ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཕ་རཱན་སི་ཨེ་ཨི་ཊི་རོགས་ཚོགས་དབུས་བརྙེས་ནས་མི་ལོ་ཧྲིལ་པོ་ ༤༠ འཁོར་བའི་དུས་ཆེན་མཛད་སྒོར་གསུང་བཤད་གནང་བ།

གསར་འཕྲིན།, བཀའ་བློན་མཛད་འཆར།

༄༅། །འདི་གར་པེ་རི་སི་འབྲེལ་མཐུད་ལས་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ཕ་རཱན་སི་ཨེ་ཨི་ཊི་ (AET) རོགས་ཚོགས་ལས་ཁུངས་སུ་ཆེད་ཕེབས་ཀྱིས་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་མཇལ་འཕྲད་གནང་སྟེ་བཀའ་དྲིན་རྗེས་དྲན་གྱི་མཇལ་དར་དང་ཕྱག་རྟགས་གནང་ཡོད།

དེ་རྗེས་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་དང་ལྷན་དུ་ཆུ་ཚོད་གསུམ་ཙམ་རིང་མ་འོངས་པར་ཤེས་རིག་ལས་ཁུངས་དང་རོགས་ཚོགས་དབར་ལས་དོན་བྱེད་ཕྱོགས་སྐོར་གྲོས་བསྡུར་དང་།  ཕྱི་ཚེས་ ༨ ཉིན་ཕ་རཱན་སི་ཨེ་ཨི་ཊི་རོགས་ཚོགས་དབུས་བརྙེས་ནས་མི་ལོ་ཧྲིལ་པོ་ ༤༠ འཁོར་བའི་དུས་ཆེན་མཛད་སྒོའི་སྐུ་མགྲོན་དུ་ཕེབས་ཏེ་ཚོགས་པ་དང་སྦྱིན་བདག་ཁག་ལ་བཀའ་དྲིན་རྗེས་དྲན་དང་། ད་ལྟའི་བོད་ནང་གི་གནས་སྟངས་སྐོར་ངོ་སྤྲོད་གསུང་བཤད་གནང་ཡོད། མཛད་སྒོར་སྐུ་མགྲོན་དང་སྦྱིན་བདག་སོགས་ཁྱོན་བསྡོམས་མི་གྲངས་སུམ་བརྒྱ་ལྷག་འདུ་འཛོམས་གནང་སོང་།

མཛད་སྒོའི་སྐུ་མགྲོན་གཙོ་བོར་བཀའ་ཟུར་རྗེ་བཙུན་པདྨ་མཆོག་དང་བཀའ་ཟུར་བསྟན་པ་ཚེ་རིང་མཆོག ཡོ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས། སྦིར་སིལ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས། པེ་རི་སི་འབྲེལ་མཐུད་པ་ཐུབ་བསྟན་ཚེ་རིང་ལགས་བཅས་ལྷན་བཅར་ཞུས་ཡོད། ཕྱི་ཚེས་ ༩ རེས་གཟའ་ཉི་མ་ཉིན་ཤེས་རིག་བཀའ་བློན་མཆོག་གིས་ཕ་རཱན་སི་བོད་རིགས་ཚོགས་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭར་རྟོག་ཞིབ་དང་གསུང་བཤད་གནང་ཡོད་པ་མ་ཟད། དགེ་ལས་དང་།  སློབ་ཕྲུག ཕ་མ་སོགས་དང་མཇལ་འཕྲད་གནང་གྲུབ་མཚམས་སྦར་སིལ་དུ་ཕེབས་གནང་ཡོད་པ་བཅས། །

 

 

སྔོན་མ།
ཤེས་རིག་བཀའ་བློན་མཆོག་ཕ་རཱན་སི་དང་སྦེལ་ཇམ་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་བ།
ཕྱི་མ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་སྦེལ་ཇམ་ཁུལ་གྱི་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་སློབ་གྲྭ་ཁག་གཉིས་ལ་འཚམས་གཟིགས་ལེགས་གྲུབ་བྱུང་བ།
Menu