ཟླ་རེའི་གསར་འགྱུར།

སྔོན་འགྲོ་དགེ་རྒན་འོས་སྦྱོང་གི་དབུ་འབྱེད་གནས་ཚུལ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༥ རེས་གཟའ་ལྷག་པའི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་དྷ་ས་ཤེས་རབ་དགའ་ཚལ་སློབ་གླིང་དུ་སྔོན་འགྲོ་དགེ་རྒན་གྱི་འོས་སྦྱོང་ཞིག་འགོ་བཙུགས་གནང་ཞིང་། དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཤེས་རིག་དྲུང་ཆེ་སྐུ་ངོ་ངག་དབང་རབ་རྒྱས་ལགས་ཀྱིས་གཙོས་པའི་དྷ་ས་བོད་ཁྱིམ་སྔོན་འགྲོ་སྡེ་ཚན་གྱི་འགན་འཛིན་དགེ་ཨོ་རྒྱན་ལགས་དང་། ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་སྤྱི་བཅས་ངོ་ཕེབས་གནང་ཡོད།
ཐོག་མར་ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ཡིས་འོས་སྦྱོང་གི་དམིགས་ཡུལ་དང་ལས་རིམ་ངོ་སྤྲོད་གནང་དོན་དུ། འདས་པའི་ལོ་བདུན་ལྷག་གི་རིང་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་དང་མཐུན་པའི་སྔོན་འགྲོའི་དགེ་རྒན་འོས་སྦྱོང་གོ་སྒྲིག་ཞུས་མེད་སྟབས། ཉེ་སྔོན་སཾ་བྷོ་ཊ་དང་བོད་ཁྱིམ་གཉིས་སུ་འབྱུང་འགྱུར་ལོ་གསུམ་ནང་སྔོན་འགྲོ་དགེ་རྒན་གྱི་ས་མིག་དགོས་མཁོ་ཇི་ཡོད་ཞིབ་འཇུག་ཞུས་པ་ལྟར། ཐེངས་འདིའི་སྔོན་འགྲོ་དགེ་རྒན་འོས་སྦྱོང་འདི་བཞིན་གོ་སྒྲིག་ཞུས་པ་ཞིག་ཡིན་པ་མ་ཟད། འོས་སྦྱོང་ནང་ཞུགས་མཁན་རྣམས་ཀྱང་ཉུང་མཐར་ཉེ་བའི་གཙུག་ལག་རབ་འབྱམས་ཐོན་པ་ཡིན་ཞིང་། སྤྱིར་འོས་སྦྱོང་འདི་ལོའི་ཕྱི་ཟླ་ ༧ ནས་འགོ་འཛུགས་ཞུ་འཆར་ཡང་རོགས་དངུལ་དུས་ཐོག་གཏན་འཁེལ་མ་བྱུང་བའི་རྐྱེན་གྱིས་ཟླ་བ་གསུམ་རིང་འོས་སྦྱོང་འགོ་འཛུགས་ཞུ་རྒྱུའི་དུས་ཚོད་འཕར་འགྱངས་མ་ཞུས་ཀ་མེད་བྱུང་བའི་རྐྱེན་གྱིས། སྙན་འབུལ་བ་ཉི་ཤུ་རྩ་བདུན་ཁོངས་ནས་མང་པོ་ཞིག་ལས་དོན་གཞན་དག་ཏུ་ཕྱིན་ཏེ་མཐར་སྔོན་འགྲོ་དགེ་རྒན་འོས་སྦྱོང་ནང་ངོ་ཞུགས་གནང་མཁན་བུ་མོ་བཅུ་གཅིག་བྱུང་ཡོད། ཐོག་མའི་ཟླ་གྲངས་བཞི་ལྷག་གི་རིང་བོད་ཡིག་རྨང་གཞི་སྲ་བརྟན་དང་ཡིག་གཟུགས། རིགས་ལམ། རི་མོ་འབྲི་སྦྱོང་། རོལ་ཆ། ཀམ་པུ་ཊར་སོགས་སློབ་ཁྲིད་གནང་རྒྱུ་དང་། དེ་རྗེས་བོད་ཡིག་དང་ཨང་རྩིས་ཁྲིད་ཐབས། རྒྱུན་ཤེས། ཚོར་ཤེས་སོགས་སྔོན་འགྲོ་རང་གི་ཁྱད་ལས་སྦྱོང་བརྡར་ཐོག་ཤུགས་རྒྱག་རྒྱུ་ཡིན་པ་བཅས་ཀྱི་སྐོར་ངོ་སྤྲོད་གནང་།
