ཟླ་རེའི་གསར་འགྱུར།

ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་གོ་རྟོགས་ལམ་རིམ་དབུ་འཛུགས་གནང་བ།

གསར་འཕྲིན།

༄༅། །ཤེས་རིག་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག་ཤེས་རིག་ལས་ཁུངས་ཀྱི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་རྒྱུས་སྟོན་པ་དགེ་བཤེས་ལྷ་རམས་པ་ཡེ་ཤེས་རྒྱལ་མཚན་ལགས་ཀྱིས་རྒྱ་གར་བྱང་ཕྱོགས་ཁུལ་གྱི་སློབ་གྲྭ་ཁག་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་གོ་རྟོགས་ལས་རིམ་འགོ་འཛུགས་ཞུས་ཡོད།

དེ་ཡང་ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༡༨ ཉིན་དྷ་ས་མེག་གྷན་བོད་ཁྱིམ་ཉིན་སློབ་ཀྱི་དགེ་རྒན་དང་སློབ་ཕྲུག་རྣམས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་རྒྱབ་ལྗོངས་ལོ་རྒྱུས་དང་། དེའི་གལ་གནད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ། སློབ་ཕྲུག་གི་ཉིན་རེའི་འཚོ་བ་དང་། སེམས་ཁམས། གནས་ཚད་ལ་དཔགས་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གནང་དགོས་པ་སོགས་ཀྱི་སྐོར་གསུང་བཤད་གཟབ་རྒྱས་དང་དྲི་བར་བཀའ་ལན་གནང་གྲུབ་རྗེས་འཛིན་ཁང་སོ་སོར་རྟོག་ཞིབ་གནང་།ཐོག་མར་ཕྱི་ལོ་ ༢༠༡༧ ལོར་དགའ་ལྡན་བྱང་རྩེའི་དགེ་བཤེས་ལྷ་རམས་པ་ཡེ་ཤེས་རྒྱལ་མཚན་ལགས་ཀྱིས་རྒྱ་གར་གྱི་མཐོ་སློབ་དང་། མཐོ་སློབ་འགྲིམ་བཞིན་པའི་བོད་པའི་སློབ་ཕྲུག་རྣམས་ལ་གོ་རྟོགས་ལས་རིམ་སྤེལ་བ་དང་།

ཕྱི་ལོ་ ༢༠༡༨ ནས་བཟུང་དགེ་བཤེས་ཁོང་ཤེས་རིག་ལས་ཁུངས་ཀྱི་ཆོས་ལུགས་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་རྒྱུས་སྟོན་པར་བསྐོ་གཞག་གནང་སྟེ། རྒྱ་གར་དང་བལ་ཡུལ་དུ་ཡོད་པའི་བོད་པའི་གཞིས་ཆགས་དང་སློབ་གྲྭ་ཁག་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་གོ་རྟོགས་གསུང་བཤད་ཐེངས་ ༥༧ སྤེལ། སྐབས་དེར་སློབ་གྲྭ་ཁག་ནས་རྒྱུས་སྟོན་པ་སློབ་གྲྭ་རེ་རེའི་ནང་དུས་ཡུན་རིང་ཙམ་བཞུགས་རྒྱུའི་དགོངས་ཚུལ་ཤུགས་ཆེ་བྱུང་སྟབས། ཕྱི་ལོ་ ༢༠༡༩ ལོར་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་སློབ་ཁག་ནང་ཟླ་བ་གསུམ་རིང་གོ་རྟོགས་གང་ཟབ་སྤེལ་ཡོད། ཕྱི་ལོ་ ༢༠༢༠ ལོ་ནས་ཏོག་དབྱིབས་གཉན་རིམས་ ༡༩ རྐྱེན་པས། བྱང་ཕྱོགས་ཀྱི་སློབ་གྲྭ་ཁག་ཏུ་ཕེབས་ཐུབ་མེད་སྟབས། ཐེངས་འདིའི་གོ་རྟོགས་ཀྱི་ལས་རིམ་དེ་བྱང་ཕྱོགས་ཁུལ་གྱི་སློབ་གྲྭ་ཁག་ལ་གཏན་ཁེལ་བ་བཅས། །

སྔོན་མ།
ཚན་རིག་དགེ་རྒན་རྣམས་ལ་ལས་ཐོག་ཟབ་སྦྱོང་གོ་སྒྲིག་གནང་བ།
ཕྱི་མ།
ཤེས་རིག་ལས་ཁུངས་ནས་བེལ་ཇི་ཡམ་ཆོས་རིག་འཛིན་སྐྱོང་ཁང་གི་ཁྱབ་ཁོངས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་དགེ་རྒན་རྣམས་ལ་ཟབ་སྦྱོང་ལེགས་གྲུབ་ཟིན་པ།
Menu