ཟླ་རེའི་གསར་འགྱུར།

འཇོན་རྩལ་གཞིར་བཞག་གི་དཔྱད་ཞིབ་གནང་ཕྱོགས་ཀྱི་ཟབ་སྦྱོང་ལེགས་པར་མཇུག་སྒྲིལ་བ།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་སྦེལ་ཀོབ་སེར་བྱེས་ཡིད་དགའ་ཆོས་གླིང་དུ་ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༡༧ ནས་ ༡༩ བར་ཉིན་གྲངས་གསུམ་རིང་ཕྱི་ལོ་ ༢༠༢༠ ལོའི་རྒྱ་གར་རྒྱལ་ཡོངས་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལྟར་འཇོན་རྩལ་གཞིར་བཞག་གི་དཔྱད་ཞིབ་གནང་ཕྱོགས་ཀྱི་ཟབ་སྦྱོང་ཚོགས་ཡོད་པ་དང་། ཐེངས་འདིའི་ཟབ་སྦྱོང་ནང་རྒྱ་གར་ལྷོ་དབུས་ཁུལ་གྱི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ ༡༥ དང་ལྷོ་ཕྱོགས་སྦེལ་ཀོབ་ཀྱི་དགོན་སྡེའི་སློབ་གྲྭ་གཉིས་བཅས་ཀྱི་དགེ་རྒན་གྲངས་ ༢༩ མཉམ་ཞུགས་གནང་ཡོད།

དེ་ཡང་ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༡༧ ཉིན་འཇོན་རྩལ་གཞིར་བཞག་གི་དཔྱད་ཞིབ་གནང་ཕྱོགས་ཀྱི་ཟབ་སྦྱོང་དབུ་འབྱེད་མཛད་སྒོ་དེ་བཞིན་སེར་བྱེས་ཡིད་དགའ་ཆོས་གླིང་དུ་ཚོགས་ཡོད། དབུ་འབྱེད་མཛད་སྒོར་ཤེས་རིག་དེང་སྲོལ་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས། ཤེས་རིག་ལས་ཁུངས་ཀྱི་ངོས་ནས་དགེ་རྒན་ཆེད་ལས་ཡར་རྒྱས་སླད་ཟབ་སྦྱོང་རབ་དང་རིམ་པ་གནང་བའི་སྐོར་དང་། ལྷག་པར་དགེ་རྒན་གྱི་འཇོན་རྩལ་གཞིར་བཞག་གི་དཔྱད་ཞིབ་གནང་ཕྱོགས་ཀྱི་ཟབ་སྦྱོང་གི་རྒྱབ་ལྗོངས་སྐོར་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས་སྦེལ་ཀོབ་ལུགས་ཟུང་བསམ་གླིང་གི་ས་གནས་འགོ་འཛིན་བློ་བཟང་ཡེ་ཤེས་ལགས་ཀྱིས་སློབ་ཁྲིད་ཀྱི་གལ་གནད་དང་། དགེ་རྒན་རྣམ་པས་སེམས་པ་བཟང་པོ་དང་སྙིང་རྗེའི་ཀུན་ནས་བསླངས་ཏེ་སློབ་ཕྲུག་རྣམས་ལ་སློབ་ཁྲིད་གནང་དགོས་པ་མ་ཟད། སློབ་ཕྲུག་ཚོར་མིག་དཔེ་བཟང་པོ་སྟོན་དགོས་པའི་གལ་གནད་སོགས་ཀྱི་སྐོར་གསུངས་ཡོད།

ཟབ་སྦྱོང་གི་ཉིན་མཐའ་མར་ཁྱད་སྟོན་མི་སྣ་དང་མཉམ་ཞུགས་པ་ཡོངས་ལ་ཉིན་གུང་གི་ཕེབས་སྐྱེལ་གསོལ་ཚིགས་ཤིག་གོ་སྒྲིག་གནང་ཡོད། ཤེས་རིག་དེང་སྲོལ་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཟབ་སྦྱོང་སྐབས་ཁྱད་སྟོན་མི་སྣ་དང་མཉམ་ཞུགས་པ་རྣམས་ཀྱིས་དོན་ཕན་ལྡན་པའི་སྒོ་ནས་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་མཉམ་ཞུགས་པ་རྣམས་སོ་སོའི་སློབ་གྲྭར་ཕྱིར་ལོག་ཕེབས་རྗེས་ཕྱག་རོགས་རྣམས་ལ་ཟབ་སྦྱོང་སྐབས་སྦྱངས་པའི་ཉམས་མྱོང་རྣམས་སྤེལ་རེས་གནང་དགོས་པའི་འབོད་སྐུལ་ཞུས་གནང་ཡོད། མཉམ་ཞུགས་པ་རྣམས་ཀྱི་ལེགས་སྤེལ་ཉེས་འགོག་གི་དགོངས་ཚུལ་རྣམས་བསྡུ་རུབ་གནང་ཡོད།

ཤེས་རིག་ཤེས་ཡོན་སྡེ་ཚན་གྱི་འབྲེལ་ཡོད་ལས་བྱེད་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་དེང་སྲོལ་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ལ་ཟབ་སྦྱོང་གོ་སྒྲིག་གནང་རོགས་དང་། ཨ་རིའི་རོགས་ཚོགས་ (USAID) ཞེས་པས་ཉིན་གྲངས་གསུམ་རིང་གི་ཟབ་སྦྱོང་ཆེད་དུ་འགྲོ་གྲོན་གྱི་མཐུན་འགྱུར་གནང་ཡོད་པ་བཅས།།

སྔོན་མ།
ཇེ་ཨེན་ཡུ་གཙུག་ལག་སློབ་གཉེར་ཁང་དུ་བོད་ཕྲུག་སློབ་མ་རྣམས་ཀྱི་སློབ་དོད་རྒྱ་གར་སློབ་ཕྲུག་རྣམས་དང་གཅིག་མཚུངས་ལྟར་དགོངས་བཞེད་གནང་བ།
ཕྱི་མ།
ཤེས་རིག་ལས་ཁུངས་ནས་སྔོན་འགྲོའི་དགེ་རྒན་རྣམས་ལ་ཟློས་གར་དང་སྒྲུང་གཏམ་གྱི་ཟབ་སྦྱོང་གོ་སྒྲིག་གནང་བ།
Menu