ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་སྦེལ་ཇམ་ཁུལ་གྱི་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་སློབ་གྲྭ་ཁག་གཉིས་ལ་འཚམས་གཟིགས་ལེགས་གྲུབ་བྱུང་བ།

གསར་འཕྲིན།, བཀའ་བློན་མཛད་འཆར།

༄༅། །འདི་གར་སྦར་སིལ་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༠༩ ཉིན་གྱི་ཞོགས་པ་པེ་རི་སི་ཁུལ་གྱི་གཟའ་མཇུག་སློབ་གྲྭར་འཚམས་གཟིགས་ལེགས་གྲུབ་ཀྱིས་ཉིན་རྒྱབ་ཆུ་ཚོད་ ༣ ཐོག་སྦར་སིལ་དུ་ཕེབས་འབྱོར་སྐབས་སྦེལ་ཇམ་ཆོས་རིག་འཛིན་སྐྱོང་ཁང་གི་འཇམ་དབྱངས་བློ་འཕེལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་དགེ་ལས་དང་།  སློབ་ཕྲུག ཕ་མ། དེ་བཞིན་བོད་རིགས་ཚོགས་པས་གཙོས་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།

དེ་ཡང་སྦར་སིལ་ཆོས་རིག་འཛིན་སྐྱོང་ཁང་གི་སློབ་གྲྭའི་ལས་རིམ་གྱི་ཐོག་མར་སློབ་གྲྭའི་ཟློས་དགེ་ངག་དབང་བདེ་ཆེན་ལགས་ཀྱིས་རྟེན་འབྲེལ་མཚོན་ཕྱིར་རྣམ་ཐར་གྱིས་སྣེ་བསུས་ཏེ་སློབ་ཕྲུག་ཁག་གཅིག་ནས་དགའ་སྤྲོའི་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་གྲུབ་བསྟུན་ཤེས་ཡོན་འགན་འཛིན་བཀྲ་ཤིས་བདེ་ལེགས་ལགས་ཀྱིས་ཕྱི་ལོ་ ༢༠༠༨ ནས་ ༢༠༢༢ བར་གྱི་སློབ་ཁག་དྲུག་གི་སློབ་གྲྭའི་འདས་པའི་མི་ལོ་ ༡༤ རིང་གི་ལས་བསྡོམས་སྙིང་བསྡུས་ངོ་སྤྲོད་དང་འབྲེལ་སྐད་རིག་དང་རིག་གཞུང་གི་ལས་རིམ་ཇི་སྤེལ་སྙན་གསན་ཞུས།

དེ་ནས་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་དགེ་སློབ་ཕ་མ་རྣམས་ལ་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་བའི་སྙིང་པོར། བོད་རིགས་ན་གཞོན་རྣམས་ནས་དེང་དུས་དང་སྲོལ་རྒྱུན་གྱི་ཤེས་ཡོན་གཉིས་ལྡན་ཐོག་བོད་མིའི་ཡ་རབས་བཟང་སྤྱོད་ཀྱི་གཤིས་རྒྱུད་དང་ཡ་བྲལ་མ་གྱུར་བ་ཞིག་ངེས་པར་དགོས་པ་དང་། དེ་ལྟར་ཡོང་བར་ཤེས་རིག་ལས་ཁུངས་གཅིག་པུས་ནུས་པ་འདོན་དཀའ་ཡང་། དགེ་སློབ་ཕ་མ་ཚང་མས་ནུས་ཤུགས་གཅིག་ཏུ་བསྒྲིལ་རྒྱུ་ནི་ཧ་ཅང་གི་གལ་གནད་ཆགས་ཡོད། དེང་སྐབས་འཕྲུལ་ཆས་ཀྱི་མཐུན་རྐྱེན་ལྡན་པའི་ཐོག་བར་ལམ་དྲ་ལམ་བརྒྱུད་སྦེལ་ཇམ་ཁུལ་གྱི་གཟའ་མཇུག་སློབ་གྲྭའི་དགེ་རྒན་གྲངས་ ༤༡ ཙམ་ལ་ཤེས་རིག་ལས་ཁུངས་ནས་དྲ་ཐོག་ཟབ་སྦྱོང་ཕུལ་ཐུབ་ཡོད་ཅིང་། འབྱུང་འགྱུར་ཡང་ཤེས་རིག་ལས་ཁུངས་ལ་སྔོན་ཚུད་འབྲེལ་ལམ་ཐུབ་ཚེ་འགྲོ་གྲོན་ཐབས་འཚོལ་བྱེད་རྒྱུས་མཚོན་མཐུན་གྱུར་གྲ་སྒྲིག་ཨང་གསར་ཡོད། གཞན་ཡང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་དུས་ཚོད་གསེར་ལས་དཀོན་པ་ཆགས་ཡོད་ཀྱང་དགེ་ལས་ཕ་མ་རྣམ་པས་འདི་ལྟ་བུའི་བློས་གཏོང་ཆེན་པོས་འགན་འཁྲི་བཞེས་ཏེ་རང་རིགས་ན་གཞོན་རྣམས་ལ་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་སློབ་སྤེལ་ཐུབ་པར་རྗེས་སུ་ཡི་རང་ཞུ་རྒྱུ་དང་། སེམས་ཤུགས་མ་ཆགས་པར་མུ་མཐུད་ཕྱག་ལས་གནང་རོགས།

