ཟླ་རེའི་གསར་འགྱུར།

སུ་ཇ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་དགྲ་འདུལ་ལགས་ལ་སྲིད་སྐྱོང་སློབ་ཡོན་ཐོབ་པའི་གསར་འགོད་གསལ་བསྒྲགས།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༥ ལོའི་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་གནང་སྐབས་སྒྱུ་རྩལ་སྡེ་ཚན་གྱི་སློབ་བུ་བསྟན་འཛིན་དགྲ་འདུལ་ལགས་ལ་བརྒྱ་ཆ་ ༩༥།༨ ཐོབ་ཡོད་པར་བརྟེན། ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༢།༠༠ ཐོག་བཀའ་ཤག་ཚོགས་ཁང་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཤེས་རིག་དྲུང་ཆེ་ངག་དབང་རབ་རྒྱལ་ལགས། སུ་ཇ་བོད་ཁྱིམ་གྱི་སློབ་སྤྱི་ཀརྨ་ཤེས་རབ་ལགས། ཤེས་རིག་སློབ་ཡོན་ཚན་པའི་འགན་འཛིན་འཆི་མེད་ཚེ་དབྱངས་ལགས། སློབ་བུ་བསྟན་འཛིན་དགྲ་འདུལ་ལགས་བཅས་དབུ་བཞུགས་ཐོག་ཕྱི་ལོ་ ༢༠༡༥ ལོའི་སྲིད་སྐྱོང་སློབ་ཡོན་སུ་ཇ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་དགྲ་འདུལ་ལགས་ལ་ཐོབ་པའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།
དེ་ཡང་སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། བསྟན་འཛིན་དགྲ་འདུལ་ལགས་ལ་སྲིད་སྐྱོང་སློབ་ཡོན་ཐོབ་པར་ཧ་ཅང་དགའ་པོ་བྱུང་བཀྲ་ཤིས་བདེ་ལེགས་ཡོད། སྤྱིར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་སྲིད་སྐྱོང་སློབ་ཡོན་འགོ་བཙུགས་ཏེ་ལོ་གསུམ་ལས་འགྲོ་གི་མེད་ནའང་། ད་བར་སློབ་ཡོན་ཐོབ་མཁན་སློབ་མ་གཉིས་བྱུང་ཡོད། སྲིད་སྐྱོང་སློབ་ཡོན་ཐེངས་གཉིས་པ་ཐོབ་མཁན་དེ་བསྟན་འཛིན་དགྲ་འདུལ་ལགས་རེད། དོ་བདག་དང་སློབ་གྲྭའི་ངོས་ནས་སྲིད་སྐྱོང་སློབ་ཡོན་ཐོབ་ཆེད་སྐུ་ལས་ཧ་ཅང་བསྐྱོན་པ་ཡིན་ཞེས་བརྗོད་ཀྱི་འདུག
སྲིད་སྐྱོང་སློབ་ཡོན་ཐོག་མར་འགོ་འཛུགས་སྐབས་སུ་གང་འདྲ་བྱེད་ན་ལེགས་ཚུལ་སྐོར་གོ་བསྡུར་གང་ཙམ་བྱུང་བ་རེད། བརྒྱ་ཆ་ ༩༠ ལོན་མཁན་རྣམས་ལ་ཧིན་སྒོར་སྟོང་ཕྲག་དྲུག་བཅུ་སྤྲོད་ཀྱི་ཡོད་སྟབས། བརྒྱ་ཆ་ ༩༥ ལོན་མཁན་ལ་སྟོང་ཕྲག་དྲུག་བཅུ་རེ་ལྔའམ་བདུན་བཅུ་དོན་ལྔ་བཟོས་ན་ཞེས་བཀའ་མོལ་བྱུང་བ་རེད་དེ་མཐར་སྒོར་འབུམ་གཅིག་སྤྲོད་རྒྱུའི་ཐག་གཅོད་བྱུང་ཡོད། སློབ་སྦྱོང་བྱེད་མཁན་སློབ་ཕྲུག་རྣམས་ལ་མཐོང་དང་ངོས་འཛིན་བྱས་པ་ཡིན་ན་ཐུགས་ཕན་ཡོང་གི་རེད་བསམ་པའི་ཐོག་ནས་འབད་བརྩོན་བྱས་པ་རེད། སྐབས་དེར་སློབ་ཕྲུག་ཁག་གཅིག་གིས་རྩེད་མོ་དང་སྦྲགས་བརྒྱ་ཆ་ ༩༥ ལོན་རྒྱུ་ཤེལ་སྒོའི་ནང་གི་མོག་མོག་ལྟ་བུ་རེད། ཐོབ་རྒྱུ་ཡོད་མ་རེད་བརྗོད་མཁན་བྱུང་འདུག འོན་ཀྱང་ཉེ་ཆར་བསྟན་འཛིན་དགྲ་འདུལ་ལགས་དང་། དེ་སྔོན་བསྟན་འཛིན་ཆོས་སྐྱིད་ལགས་ལ་སྲིད་སྐྱོང་སློབ་ཡོན་ཐོབ་ཡོད་པར་བརྟེན། ང་ཚོའི་སློབ་ཕྲུག་དང་། དེ་བཞིན་དགེ་རྒན་ལས་བྱེད་བཅས་ནས་འགན་ཁུར་བའི་དབང་གིས་ཤེས་ཡོན་ཐོག་གང་ལ་གང་ཙམ་ཡར་རྒྱས་འགྲོ་གི་ཡོད། ཅེས་ཞུས་པ་ཡིན་ནའང་ཞུ་ཆོག་པ་ལྟ་བུ་རེད། ཕྱི་ལོ་ ༢༠༡༠ ནས་ ༢༠༡༥ བར་གྱི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ལ་གཟིགས་པ་ཡིན་ན། སྔ་ལོ་སློབ་ཕྲུག་གྲངས་ ༣༢༡ གི་བརྒྱ་ཆ་ ༧༥ ཡན་ལོན་ཡོད་པར་ཧ་ཅང་དགའ་སྤོབས་བྱུང་། འདི་ལོ་སློབ་ཕྲུག་ ༤༤༣ གྱིས་བརྒྱ་ཆ་ ༧༥ ཡན་ལོན་སྟབས་གང་ཅིའི་ཐོག་ཡར་རྒྱས་འགྲོ་གི་ཡོད་པ་ཧ་ཅང་གསལ་པོ་རེད། དེར་བརྟེན་སློབ་གྲྭ་ཁག་གི་སློབ་སྤྱི་དང་། དགེ་ཆེ། དགེ་རྒན། ལས་བྱེད། མ་མ། ཕ་མ་སོགས་ཚང་མར་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་རྗེས་གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད་པ་བཅས། །

སྔོན་མ།
སུ་ཇ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་དགྲ་འདུལ་ལགས་ལ་སྲིད་སྐྱོང་སློབ་ཡོན་གནང་གཏན་འཁེལ་བ།
ཕྱི་མ།
གཞི་རིམ་འོག་མའི་དགེ་རྒན་ཟབ་སྦྱོང་མཇུག་བསྒྲིལ།
Menu