར་ཤན་པའི་ལྕོག་ལ་མཚར་རྩེ་རེད། །དེ་ནས་རི་ཞིག་མཐོང་ལེ་གདའ། །རྫ་རི་བྱ་ནག་བབས་འདྲ་དེ། །ཧོར་གུར་ནག་རྫ་རི་རྔམ་ཆེན་རེད། །དེ་ནས་རི་ཞིག་མཐོང་ལེ་གདའ། །གསེར་རྔ་གནམ་ལ་ཕྱར་འདྲ་དེ། །གུར་སེར་སྤང་རི་རྔམ་ཆེན་རེད། །དེ་ནས་རི་ཞིག་མཐོང་ལེ་གདའ། །གཡག་སེར་པོ་ལ་མོ་བརྒྱབ་འདྲ་དེ། །ཧོར་གྱི་གཡག་ལ་སེར་པོ་རེད། །དེ་ནས་ལྟད་མོ་ཕ་ལ་གཟིགས། །དང་པོ་རི་ཞིག་མཐོང་ལེ་གདའ། །ཕ་བླ་མ་ཚེ་བུམ་བཟུང་འདྲ་དེ། །གེར་བཙུན་རི་དམར་དབང་གཞུ་རེད། །གཡས་རི་དར་དཀར་བཤམས་འདྲ་དེ། །རྨ་ལྷ་རི་ས་མ་ཡོན་ཏན་རེད། །གཡོན་རི་ཚེར་མ་སྤུངས་འདྲ་དེ། །ཨ་མྱེས་དམར་ཆེན་སྤུངས་འདྲ་རེད། །མདུན་རི་ནོར་བུ་བཙུགས་འདྲ་དེ། །འབྲུ་དགའ་བདེའི་སྒྱོགས་རི་སྨུག་པོ་རེད། །རི་དེ་ཚོའི་ཆགས་ལུགས་འདི་འདྲ་རེད། །དེ་ནས་ལྟད་མོ་ཡ་ལ་གཟིགས། །བུ་སྤུན་གསུམ་དགྲ་ལ་ཕྱིན་འདྲ་དེ། །དགྲ་མ་ཐུབ་ཕྱིར་བགྲོད་བརྒྱབ་འདྲ་དེ། །སྔོ་ཞོད་མཐོང་དྲུག་སྤུན་གསུམ་རེད། །མ་མཁའ་འགྲོའི་ཚོགས་འཁོར་བཤམས་འདྲ་དེ། །ཁྱུང་པོ་རི་བོ་རྩེ་དྲུག་རེད། །དེ་ནས་ལྟད་མོ་མ་ལ་གཟིགས། །དང་པོ་རི་ཞིག་མཐོང་ལེ་གདའ། །སྨན་བུ་མོ་ཆུ་ཟོམ་ཁུར་འདྲ་དེ། །ཁུར་ནས་ཕྱིར་བལྟས་བསློགས་འདྲ་དེ། །ང་ཤེ་ཨོང་ལ་ཨོང་སྒྲོན་རེད། །དེ་ནས་ལྟད་མོ་མ་ལ་གཟིགས། །དྲེལ་སྨུག་ཆུང་ཤོག་ཇ་ཁུར་འདྲ་དེ། །ཇ་ལོག་ཡ་ཕབ་ནས་བཞག་འདྲ་དེ། །ཚྭ་ཡེ་རྡོ་རྗེ་ཁྲི་དཀར་རེད། །དམར་གཏོར་མར་གྱིས་བརྒྱན་འདྲ་དེ། །རོང་བཙན་ཁ་བ་དཀར་པོ་རེད། །དེ་ནས་རི་ཞིག་མཐོང་ལེ་གདའ། །བུ་མཆོར་པོས་གའུ་བཏགས་འདྲ་དེ། །གནས་པོ་རི་ཁྲོད་གཡང་ལྡན་རེད། །རྡོ་རྗེ་གནམ་ལ་བསླངས་འདྲ་དེ། །ས་ཡི་རྡོ་རྗེ་རྩེ་དགུ་རེད། །དེ་ནས་ཤར་གྱི་ཕྱོགས་ལ་གཟིགས། །ཤར་ཡ་ན་རི་ཞིག་མཐོང་ལེ་གདའ། །མ་མཁའ་འགྲོ་རི་ལྔ་གྱོན་འདྲ་དེ། །རྒྱ་ནག་རི་བོ་རྩེ་ལྔ་རེད། །དེ་ནས་རི་ཞིག་མཐོང་ལེ་གདའ། །གླང་རོག་པོ་མཐོངས་ནས་འགྱིངས་འདྲ་དེ། །རྒྱ་ནག་གླང་ཆེན་འགྱིངས་རི་རེད། །དེ་ནས་ལྟད་མོ་ཡ་ལ་གཟིགས། །ཡར་གཟིགས་དང་ལྟད་མོ་ཨེ་འདྲ་གདའ། །སྟོད་ཡ་ན་རི་ཞིག་མཐོང་ལེ་གདའ། །གངས་རྩེ་གསུམ་མཎྜལ་ཕུལ་འདྲ་དེ། །རྩྭ་རི་དག་པ་ཤེལ་རི་རེད། །གཡག་ག་པས་ཕྱི་བལྟས་བསློགས་འདྲ་དེ། །རྩྭ་རི་ལྷ་གཡག་ག་པ་རེད། །དེ་ནས་ལྷོ་མོན་མོན་ལ་གཟིགས། །རྟ་གྭ་མས་གྭ་མ་ཁྲིད་འདྲ་དེ། །ལྷོ་ཡི་སྦ་རི་སྨྱུག་རི་རེད། །དེ་གཤམ་རི་ཞིག་མཐོང་ལེ་དེ། །བྲག་དམར་སྲིན་པོ་ཁྲོས་འདྲ་དེ། །སྲིན་པོ་གདོང་དམར་རི་ཁྲོས་རེད། །ཐེའུ་རངས་བླ་མའི་རྒྱབ་རི་རེད། །དེ་ནས་རི་ཞིག་མཐོང་ལེ་གདའ། །ཁྲ་རྒན་ཉི་མ་ལྡེ་འདྲ་དེ། །ལྷོ་ཡི་ཁྲ་གཡག་གེར་བཙུན་རེད། །དེ་ནས་རི་ཞིག་མཐོང་ལེ་གདའ། །མ་སྲུ་ཆང་རྫ་པང་འདྲ་དེ། །ལྷོ་ཡི་ཨ་འབུམ་རྩེ་བརྒྱད་རེད། །དེ་ནས་རི་ཞིག་མཐོང་ལེ་དེ། །ཤིང་ཏ་ལའི་གུར་ཆེན་ཕུབ་ས་རེད། །ཤིང་ཏ་ལའི་གུར་ཆུང་ཕུབ་ས་རེད། །མཐོ་ཨ་སྔོན་དུ་ལམ་ལྷང་ས་དེ། །རྫོང་བཙན་པོ་སྟོང་རི་གནམ་རྫོང་རེད། །བདུད་དགའ་རབ་དབང་ཕྱུག་ཕོ་བྲང་རེད། །དེ་ནས་རྒྱལ་པོ་མ་ལ་གཟིགས། །རྒྱ་ཟམ་དར་སྐུད་བརྐྱངས་འདྲ་དེ། །ལྷོ་ཡི་ཉག་མ་གསེར་ཟམ་རེད། །ཟམ་མ་གིར་ཐར་བ་ཁག་པོ་ཡིན། །ཆུ་མར་བབས་ལྷོ་ཆུ་སྔོན་པོ་དེ། །ཆུ་རྦ་ཆེན་རི་ཆེན་འགྲིལ་འགྲིལ་རེད། །རྦ་ཆུང་རི་ཆུང་འགྲིལ་འགྲིལ་རེད། །ཆུ་མ་གིར་རབ་ཁ་གསུམ་ཙམ་ཡོད། །རབ་ཁ་ཆོད་པ་དཀའ་མོ་ཡིན། །རབ་གང་ཆོད་རིམ་བཞིན་བལྟས་པས་ཆོག །དེ་རིང་གླིང་དཀར་འབབ་ས་དེ། །ལྷོ་ནགས་ཆེན་རྩྭ་རྭ་སྨུག་ཐང་ཡིན། །གླིང་ལྷ་དམག་སྒར་རྭ་དེ་ན་སྒྲིགས། །སང་གི་ཉི་མའི་སྔ་ཤར་དུ། །གར་འགྲོ་གཡུ་ལྷས་བལྟས་པས་ཆོག །སེང་ཆེན་ནོར་བུ་རིན་པོ་ཆེ། །ལྷོ་ཡི་སྐུ་ལྷ་ཐོག་རྒྱལ་དེ། །ལྷོ་འཛམ་བུ་གླིང་ལ་གྲགས་ལེ་རེད། །དགྲ་བཙན་དང་ཟེར་ནས་མི་འཐབ་ལེ། །བུ་རུལ་དང་ཟེར་ནས་མི་གསོ་ལེ། །ད་ཐབས་དང་ཤེས་རབ་གང་འདྲ་ཞིག །ཁྱེད་རྒྱལ་པོའི་ཐུགས་ལ་འདི་ལྟར་བཞེས། །གླུ་ཐལ་བར་སོང་ན་བཟོད་པར་བཞེས། །ངག་འཆལ་བར་སོང་ན་མཐོལ་ལོ་བཤགས། །
ཞེས་རི་བཤད་ཀྱི་གླུ་མཇུག་རྫོགས་པ་དང༌། གླིང་གི་དཔུང་ཆེན་ལས་དམག་རྣམས་རིམ་བཞིན་ལྷོ་ཡི་ནགས་ཆེན་རྩྭ་རྭ་སྨུག་ཐང་དུ་སྤུངས་ཏེ་སྒར་འགོ་སྐར་ཚོགས་བཤམས་འདྲ། སྒར་དཀྱིལ་གངས་རི་སྤུངས་འདྲ། སྒར་འདབ་གཡུ་མཚོ་འཁྱིལ་འདྲ། རླུང་ལ་རླུང་དམར་འཚུབ་འཚུབ། ཆུ་ལ་ཟིལ་རླབས་འཕྱུར་འཕྱུར། ཤིང་ལ་ཤིང་སྙིགས་འགྲམ་འགྲམ་ཁྲ་འཁྱིལ་ལེར་སྒར་བཏབ་ནས་བཞུགས་པར་གདའོ། །

གླེང་བརྗོད།

སྔོན་མ།
བཀའ་ཁྲིས་བོད་ཀྱི་ཚིག་མཛོད་དབུ་འབྱེད་གནང་།
ཕྱི་མ།
མོན་གླིང་གཡུལ་འགྱེད། (ཚན་པ་གཉིས་པ)
Menu