ཟླ་རེའི་གསར་འགྱུར།

ཤེས་རིག་དྲུང་ཆེ་དང་སཾ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་གཉིས་ནས་རྒྱ་གར་དབུས་ཁུལ་གྱི་སློབ་གྲྭར་འཚམས་གཟིགས་གནང་བ།

གསར་འཕྲིན།

༄༅། །ལྡི་ལིར་སཾ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་ལྷན་ཚོགས་གྲུབ་མཚམས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་དང་། སཾ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིིན་ཚེ་རིང་དོན་གྲུབ་ལགས། ལས་འཆར་འགན་འཛིན་འཇིགས་མེད་དབྱངས་ཅན་ལགས་བཅས་ཕྱི་ལོ་ ༢༠༢༢ ཟླ་བ་ ༡༢ ཚེས་ ༠༤ ཉིན་བྷན་ཌཱ་རཱ་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་ཐོན་གནང་ཡོད།

བྷན་ཌཱ་རཱ་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་བྱུང་རྗེས་སཾ་བྷོ་ཊ་སློབ་གྲྭར་འཚམས་གཟིགས་སུ་ཕེབས་ཤིང་། སྐབས་དེར་སློབ་གྲྭའི་སློབ་སྤྱིས་སློབ་གྲྭའི་ལས་བསྡོམས་སྙན་སེང་ཞུས་རྗེས་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་ཡོད། ཁོང་གིས་དཔེ་ཀློག་གོམས་གཤིས་ཡར་རྒྱས་གཏོང་ཕྱོགས་སྐོར་དང་། འཕྲོད་བསྟེན་དང་ཟས་བཅུད་བསྟེན་ཕྱོགས། ཁ་པར་སོགས་གློག་ཆས་ལ་ལྟ་རྒྱུ་ཚད་གཞི་དགོས་གལ་ཆེ་བའི་སྐོར་དང་། དེ་བཞིན་དགེ་ལས་ཕ་མ་རྣམས་ནས་ཕྲུ་གུའི་འཚར་ལོངས་དང་མ་འོངས་མདུན་ལམ་ཆེད་སྐུ་ངལ་སྐྱོན་པར་བསྔགས་བརྗོད་དང་འབྲེལ། དམའ་རིམ་སློབ་གྲྭ་ནི་ཕྲུ་གུ་ཤེས་རིག་གི་གཞི་རྟེན་འཛུགས་རྒྱུར་ཧ་ཅང་གལ་འགངས་ཆེ་བའི་སྐོར་སོགས་ཀྱི་ཐད་གསུང་བཤད་གནང་ཡོད།

ཕྱི་ཚེས་ ༠༦ ཉིན་ཁོང་རྣམས་ས་གནས་ཀྱི་དགོན་ཁག་ཏུ་གནས་མཇལ་དང་། ས་གནས་འགོ་འཛིན་ལས་ཁུངས། ས་གནས་འཕྲོད་བསྟེན་སྨན་ཁང་། ཡན་ལག་སྨན་རྩིས་ཁང་། ས་གནས་མཉམ་འབྲེལ་ལས་ཁུངས། རྒས་གསོ་ཁང་བཅས་སུ་འཚམས་གཟིགས་ལ་ཕེབས་ཡོད།

ཕྱི་ཉིན་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་དང་། སཾམ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་ཚེ་རིང་དོན་གྲུབ་ལགས་སཾ་བྷོ་མན་པཊ་ཏུ་ཕེབས་ཏེ་སློབ་གྲྭའི་དགེ་ལས་སློབ་ཕྲུག་ལྷན་ཐུག་འཕྲད་གནང་བ་མ་ཟད། སློབ་གྲྭའི་སློབ་ཕྲུག་རྩེ་ཕུད་ཕོ་མོ་གཉིས་དང་ཞབས་ལོ་ ༢༥ འཁོར་བའི་སློབ་གྲྭའི་དབུ་འཛིན་བཅས་ལ་གཟེངས་རྟགས་གནང་ཞིང་། དེ་རྗེས་ཁོང་རྣམས་འཛིན་ཁང་སོ་སོར་ཆེད་ཕེབས་གནང་བ་མ་ཟད། ཕ་མ་ལྷན་དུ་བྱིས་པའི་ཤེས་རིག་འཚར་ལོངས་ཀྱི་གལ་གནད་སྐོར་གྲོས་བསྡུར་དང་། ཕ་མ་རྣམས་ལ་ཤེས་རིག་ལས་ཁུངས་ཀྱི་ལས་གཞི་ཁག་གཅིག་ངོ་སྤྲོད་གནང་ཡོད། ཕྱོགས་མཚུངས་ཁོང་རྣམས་ས་གནས་འགོ་འཛིན་ལས་ཁུངས་དང་། ས་གནས་མཉམ་འབྲེལ་ལས་ཁུངས། རྒས་གསོ་ཁང་བཅས་ལ་འཚམས་གཟིགས་སུ་ཕེབས་ཡོད།

རྒྱ་གར་དབུས་ཁུལ་གྱི་གཞིས་ཆགས་གཉིས་སུ་འཚམས་གཟིགས་ལེགས་གྲུབ་བྱུང་རྗེས་ཁོང་རྣམས་ཨོ་ཊི་ཤ་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་ཐོན་གནང་ཡོད་བཅས།།









སྔོན་མ།
ཤེས་རིག་ལས་ཁུངས་ནས་ཟླ་གྲངས་གཅིག་རིང་སྔོན་འགྲོའི་དགེ་རྒན་རྣམས་ལ་ཟབ་སྦྱོང་གོ་སྒྲིག་གནང་བ།
ཕྱི་མ།
བོད་པའི་དགེ་སློབ་ནས་སཱི་ཤེས་ཡོན་སློབ་གསོའི་ཚོགས་ཆེན་དུ་མཉམ་ཞུགས་གནང་བ།
Menu