ཟླ་རེའི་གསར་འགྱུར།

རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་ཁག་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༠ ཉིན་རྡ་ས་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཤེས་རིག་ལས་ཁུངས་ཀྱིས་དབྱིན་བོད་ཤན་སྦྱར་གྱི་བརྡ་ཆད་གཏན་འབེབས་དེབ་ཕྲེང་བཞི་པ་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་དབུ་འབྱེད་གནང་གྲུབ་མཚམས་ཁོང་གིས་སྔ་དྲོ་ཆུ་ཚོད་ ༡༡ ཐོག་རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་དང་འབྲེལ་བའི་ཤེས་རིག་ལས་ཁུངས་ཀྱི་གསར་འགོད་གསལ་བསྒྲགས་སྒྲོགས་སྦྱང་གནང་བ་གཤམ་གསལ།
རྒྱབ་ལྗོངས།
     བོད་སློབ་འཛིན་ཚོགས་ཁྱབ་ཁོངས་གཏན་ཉིན་སློབ་གྲྭ་ཁག་གི་ཤེས་ཡོན་གནས་ཚད་དང་བདེ་དོན་གང་ཅིའི་བལྟ་རྟོགས་འཐུས་གཙང་ཡོང་ཐབས་སུ་སློབ་ཁག་རྣམས་རང་ཕྱོགས་ལ་རྩིས་སྤྲོད་གནང་སླད་ཤེས་རིག་ལས་ཁུངས་ནས་སྔ་རྗེས་འབད་བརྩོན་གནང་ཡོད་པ་དང༌། བོད་ཚོགས་འགན་འཛིན་ལྷན་ཚོགས་ནང་ལན་མང་བཀའ་བསྡུར་ཡང་ཞུས་མྱོང་ཡོད། ལྷག་པར་བཀའ་ཤག་སྐབས་བཅུ་བཞི་པས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ཐུགས་འགན་བཞེས་པ་ནས་བཟུང༌། དཔལ་ལྡན་བཀའ་ཁྲི་མཆོག་ནས་བོད་སློབ་འཛིན་ཚོགས་ཀྱི་ཚོགས་གཙོས་དབུས་རྒྱ་གར་མཐོ་རིམ་མི་སྣ་ཁག་མཇལ་འཕྲད་དང་མཇུག་གནོན་མུ་མཐུད་ཞུ་འབྲས་བཅས་སུ་ཉེ་དུས་བོད་སློབ་འཛིན་ཚོགས་ནས་སློབ་ཁག་རྩིས་ལེན་གནང་ཕྱོགས་སྐོར་ཞིབ་ཕྲའི་འཆར་འབུལ་དགོས་ལུགས་གསུངས་དོན་ལྟར། འདི་ལས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༨ ཉིན་ཞིབ་འཆར་འབུལ་ལམ་ཞུས་ཡོད།
     བོད་སློབ་འཛིན་ཚོགས་ཁྱབ་ཁོངས་སུ་ད་ལྟའི་ཆར་འཛིན་རིམ་བཅུ་གཉིས་ཅན་གྱི་སློབ་གྲྭ  ༩ དང་བཅུ་པ་ཅན། ༦ གཞི་རིམ་བར་མའི་སློབ་གྲྭ་ ༧ གཞི་རིམ་འོག་མའི་སློབ་གྲྭ་ ༧ སྔོན་སློབ་ ༣༤ བཅས་ཡོད་པའི་ནང་ཁྱོན་བསྡོམས་སློབ་མ་གྲངས་ ༧༥༥༥ དང་དགེ་ལས་གྲངས་ ༧༦༡ ཙམ་ཡོད།
     ད་ལེན་དབུས་བོད་སློབ་འཛིན་ཚོགས་ནས་ཀྱང་རྩིས་སྤྲོད་རྒྱབ་གཉེར་དང་འབྲེལ་རྒྱ་གར་དབུས་མིའི་ནུས་ཤུགས་དང་ཐོན་ཁུངས་ཡར་རྒྱས་བློན་ཆེན་ལས་ཁུངས་ལ་འཆར་འབུལ་ཞུས་ཟིན་ཡོད།
སློབ་ཁག་རྩིས་ལེན་རྗེས་དགེ་ལས་ཀྱི་ཐོབ་ཐང་སྲུང་སྐྱོབ་སྐོར།
     སློབ་ཁག་རྩིས་ལེན་རྗེས་ད་ཡོད་དགེ་ལས་རྣམས་ཀྱི་ཕོགས་དང་རྒས་ཡོལ་སོགས་ཀྱི་ཐོབ་ཐང་ཁག་ལ་དོ་ཕོག་མེད་པར་རང་འཇགས་གནས་རྒྱུ་ཡིན། འདི་སྐོར་བོད་སློབ་འཛིན་ཚོགས་ཀྱི་ངེས་སྟོན་པས་ཉེ་དུས་ཕྱི་ཟླ་ ༦ ཚེས་ ༢༢ ཉིན་ལྡི་ལིར་སློབ་དགེའི་ཟབ་སྦྱོང་ཞིག་གི་སྐབས་སུ་ཟབ་སྦྱོང་ཆེད་བཅར་དགེ་རྒན་རྣམས་ཀྱི་བཀའ་འདྲི་ཞུས་ལན་དུ། རྩིས་ལེན་རྗེས་རྒྱ་གར་དགེ་རྒན་རྣམས་རྒྱ་གར་དབུས་གཞུང་གི་འཛིན་སྐྱོང་གནང་བཞིན་པའི་ (KVS)  དང་ཨེན་ཝི་ཨེས། (NVS)སློབ་གྲྭའི་སྡེ་ཁག་གཉིས་དང༌། ཨེན་སི་ཨི་ཨར་ཊི་(Demonstration Multipurpose school of NCERT) སློབ་འཁྲིད་སྦྱོང་བརྡར་གནང་ཡུལ་སློབ་གྲྭ་གང་རུང་ནང་རང་མོས་བཞིན་འཇུག་གཏོང་ཆོག་རྒྱུ་དང༌། ཡང་མུ་མཐུད་འཛིན་སྐྱོང་གསར་པའི་ནང་སྡོད་བློ་ཡོད་རིགས་ཀྱི་ཕོགས་སོགས་ཐོབ་ཐང་ཁག་ད་མུས་བཞིན་གནང་རྒྱུའི་ཁས་ལེན་གསལ་བཤད་གནང་ཡོད། འདི་སྐོར་འདི་ལོ་ཕྱི་ཟླ་ ༤ ནང་དྷ་སར་བསྐོང་ཚོགས་ཞུས་པའི་བོད་སློབ་ཁག་གི་སློབ་སྤྱི་དང་དགེ་ཆེའི་ཚོགས་འདུའི་ཐོག་ཏུའང་དཔལ་ལྡན་བཀའ་ཁྲི་མཆོག་ནས་གོང་མཚུངས་གསལ་བཤད་གནང་ཡོད།
     ད་ལེན་གོ་སྐབས་འདི་བརྒྱུད་རྒྱ་གར་གཞུང་མང་གཉིས་དང༌། ལྷག་པར་དབུས་བོད་སློབ་འཛིན་ཚོགས་སློབ་གྲྭ་ཁག་ནང་ཕྱག་ལས་གནང་དང་གནང་བཞིན་པའི་དགེ་ལས་རྣམས་ནས་འདས་པའི་ལོ་ལྔ་བཅུ་བརྒལ་བའི་རིང་མ་འོངས་བོད་ཀྱི་སོན་རྩ་རྣམས་ཀྱི་ཤེས་ཡོན་དང་འབྲེལ་བའི་ལས་དོན་ཐོག་ཧུར་བསྐྱེད་གནང་བར་བཀའ་དྲིན་རྗེས་དྲན་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཅེས་སོགས་སྒྲོགས་སྦྱང་གནང་རྗེས་དྲི་བ་དྲིས་ལན་གནང་སྟེ་གྲོལ་བ་བཅས།
 

སྔོན་མ།
མ་སུ་རི་བོད་ཁྱིམ་དགེ་རྒན་ཁག་གཅིག་གིས་ཤེས་ཡོན་ཉམས་གསོག་གནང་བ།
ཕྱི་མ།
དབྱིན་བོད་ཤན་སྦྱར་བརྡ་ཆད་གཏན་འབེབས་ཀྱི་དེབ་ཕྲེང་བཞི་པ་དབུ་འབྱེད་གནང་བ།
Menu