ཟླ་རེའི་གསར་འགྱུར།

ཚན་རིག་དགེ་རྒན་རྣམས་ལ་ལས་ཐོག་ཟབ་སྦྱོང་གོ་སྒྲིག་གནང་བ།

གསར་འཕྲིན།

༄༅། །བོད་མིའི་སློབ་གྲྭ་ཁག་གི་གཞི་རིམ་བར་མའི་ཚན་རིག་དགེ་རྒན་རྣམ་པའི་ཆེད་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་ལས་ཐོག་ཟབ་སྦྱོང་ཞིག་ཧི་མཱ་ཅལ་མངའ་སྡེའི་པཱ་ལམ་པུར་ས་གནས་སུ་རྟེན་གཞི་བྱས་པའི་ཨ་ཝིཤ་ཀཱར་ཚན་རྩིས་དང་སྒྲུ་རྩལ་བསྟི་གནས་ཁང་དུ་ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༡༨ ནས་ ༢༢ བར་གྲངས་ཉིན་ལྔའི་རིང་ལས་ཐོག་ཟབ་སྦྱོང་ཞིག་གོ་སྒྲིག་ཞུ་བཞིན་ཡོད།

དེ་ཡང་ཐེངས་འདིའི་ཟབ་སྦྱོང་ནི་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཚན་རིག་ཤེས་ཡོན་འགན་འཛིན་ནས་འབྲེལ་མཐུད་ཀྱིས་ཨ་ཝིཤ་ཀཱར་གྱི་ཁྱད་སྟོན་མི་སྣ་སྐུ་ཞབས་ཤཱ་རཱཏ་ཤར་མཱ (Mr Sharat Sharma) ལགས་དང་ཁོང་གི་ལྕམ་སྐུ་སྐྱེས་མ་སཱནྡྱ་གུཔྟཱ་ (Mrs Sandhya Gupta) ལགས་རྣམ་གཉིས་ཀྱིས་གཙོ་སྐྱོང་ཟབ་ཁྲིད་གནང་བཞིན་ཡོད། ཟབ་སྦྱོང་གི་དབུ་བྱེད་མཛད་སྒོར་ཤེས་རིག་ཚན་རིག་ཤེས་ཡོན་འགན་འཛིན་རྡོ་རྗེ་དབང་འདུས་ལགས་ཀྱིས་དགེ་རྒན་གི་ཤེས་ཡོན་སློབ་གསོ་དང་འབྲེལ་ཁྱད་ལས་ཡར་རྒྱས་ཀྱི་གལ་གནད་སྐོར་འགྲེལ་བརྗོད་གནང་བ་དང་། དེང་སྐབས་ཀྱི་འཕོ་འགྱུར་ཆེ་བའི་ཤེས་ཡོན་སློབ་གསོའི་ལམ་ལུགས་ནང་དགེ་རྒན་ནི་འཕོ་འགྱུར་དེ་དག་ནང་མེད་དུ་མི་རུང་བའི་མ་ལག་ཅིག་དང་། ཤེས་ཡོན་སློབ་གསོ་གོང་འཕེལ་སླད་དུས་དང་གནས་སྐབས་གང་འདྲ་ཞིག་གི་ནང་དུའང་དགེ་རྒན་གྱི་ལས་འགན་ནི་རླབས་ཆེན་ཞིག་ཏུ་ངོས་འཛིན་དང་དགེ་རྒན་ནས་ཀྱང་དུས་སྐབས་དང་འཚམས་པའི་རང་ཉིད་ཀྱི་ཤེས་ཡོན་སློབ་གསོའི་ཁྱད་ལས་ཡར་རྒྱས་གཏོང་དགོས་རྒྱུ་ནི་ཤིན་ཏུ་ནས་གལ་གནད་ཅན་ཞིག་ཡིན།

བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ནང་དུ་དགེ་རྒན་གྱི་སྤུས་ཚད་ཐོག་སྟངས་འཛིན་དང་དགེ་རྒན་རང་ཉིད་ཀྱི་ཁྱད་ལས་གོང་འཕེལ་སླད་ལས་ཐོག་ཟབ་སྦྱོང་ལ་འཛུལ་ཞུགས་དགོས་པའི་གཏན་འབེབས་ཡོད་པ་བཞིན་ད་རེས་གཏན་ཉིན་སློབ་གྲྭ་ཁག་ ༡༨ ནས་ཚན་རིག་དགེ་རྒན་ ༡༨ ཙམ་ཟབ་སྦྱོང་དུ་བཅར་ཡོད་པ་མ་ཟད། དགེ་རྒན་མང་ཆེ་བ་ལ་དེ་ལྟ་བུའི་དགེ་རྒན་གྱི་ཆེད་ལས་དང་འབྲེལ་བའི་ལས་ཐོག་ཟབ་སྦྱོང་ཐོག་མ་ཆགས་ཀྱི་ཡོད་འདུག

ལས་ཐོག་ཟབ་སྦྱོང་འདིའི་དགོས་དམིགས་གཙོ་བོ་ནི། དགེ་རྒན་རྣམ་པས་སློབ་ཁྲིད་སྐབས་གསར་གཏོད་དང་ཐབས་ལམ་སྣ་ཚོགས་ཀྱིས་སློབ་ཁྲིད་ཀྱི་དཔྱད་ཞིབ་བློ་ངོ་སྐྱེ་འཕེལ་ཡོང་ཐབས་དང་། སློབ་ཕྲུག་གི་ལུས་སེམས་གཉིས་པོ་སློབ་སྦྱོང་བྱེད་སྒོའི་ནང་ཇི་ལྟར་འཇུག་ཐུབ་ཐབས་སོགས་ཀྱི་སྐོར་རེད་འདུག

ཕྱི་ཚེས་ ༢༠ ཉིན་དཔལ་ལྡན་དགའ་ལྡན་ཕོ་བྲང་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་དགེ་ཤེས་བློ་བཟང་མཁས་མཆོག་ལགས་བསྟི་གནས་ཁང་དུ་ཆེད་ཕེབས་ཀྱིས་དགེ་རྒན་རྣམས་ལ་༼   ནང་པའི་ཚན་རིག་དང་ལྟ་འགྲུབ་ཀུན་བཏུས། ༽ ཞེས་པའི་དཔེ་དེབ་ངོ་སྤྲོད་གནང་བ་དང་དགེ་རྒན་རྣམ་པའི་དོགས་དྲི་ཁག་ལ་ལན་འདེབས་དང་།ཚན་རིག་དགེ་རྒན་རྣམས་ལ་གོང་འཁོད་དཔེ་དེབ་རེ་ཤེས་རིག་ལས་ཁུངས་ནས་བགོ་འགྲེམས་གནང་ཡོད།

ད་རེས་ཀྱི་ཟབ་སྦྱོང་འདི་ནི་ཨ་རིའི་རོགས་ཚོགས་ཀྱིས་བོད་ཀྱི་ཐེབས་རྩ་བརྒྱུད་མཐུན་འགྱུར་རོགས་རམ་གནང་།

སྔོན་མ།
སློབ་ཡོན་འགེངས་ཤོག་དུས་ཚེས་ཕར་འགྱངས་གསལ་བསྒྲགས།
ཕྱི་མ།
ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་གོ་རྟོགས་ལམ་རིམ་དབུ་འཛུགས་གནང་བ།
Menu