མདོར་ན་ཚང་མས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་དུས་སྐྱབས་སུ་མཆི་ཞུས་པ་ཙམ་མ་ཡིན་པར་རྒྱུན་དུ་བོད་མིའི་ཡ་རབས་བཟང་སྤྱོད་ལྡན་པའི་ཐོག་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་། བདེན་པའི་འཐབ་རྩོད་ཐོག་ལ་ནུས་པ་མཉམ་སྤུངས་དགོས་པའི་འབོད་སྐུལ་དང་འབྲེལ་མིའི་མི་ཚེའི་ནང་སྐྱེས་པའི་མཐའ་མ་འཆི་རྒྱུ་སྨྲོས་མེད་ལ་སོང་། སོ་སོར་མཚོན་ན་ བོད་མི་རིགས་ཀྱི་བདེན་པའི་འཐབ་རྩོད་དང་སྤྱི་ཚོགས་ལ་ཕན་པའི་བྱ་གཞག་སྒྲུབ་རྒྱུར་དམ་བཅའ་བརྟན་པོ་ཡོད། ཅེས་གསུང་སོང་།

དེ་རྗེས་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་མཐར་ཕྱིན་སློབ་མའི་སྔོན་འགྲོའི་དགེ་རྒན་རྣམས་ལ་གཟེངས་བསྟོད་མཇལ་དར་དང་། དེ་བཞིན་འཛིན་གྲྭ་སོ་སོའི་ལོ་འཁོར་ཡིག་རྒྱུགས་ནང་ཨང་རིམ་དང་པོ་དང་། གཉིས་པ། གསུམ་པ་སོན་མཁན་རྣམས་ལ་གཟེངས་བསྟོད་ཕྱག་འཁྱེར་གནང་གྲུབ་བསྟུན་སློབ་གྲྭའི་འགན་འཛིན་གཞོན་པ་རྡོ་རྗེ་སྐྱབས་ལགས་ཀྱིས་མཇུག་སྡོམ་གསུང་བཤད་གནང་སྟེ་མཛད་སྒོ་མཇུག་སྒྲིལ་ཐོག་ཤེས་རིག་བཀའ་བློན་མཆོག་གྲོང་ཁྱེར་ཨན་ཊབ་ (Antwerpen) ཏུ་རྟེན་གཞི་བྱས་པའི་བོད་རིགས་ཚོགས་པའི་ཤེས་རབ་སྣང་འབྱེད་སློབ་གྲྭར་འཚམས་གཟིགས་ཆེད་ཕེབས་སྐྱེལ་ཞུས། ཕྱི་དྲོ་ཆུ་ཚོད་ ༦ ཐོག་ཨན་ཊབ་ཏུ་རྟེན་གཞི་བྱས་པའི་སྦེལ་ཇམ་བོད་རིགས་ཚོགས་པའི་སློབ་གྲྭ་ཤེས་རབ་སྣང་འབྱེད་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་དགེ་ལས་སློབ་ཕྲུག་དང་ཕ་མ་བཅས་ནས་ཕེབས་བསུ་ཞུས་ཏེ་མཛད་སྒོའི་ཐོག་མར་སྣང་གསལ་མར་མེ་ཞལ་ཕྱེ་གནང་གྲུབ་མཚམས་རྒྱལ་གཅེས་པ་རྣམས་ལ་མྱ་ངན་གུས་འདུད་མཚོན་ཕྱིར་ངག་བཅད་སྐར་མ་གཅིག་རིང་ཞུས། དེ་རྗེས་སློབ་གྲྭའི་འགན་འཛིན་བློ་བཟང་དབང་པོ་ལགས་ཀྱིས་སློབ་གྲྭའི་བྱེད་སྒོ་རྣམ་གསུམ་གྱི་བྱ་གཞག་རྣམས་སྙན་གསན་ཞུས་གྲུབ་བསྟུན་སྦེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་དགེ་ལས་དང་སློབ་ཕྲུག ཕ་མ་བཅས་ལ་གསུང་བཤད་གནང་།

