ཟླ་རེའི་གསར་འགྱུར།

རང་གི་སློབ་མ་ལ་ཞེ་ཐག་པ་ནས་གྲོས་འདེབས་པའི་ཡི་གེ་སྙིང་གི་ཐུར་མ།

བསླབ་བྱ།

བུ་སྟོན་རིན་ཆེན་གྲུབ།

༄༅།།སྭ་སྟི་པྲ་ཛ་བྷྱཿ བུ་སྟོན་གྱིས་རང་གི་སློབ་མ་ལ་ཞེ་ཐག་པ་ནས་གྲོས་འདེབས་པའི་ཡི་གེ་སྙིང་གི་ཐུར་མ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་ཕྱག་འཚལ་ལོ།། གང་གིས་བསྐལ་པའི་སྐལ་པར་དཀའ་བ་དཔག་མེད་ཀྱིས། །ཚོགས་གཉིས་རབ་བསྒྲུབས་བྱང་ཆུབ་བདུད་རྩི་མཆོག་བརྙེས་ནས། །འགྲོ་བ་ཉོན་མོངས་ནས་ཀྱིས་གདུངས་པའི་གདུང་སེལ་པ། །སྨན་པའི་རྒྱལ་པོ་ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །ཕྱི་ཡི་ཆ་ལུགས་དགེ་སྦྱོང་ཚུལ་ལས་མ་གཡོས་ཀྱང་། །ནང་གི་ཚུལ་ཁྲིམས་ཉོན་མོངས་དབང་གིས་རུལ་གྱུར་པ། །ཀུཥྨཎྜ་ཡི་ཤིང་ཐོག་སྨིན་པ་ལྟ་བུ་ཡི། །སྙིང་མེད་པོ་ཁྱེད་དོན་འདི་རྣམས་ལ་བསམ་མནོ་ཐོངས། །རྒྱ་མཚོ་ཆེན་པོར་ཕྱོགས་བཞིའི་རླུང་གིས་གཡེང་བ་ཡི། །གཉའ་ཤིང་བུ་གར་རུས་སྦལ་མགྲིན་པ་ཆུད་ན་ལྟར། །ཤིན་ཏུ་རྙེད་དཀའི་མི་ལུས་རིན་ཆེན་ཐོབ་གྱུར་ནས། །དོན་མེད་ཆུད་ཟོས་བྱས་ནས་འགྱོད་པར་མ་གྱུར་ཏམ། །ཤིན་སྤྱི་རྙེད་དཀའ་རྙེད་ཀྱང་རིང་དུ་མི་གནས་ཤིང་། །ཚེ་འདི་མི་བརྟན་མར་མེ་རླུང་གིས་བསྐྱོད་པ་བཞིན། །ཡུད་ཙམ་ཞིག་ཀྱང་གནས་པར་ནུས་པའི་གདེང་མེད་ལ། །གཤིན་རྗེའི་ཁ་རུ་ངེས་པར་ཆུད་པ་མི་ཤེས་སམ། །བསྟན་པའི་སྙིང་པོ་ཚུལ་ཁྲིམས་བསླབ་པ་རིན་པོ་ཆེ། །འཕྲལ་དང་ཡུན་དུ་བདེ་ལེགས་ཐམས་ཅད་འབྱུང་བའི་རྒྱུ། །མེད་ཐབས་མེད་པའི་ཚུལ་ཁྲིམས་རིན་ཆེན་དོར་ནས་ནི། །དགའ་དགའ་ལྟར་སྤྱད་ཅི་སྟེ་ཁྱོད་ཀྱི་སྙིང་མ་གས། །ཚུལ་ཁྲིམས་འཆལ་བའི་འབྲས་བུ་མི་བཟད་དེ། །ལྟུང་བ་ཡང་རིམ་བཞིན་དུ་ཡང་སོས་སོགས། །དམྱལ་བ་རྣམས་སུ་རིམ་བཞིན་སྐྱེ་བར་གསུངས། །ཟླ་བ་སྒྲོན་མས་ཞུས་པའི་མདོ་ལས་ཀྱང་། །ཇི་སྙེད་ཆོས་ཀྱི་རྣམ་པས་བྱང་ཆུབ་ཀྱང་། །ཐོས་པས་རྒྱགས་ནས་ཚུལ་ཁྲིམས་མི་བསྲུང་ན། །ཚུལ་ཁྲིམས་འཆལ་བས་ངན་འགྲོ་དེར་འགྲོ་སྟེ། །དེ་ལ་ཐོས་པ་མང་པོས་བསྐྱབ་མི་ནུས། །ཁྱོད་ནི་གསེར་སྣོད་མི་གཙང་འཕྱགས་པ་བཞིན། །དལ་འབྱོར་མི་ལུས་ཐོབ་པ་ཆུད་གསན་ཏེ། །ལོང་མེད་ཚེ་འདི་བག་མེད་སྤྱོད་པས་ཟད། །ཤི་ནས་ངན་འགྲོར་འགྲོ་བ་མི་འཚེར་རམ། །ལས་འབྲས་མི་ཤེས་བླུན་པོ་མི་འཇིགས་པ། །བདེན་མོད་ཁྱོད་ནི་སྡེ་སྣོད་དོན་ཤེས་ཤིང་། །དཀར་ནག་རྒྱུ་འབྲས་ཤེས་ཤིང་བག་མེད་པར། །སྤྱོད་པ་ཁྱོད་སྙིང་ལྕགས་ཀྱི་གར་བུའམ་ཅི། །ལོག་པར་གཡེམ་པས་དམྱལ་བ་བསྡུས་འཇོམས་སུ། །གསལ་ཤིང་འབར་བས་རོ་སྨད་འབིགས་པར་འགྱུར། །དེ་ནས་མི་རུ་སྐྱེས་ཀྱང་མ་ནིང་འགྱུར། །རྨི་ལམ་བུད་མེད་སྤྱད་པར་རོ་མྱང་ཡང་། །དམྱལ་བ་པདྨ་ལྟར་གས་ནང་དུ་ནི། །བུམ་པར་འཚོད་ཅིང་གཏུན་གྱིས་འཚོག་འགྱུར་ན། །དངོས་སུ་སྤྱོད་པ་ལྟ་ཡང་སྨོས་ཅི་དགོས། །བུད་མེད་མཐོང་ནས་ཚུལ་མིན་ཡིད་བྱེད་ན། །མིག་ནི་ཟངས་ཞུན་འབར་བས་བསྲེག་པར་སྐྱེ། །བུད་མེད་གླུ་དབྱངས་ཐོས་ནས་ཆགས་གྱུར་པ། །རྣ་བར་རོ་ཉེ་བསྐོལ་པ་ལྡུག་པར་སྐྱེ། །བུད་མེད་གླུ་དང་གར་ལ་ཆགས་པ་ཡིས། །ཁུ་བ་ཕྱུང་ནས་འགྱོད་པར་མི་བྱེད་པ། །ལྕགས་ཀྱི་མེ་མདག་ཆར་བ་ལུས་ལ་འབབ། །གཞན་གྱི་ཆུང་མ་ལ་སྤྱད་རྫུན་སྨྲ་བ། །ངུ་འབོད་ཆེན་པོར་མུན་པས་ཀུན་ཁྱབ་པར། །སྤྱི་བོ་ནས་ཕུག་ལྕེ་ཆུང་བཅད་ཀྱང་ནི། །སྐད་ཅིག་རེ་རེ་སྐྱེ་ཞིང་གཅོད་པར་སྐྱེ། །མི་རུ་སྐྱེས་ཀྱང་དམུས་ལོང་འོན་པ་དང་། །ལམ་ཟན་སློང་བ་དག་ཏུ་སྐྱེ་བར་འགྱུར། །དགེ་བསྙེན་མ་ལ་ལོག་པར་གཡེམ་པ་ཡིས། །རབ་ཏུ་ཚ་བར་ཐལ་བའི་ལྷག་མ་ཡང་། །མེད་པར་བསྲེག་ཅིང་ཚེ་རབས་བཞི་བརྒྱ་རུ། །ཟ་མ་དག་ཏུ་སྐྱེ་བར་འགྱུར་པ་ཡིན། །གྲོགས་ཀྱི་ཆུང་མ་བསླུས་ནས་སྤྱད་པ་ཡི། །རབ་ཚེ་ཨ་ལ་ལ་ཞེས་ཟེར་བ་རུ། །སྐྱེས་ནས་ཚ་བའི་རླུང་གིས་ཕྱོགས་བཅུར་འཁྱེར། །ཚེ་རབས་སྟོང་ཕྲག་དུ་མར་ཡི་དྭགས་སུ། །སྐྱེས་ནས་རང་གི་ཤ་ལ་ཟ་བ་དང་། །ཕག་ཏུ་སྐྱེས་ནས་མ་ཤ་ཟ་བ་དང་། །མི་རུ་སྐྱེས་ནས་ཕོ་མཚན་གཅོད་པར་འགྱུར། །བླ་མའི་ཆུང་མ་ལོག་པར་གཡེམ་པ་ཡིས། །སྙིང་རྗེ་ཆེན་པོ་ཞེས་པ་གོང་འོག་ཏུ། །མཚོན་ཆ་གཉིས་ཀྱིས་གཅོད་པར་སྐྱེ་བར་འགྱུར། །མི་རུ་སྐྱེས་ན་བཙས་མ་ཐག་ཏུ་འཆི། །བདག་ཉིད་མི་དབང་བུ་མོ་ལ་སྤྱད་པས། །ཀླད་པར་སེང་གེ་སྦྲུལ་གྱིས་རྩིབ་ལོགས་དང་། །རྒྱབ་ནས་སྟག་གིས་ཟ་ཞིང་མེས་བསྲེག་ལ། །གཤིན་རྗེ་ཕྱོགས་རྣམས་ཀུན་ནས་མདའ་འཕེན་འགྱུར། །བུད་མེད་མཚན་མ་སྙན་ངག་གིས་བསྟོད་པ། །སྐྱེ་བ་ལྔ་བརྒྱར་མངལ་གྱི་སྲིན་འབུར་སྐྱེ། །ཆགས་པས་སྤྱད་ཅིང་རེག་པས་སྨོས་ཅི་དགོས། །ཁྲིམས་འཆལ་ཡུལ་འཁོར་བསོད་སྙོམས་སྤྱོད་པ་ནི། །ལྕགས་གོང་མེ་ལྕེ་འབར་བ་ཟ་བར་སྐྱེ། །ཁྲིམས་འཆལ་དགེ་འདུན་བཏུང་བ་འཐུང་བ་ཡིས། །ཟངས་ཞུན་འབར་བ་འཐུང་བར་སྐྱེ་བར་འགྱུར། །ཐོས་ལྡན་ཁྱོད་ལ་མང་དུ་སྨོས་ཅི་དགོས། ཚུལ་ཁྲིམས་འཆལ་བས་ས་ནི་གོམ་གང་དང་། །ཟས་ནི་ཁམ་གཅིག་བཏུང་བ་ཆུ་ཕོར་གང་། །ཙམ་ཞིག་དགེ་འདུན་རྫས་ལ་ལོངས་སྤྱད་ན། །ལོག་འཚོ་ཡིན་ཏེ་དམྱལ་བར་སྐྱེ་བར་གསུང་། །དེ་སོགས་ཉེས་དམིགས་དཔག་མེད་མདོ་ལས་གསུངས ། །གལ་ཏེ་ཁྱོད་ནི་སྡིག་ལྟའི་དབང་གྱུར་ཏེ། །མ་མཐོང་འབྲས་ལ་ཡིད་མི་ཆེས་ན་ཡང་། །མཐོང་བའི་ཆོས་ཀྱི་ཉེས་དམིགས་མང་པོ་ཞིག །རང་གི་བློ་ཡིས་མཐོང་བར་མ་གྱུར་ཏམ ། །དལ་འབྱོར་ལུས་ལ་བསླབ་གསུམ་རྒྱན་དང་ལྡན། །བསྟན་ལ་ཞུགས་ནས་སྒྲུབ་པ་གཙོར་བྱེད་པའི། །དགེ་སློང་འདུས་ནས་ལས་ལ་སྤྱོད་པའི་ཚེ། །ཤིང་རུལ་བཞིན་དུ་སྤོང་བ་མ་མཐོང་ངམ། །བསྟན་པའི་མཚོར་སྐྱེས་ལེགས་བཤད་འདབ་སྟོང་ཅན། །བསླབ་གསུམ་དྲི་བསུང་རབ་ཏུ་འཕྲོ་བ་ལ། །ཚུལ་ཁྲིམས་སྦྲང་རྩི་དོན་གཉེར་བུང་བ་འདུ། །སད་ཁྱེར་མེ་ཏོག་བུང་བས་མི་སྤོང་ངམ། །ཚུལ་ཁྲིམས་མཆོད་རྟེན་ལེགས་བཤད་བང་རིམ་ཅན། །བཤེས་གཉེན་གསེར་གྱི་མཆོད་རྟེན་མཐོང་བའི་ཚེ། །དད་ལྡན་སྐྱེ་བོས་ཕྱག་དང་མཆོད་པ་བྱེད། །མི་གཙང་མི་གཙང་ཁྱོད་དོར་མ་མཐོང་ངམ། །སྡེ་སྣོད་ཐོས་པའི་ཆ་ཤས་ཡོངས་རྗོགས་ཤིང་། །བསླབ་གསུམ་དྲི་མེད་རི་དྭགས་མཚན་མས་བརྒྱན། །སྙན་པའི་བསིལ་ཟེར་འཕྲོ་བའི་འོད་དཀར་ཅན། །གཟས་བཟུང་མྱ་ངན་བྱེད་པ་མ་མཐོང་ངམ། །མི་འཇིགས་སྨྲ་བའི་སྤོབས་པ་དང་ལྡན་ཡང་། །ལུང་རིགས་ཆོས་སྨྲ་སེང་གེའི་ཁྲི་སྟེང་དུ ། །སྔོན་ཆད་རང་བས་དམན་དང་མཉམ་པོས་ཀྱང་། །ཝ་སྐྱེས་ཡིན་ཞེས་བརྙས་པ་མ་མཐོང་ངམ། །སྔོན་ཆད་རང་གི་ཡོན་ཏན་ཆ་ཙམ་ཡང་། །བསྒྲུན་པར་མི་ནུས་གསར་བུ་ཁ་ཏའི་ཚོགས། །ཐོས་པའི་ནོར་བུའི་གདེངས་ཀས་མཛེས་པའི་སྦྲུལ། །ཤི་བའི་རོ་བཞིན་བརྙས་པ་མ་མཐོང་ངམ། །སྔོན་ཆད་རང་གིས་བསྐྱངས་ཤིང་སྨིན་པའི་འཁོར། །ལེགས་བཤད་ཟེར་གྱིས་བློ་གྲོས་ཁ་ཕྱེ་རྣམས། །མཚན་ཕྱེད་དུས་ཀྱི་པདྨོ་ཇི་བཞིན་དུ། །ངོ་འཛུམ་རབ་ཏུ་ཟུམ་པ་མ་མཐོང་ངམ། །སྔོན་ཆད་རང་གིས་རྒྱུད་གྱོང་ཚོགས་གསུམ་གྱིས། །ཕན་བཏགས་གྱུར་པའི་གྲོགས་ངན་སྲིན་བྱའི་ཚོགས། །གཏམ་སྙན་ཉི་འོད་ནུབ་ནས་གཏམ་ངན་གྱིས། །སྐད་ངན་ཕྱོགས་བཅུར་སྒྲོག་པ་མ་མཐོང་ངམ། །སྔོན་ནས་རང་ལ་ཕན་འདོགས་འདིས་འབྲེལ་བའི། །མ་བཞིན་ཤ་ཚ་སྙིང་ཉེའི་གྲོགས་མཆོག་ཀུན། །བུ་གཅེས་ཤི་བའི་མ་མ་ཇི་བཞིན་དུ། །མྱ་ངན་ཁང་བུར་བཅུག་པ་མ་མཐོང་ངམ། །སྔོན་ཆད་རང་ལ་ཕྲག་དོག་འགྲན་སེམས་ཅན། །མི་མཉམ་མཉམ་དུ་རེ་བ་འབྱུང་བོའི་བྱ། །གཏམ་ངན་མུན་པས་འཐིབས་པར་ཤེས་ནས་ནི། །སྐད་ངན་གད་མོ་དགོད་པ་མ་མཐོང་ངམ། །སྔོན་ཆད་འགྲས་འདྲིས་མེད་པའི་ལམ་ཆེན་མི། །ཆགས་སྡང་གཉིས་ཀས་དབེན་པའི་སྐྱེ་བོ་ཡང་། །ལོ་ལེགས་སྙེ་མ་སད་ཀྱིས་ཁྱེར་མཐོང་ནས། །མྱ་ངན་ཅ་ཅོ་སྒྲོག་པ་མ་མཐོང་ངམ། །སྔོན་ཆད་ཆོས་དང་ཟང་ཟིང་གཉིས་ཀ་ཡིས། །ཕན་འདོགས་བཀའ་དྲིན་ཆེ་བའི་སློབ་དཔོན་ཡང་། །དཀོར་མཛོད་རྐུ་ལ་ཤོར་བའི་བདག་པོ་བཞིན། །མི་དགའ་བཞིན་དུ་ཐབས་མེད་མ་མཐོང་ངམ། །ཁྱོད་ནི་རབ་ཏུ་བྱུང་ནས་ད་ཡི་བར། །ལུང་ནས་མཁན་པོས་ཕ་ལྟར་བྱ་གསུངས་བཞིན། །ཁོ་བོས་ཆོས་དང་ཟང་ཟིང་གཉིས་ཀས་བསྐྱངས། །དགེ་བཤེས་མཁས་བཙུན་ལྡན་པ་རེ་བ་ལ། །གྲུ་ཆེན་ཆུ་ཡི་དབུས་སུ་ཞིག་པ་ལྟར། །དོན་མ་གྲུབ་པ་རེ་བའི་དོན་བསླུས་པས། །མྱ་ངན་ཆུ་ཡི་ཀླུང་དུ་བྱིང་འཇུག་པའི། །ཁྲེལ་མེད་ཁྱོད་ལ་ལ་ཡོགས་མི་ཡོང་ངམ། །དགེ་ཚོགས་ས་གཞིར་དལ་འབྱོར་ལྗོན་ཤིང་སྐྱེས། ། ཚུལ་ཁྲིམས་མེ་ཏོག་སྙན་པའི་སྦྲང་རྩི་འཛིན། །གྲགས་པའི་དྲི་བསུང་ཕྱོགས་བཅུར་ལྡང་བ་ཡི། །བཤེས་གཉེན་དཔག་བསམ་སྡོང་བོར་རེ་བ་ལ། །ལེགས་བཤད་ཆར་འབབ་ཡོངས་འཛིན་སྤྲིན་ཚོགས་དང་། །མ་བྲལ་བཞིན་དུ་མེ་ཏོག་སད་ཀྱིས་ཁྱེར། །ལྗོན་ཤིང་འབྲས་བུ་མེད་པ་ཡི་རེ་མུག །བསླབ་གསུམ་རིན་ཆེན་དགོས་འདོད་ཀུན་འབྱུང་བ། །རིག་པའི་གནས་ལྔ་ཤེས་པའི་འོད་དང་ལྡན། །མི་ཤེས་མུན་སེལ་ཉིན་པར་ཚ་བ་འཇོམས། །བཤེས་གཉེན་ནོར་བུ་ལྟ་བུར་རེ་བ་ལ། །དྲན་དང་ཤེས་བཞིན་གོ་བ་ནུས་པ་ཆུང་། །ཆོམ་རྐུན་བདུད་མོའི་ཚོགས་ནི་སྟོབས་ཆེ་བས། །མངོན་སུམ་རིག་བཞིན་ཆོམ་རྐུན་ཚོགས་རྣམས་ཀྱིས། །ནོར་བུ་རིན་ཆེན་འཕྲོག་པ་ཡི་རེ་མུག །སོ་ཐར་སྡོམ་པའི་ཚུལ་ཁྲིམས་ལྷུན་སྟུག་ཅིང་། །བྱང་སེམས་སྡོམ་པའི་བང་རིམ་མཛེས་པ་ཅན། །རིག་འཛིན་སྡོམ་པའི་ཆར་ཁེབས་ཏོག་དང་ལྡན། །གསེར་གྱི་མཆོད་རྟེན་ལྟ་བུར་རེ་བ་ལ། །ཉོན་མོངས་མཀྴིཀ་ཡི་རྫས་སྦྱོར་དང་། །བདུད་མོས་སོལ་བའི་མེ་ཡིས་བསྲེགས་པའི་མཐུས། །ཡུད་ཙམ་ཞིག་ལ་གསེར་གྱི་མཆོད་རྟེན་ནི། །ཐལ་བའི་ཕུང་བོར་བྱས་པ་ཡི་རེ་མུག །ཚུལ་ཁྲིམས་སྲོག་ཤིང་རབ་ཏུ་བརྟན་པ་ལ། །བཤད་སྒྲུབ་སྙིང་བརྩེས་བརྒྱན་པའི་ལྷབ་ལྷུབ་ཅན། །རྩོད་རྩོམ་སྙན་པའི་བ་དན་ཕྱོགས་བཅུར་གཡོ། །མཁྱེན་བརྩེ་རིན་ཆེན་ཏོག་དང་ལྡན་པ་ཡི། །བཤེས་གཉེན་བསྟན་པའི་རྒྱལ་མཚན་རེ་བ་ལ། །ཡོངས་འཛིན་དགེ་བའི་བཤེས་ཀྱིས་བཟུང་བཞིན་དུ། །བདུད་མོས་ཉོན་མོངས་སྒྱོགས་རྡོ་འཕངས་པའི་མཐུས། །རྒྱལ་མཚན་སྲོག་ཤིང་བཅག་པ་ཡི་རེ་མུག །དལ་འབྱོར་གྲུ་ཆེན་སྡོམ་གསུམ་ཉམ་ཐག་བསྡམས། །སྟོང་ཉིད་སྙིང་རྗེ་བྱང་སེམས་རླུང་དར་ཅན། ཐབས་དང་ཤེས་རབ་གྲུ་སྐྱ་རབ་བཅས་ནས། །རྣམ་དཔྱོད་བརྩོན་པའི་མཐུ་ཡིས་རབ་བསྐྱོད་པས། །གདུལ་བྱ་འཁོར་བའི་མཚོ་ལས་སྒྲོལ་བ་ཡི། །བཤེས་གཉེན་གྲུ་ཆེན་ལྟ་བུར་རེ་བ་ལ། །བདུད་མོས་ཆུ་སྲིན་སོ་ཡིས་ཉག་ཐག་བཅད། །གྲུ་ཆེན་རྒྱ་མཚོར་ཞིག་པ་ཡི་རེ་མུག །དལ་འབྱོར་རྙེད་དཀའ་རྙེད་ཀྱང་མྱུར་དུ་འཆི། །ཚུལ་ཁྲིམས་འཆལ་བའི་ཉེས་དམིགས་རྣམ་པ་མང་། །དེ་ལ་སྐྱོབ་པའི་ཐབས་ནི་གང་ཞིག་ཡོད། །རང་གི་སྙིང་ལ་གྲོས་དྲིས་བསམ་མནོ་ཐོང་། །བུ་སྟོན་ཁ་ཆེས་རང་གི་སློབ་མ་ལ། །ངེས་པར་གྲོས་འདེབས་སྙིང་གི་ཐུར་མ་འདིས། །སྙིང་རླུང་ཚུལ་འཆལ་ནད་རྣམས་ངེས་བཅོས་སྟེ། །ངེས་འབྱུང་ཚུལ་ཁྲིམས་ནད་མེད་ཐོབ་པར་ཤོག །རང་གི་སློབ་མ་ལ་ཞེ་ཐག་པ་ནས་གྲོས་འདེབས་པའི་ཡི་གེ་སྙིང་གི་ཐུར་མ་ཞེས་བྱ་བ་བུ་སྟོན་གྱིས་སྦྱར་བ་རྫོགས་སོ།། །།

སྔོན་མ།
བསླབ་བྱ་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།
ཕྱི་མ།
ལམ་རིམ་ཉམས་མགུར་བཞུགས་སོ།།
Menu