ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་བདུན་ཕྲག་གཅིག་རིང་གཞུང་འབྲེལ་ཕྱོགས་ཕེབས་གནང་མུས།

གསར་འཕྲིན།, བཀའ་བློན་མཛད་འཆར།

༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་བདུན་ཕྲག་གཅིག་རིང་ཧི་མཱ་ཅལ་དང་ཨུཏྟརཱ་ཁནྜ་མངའ་ཁུལ་དུ་རྟེན་གཞི་བྱས་པའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་ཡོད།

དེ་ཡང་ཤེས་རིག་བཀའ་བློན་མཆོག་དང་ལྷན་སཾ་བྷོ་ཊ་སྤྱི་ཁྱབ་འགན་འཛིན་དང་། སྒེར་དྲུང་བཅས་ཧི་མཱ་ཅལ་དང་ཨུཏྟརཱ་ཁནྜ་མངའ་ཁུལ་དུ་རྟེན་གཞི་བྱས་པའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་བ་བཞིན། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་དྷ་ས་ནས་ཕེབས་ཐོན་གྱིས་ཕྱི་དྲོར་སིམ་ལར་འབྱོར། ཕྱི་ཚེས་ ༡༢ ཉིན་འཚམས་གཟིགས་ཀྱི་ཐོག་མར་སིམ་ལ་སཾ་བྷོ་ཊ་གཏན་སློབ་ཏུ་ཞོགས་ཚོགས་ཀྱི་ལས་རིམ་དང་། འཛིན་ཁང་། སྡེ་ཚན་ཁག་ལ་རིམ་བཞིན་གཟིགས་ཞིབ་གནང་རྗེས་དགེ་ལས་དང་སློབ་ཕྲུག་དང་ཟུར་དུ་མཇལ་འཕྲད་ཀྱིས་ལམ་སྟོན་གསུང་བཤད་གནང་།

ཉིན་རྒྱབ་བོན་གཞིས་ཌོ་ལན་ཇིར་ཕེབས་ཐོན་གྱིས་ལམ་བར་ཌོ་ལན་ཇི་ས་གནས་འགོ་འཛིན་དང་ལས་དྲུང་། སློབ་སྤྱི་ལས་ཚབ་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་ཡོད། ཐོག་མར་ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག་མཇལ་བཅར་གྱིས་དཔལ་གཤེན་བསྟན་སྨན་རིའི་གླིང་དགོན་དུ་གནས་གཟིགས་གནང་། དེ་རྗེས་ཌོ་ལན་ཇི་སཾ་བྷོ་ཌ་སློབ་གྲྭར་འཚམས་གཟིགས་གྲུབ་རྗེས་ཕྱི་དྲོ་སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་སུ་ཕེབས་ཐོན་གནང་།

ཤེས་རིག་བཀའ་བློན་མཆོག་གིས་མཛད་འཆར་ལྟར་མུ་མཐུད་སྤོན་ཊ་དང་སྤུར་ཝ་ལ་སཾ་བྷོ་ཊ། མ་སུ་རི་བོད་ཁྱིམ། མ་སུ་རི་སཾ་བྷོ་ཊ། རཱཇ་སྤུར་བོད་ཁྱིམ། བདེ་སྐྱིད་གླིང་བོད་ཁྱིམ། མངོན་དགའ་སློབ་གྲྭ། དོན་གྲུབ་གླིང་། སེ་ལ་ཀུའི་བོད་ཁྱིམ། ཧར་སྤུར་སཾ་བྷོ་ཊ་བཅས་ཀྱི་སློབ་གྲྭ་ཁག་ ༡༢ ལ་འཚམས་གཟིགས་གནང་རྒྱུ་གནང་ཡོད་ཅིང་། ཤེས་རིག་བཀའ་བློན་མཆོག་གིས་ཐེངས་འདིར་གཞུང་འབྲེལ་ཕྱོགས་ཕེབས་གནང་བའི་དམིགས་ཡུལ་གཙོ་བོ་ནི། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་གནས་སྟངས་རྒྱུས་ལོན་དང་། སློབ་ཁག་གི་དགེ་ལས་སློབ་ཕྲུག  ཕ་ཚབ་མ་ཚབ། སློབ་ཕྲུག་གི་ཕ་མར་ལམ་སྟོན་གནང་སླད་ཡིན་པ་གསུངས་སོང་། །

སྔོན་མ།
༢༠༢༢ ལོའི་སྲིད་སྐྱོང་ཆེད་ལས་སློབ་ཡོན་གསལ་བསྒྲགས།
ཕྱི་མ།
སཱི་ཤེས་ཡོན་སློབ་གསོའི་རིམ་པ་དང་པོའི་མཐུན་སྦྱོར་བའི་ཟབ་སྦྱོང་ལེགས་གྲུབ་ཟིན་པ།
Menu