དེ་རྗེས་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་གསུང་བཤད་གནང་གྲུབ་རྗེས་དགེ་ལས་ཕ་མ་ཁག་གཅིག་གིས་ཤེས་རིག་བཀའ་བློན་མཆོག་ལ་བཀའ་འདྲི་ཁག་གཅིག་ཞུས་པར་བཀའ་བློན་མཆོག་གིས་བཀའ་ལན་གནང་།  མཐར་སློབ་གྲྭའི་འགན་འཛིན་གཞོན་པ་བསྟན་འཛིན་དབྱངས་ཉིད་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་ལེགས་པར་གྲུབ།

ཐེངས་འདིའི་སློབ་ཁག་གཉིས་ཀྱི་མཛད་སྒོར་ཁྱབ་ཁོངས་སློབ་གྲྭའི་དགེ་ལས་དང་ལས་བྱེད། སློབ་ཕྲུག ཕ་མ་བཅས་དང་། དེ་བཞིན་སྦེལ་ཇམ་བོད་རིགས་ཚོགས་པས་གཙོས་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་རྣམ་པ་སྐུ་མགྲོན་དུ་ཕེབས་ཡོད། སྦེལ་ཇམ་བོད་རིགས་ཚོགས་པ་ནས་ཤེས་རིག་བཀའ་བློན་མཆོག་དང་སྐུ་མགྲོན་རྣམ་པར་དགོངས་མོའི་གསོལ་ཚིགས་འདེགས་འབུལ་ཞུས་པ་དང་སྦྲགས། ཕྱི་ཟླ་ ༡༠ ཚེས་ ༡༠ ཉིན་སྦེལ་ཇམ་སྐུ་ཚབ་དོན་གཅོད་དང་རྩིས་པ། དྲུང་ཆེ། ཆོས་རིག་འཛིན་སྐྱོང་ཁང་གི་འགན་འཛིན་འཇིགས་མེད་ལགས་བཅས་ནས་ཤེས་རིག་བཀའ་བློན་མཆོག་མེ་འཁོར་འབབ་ཚུགས་སུ་ཕེབས་སྐྱེལ་དང་འབྲེལ་དོན་ཁང་གི་དྲུང་ཆེ་འཕྲིན་ལས་དབང་འདུས་ལགས་པེ་རི་སི་བར་ཕེབས་སྐྱེལ་དུ་ལྷན་བཅར་ཞུས། དགོངས་དྲོ་ཆུ་ཚོད་ ༨ ཙམ་ལ་ཕ་རཱན་སི་དང་སྦེལ་ཇམ་ཁུལ་གྱི་འཚམས་གཟིགས་ལེགས་པར་གྲུབ་ཏེ་ཕྱིར་རྒྱ་གར་དུ་ཕེབས་ཐོན་གནང་རྒྱུ་ཡིན་འདུག །

སྔོན་མ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཕ་རཱན་སི་ཨེ་ཨི་ཊི་རོགས་ཚོགས་དབུས་བརྙེས་ནས་མི་ལོ་ཧྲིལ་པོ་ ༤༠ འཁོར་བའི་དུས་ཆེན་མཛད་སྒོར་གསུང་བཤད་གནང་བ།
ཕྱི་མ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།
Menu