དེ་ནས་དྷ་ས་བོད་ཁྱིམ་སྔོན་འགྲོའི་སྡེ་ཚན་གྱི་འགན་འཛིན་དགེ་ཨོ་རྒྱན་ལགས་ཀྱིས་མོན་ཊི་སོ་རིའི་ལྟ་གྲུབ་སྐོར་ངོ་སྤྲོད་གནང་བའི་ནང་། ང་ཚོའི་སྤྱི་ཚོགས་ནང་མ་རི་ཡ་མོན་ཊི་སོ་རིའི་ལྟ་གྲུབ་ལ་ཤེས་རྟོགས་དང་ཉམས་ལེན་ཡོད་མཁན་ཆེས་དཀོན་པའི་རྐྱེན་གྱིས་དེང་སང་ཡང་སྔོན་འགྲོའི་དགེ་རྒན་ཟེར་ན་ཤེས་ཚད་དེ་ཙམ་དགོས་ཀྱི་མེད་པ་ལྟ་བུར་བརྩི་བཞིན་ཡོད་པ་རེད། མ་འོངས་པར་སྔོན་དགེ་འོས་སྦྱོང་ཐོན་ཏེ་སོ་སོའི་ལས་ཀ་དེ་སྤུས་དག་པོ་ཞིག་བྱས་པ་ཡིན་ན། སྤྱི་ཚོགས་ནང་ཆེ་མཐོང་ཆེ་རུ་འགྲོ་ངེས་ཡིན་པ་མ་ཟད། སྔོན་མ་དྷ་ས་བོད་ཁྱིམ་ཐོག་མར་གསར་འཛུགས་གནང་བའི་སྐབས་ཕ་མ་ཉེ་འདུ་ཐག་རིང་དུ་བཞག་སྟེ་བོད་ནས་གསར་དུ་འབྱོར་བའི་ཕྲུ་གུ་རྣམས་ལ་ཕ་མའི་ཚབ་བྱས་ཏེ་བྱམས་སྐྱོང་དང་ལྟ་རྟོག་བྱེད་ཐུབ་པར་ཐབས་ལམ་ཅི་ཞིག་ལེགས་ཚུལ་བརྩད་ཞིབ་བྱས་པའི་སྐབས། སྔོན་འགྲོའི་ལས་དོན་ལ་རྒྱུས་མངའ་ཡོད་པའི་བུད་མེད་ཁྱད་ལས་པ་ཞིག་ནས་མོན་ཊི་སོ་རིའི་ལམ་ལུགས་དེ་ཉིད་རན་ཚུལ་དགོངས་འཆར་གསུངས་པ་ལྟར། དྷ་ས་བོད་ཁྱིམ་ཁྱབ་ཁོངས་སྔོན་སློབ་ཁག་ནང་དེ་ལྟར་ལག་བསྟར་ཞུས་པ་ཞིག་ཡིན་སྐོར་གསུངས། ཕྱི་རྒྱལ་ལྟ་བུ་ཆ་བཞག་ན་སྔོན་འགྲོའི་དགེ་རྒན་ནང་ཤེས་ཚད་དང་སྦྱོང་བརྡར་ཚད་ལྡན་ཡོད་པ་ཤ་སྟག་ཡིན་པ་དང་། ང་ཚོའི་སྤྱི་ཚོགས་ནང་དུའང་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་སྔོན་དགེ་ཚུན་གྱི་ཤེས་ཚད་ཉེ་བའི་གཙུག་ལག་རབ་འབྱམས་དགོས་པར་སོང་། མ་འོངས་པར་སྔོན་དགེའི་ཆེ་མཐོང་ཆེ་རུ་འགྲོ་རྒྱུའི་རེ་བ་ཡོད་སྐོར་གསུངས། མ་རི་ཡ་མོན་ཊི་སོ་རིའི་ལྟ་གྲུབ་གཞིར་བཟུང་དང་པོར་སྔོན་འགྲོའི་སློབ་ཕྲུག་རྣམས་རྒྱུན་ལྡན་ལས་རིགས་ཁག་ལ་དགའ་སྣང་སླེབས་པ་བཟོ་ཐུབ་ན། ཕྲུ་གུ་ཆུང་ཆུང་ཚོ་སློབ་གྲྭར་འགྲོ་རྒྱུ་དགའ་པོ་བྱེད་ལ། དེ་ནས་ཚོར་ཤེས་སྦྱོང་བརྡར་སོགས་སློབ་པ་ཡིན། དཔེར་ན། ལྕི་ཡང་དང་འཇམ་རྩུབ། ཕྲ་སྦོམ་སོགས་ཀྱི་ཁྱད་པར་ཤེས་སུ་འཇུག་པ་ཡིན། མ་རི་ཡ་མོན་ཊི་སོ་རིའི་ལྟ་གྲུབ་གལ་ཆེ་ཤོས་ནི། སློབ་ཕྲུག་ཚོར་སྒྲིག་འཛུགས་ལྡན་པའི་ཁོར་ཡུག་ཅིག་ནང་རང་དབང་གི་ཐོག་ནས་ལས་རིགས་ལ་འཇུག་རྒྱུའི་གོ་སྐབས་སྤྲད་དགོས་གསུངས་ཡོད། ཨིན་སྐད་ཐོག་ Freedom in a Discipline environment ཞེས་པ་དེ་ཡིན།
དེ་ནས་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་སྐུ་ངོ་ངག་དབང་རབ་རྒྱས་མཆོག་གིས་དགེ་རྒན་འོས་སྦྱོང་བ་རྣམས་མ་འོངས་པར་བོད་ཀྱི་སོན་རྩའི་ཤེས་ཡོན་སྐྱེད་སྲིང་དང་འཚར་ལོངས་ཐོག་ཞབས་འདེགས་བསྒྲུབ་རྒྱུའི་སེམས་ཐག་བཅད་དེ་ཕེབས་པར་འཚམས་འདྲི་ཞུས་པ་དང་སྦྲགས། དགེ་རྒན་ནི་མི་རིགས་དང་སྤྱི་ཚོགས་འཛུགས་སྐྲུན་གྱི་ཆ་རྐྱེན་གལ་གནད་ཆེན་པོ་ཞིག་ཡིན་པ་མ་ཟད། ཁོང་རང་སྒེར་ངོས་ནས་ཀྱང་རྒྱུན་དུ་དགེ་རྒན་རྣམས་ལ་དོན་དམ་གྱི་ཆེ་མཐོང་འབུལ་བཞིན་ཡོད་གསུངས་པ་མ་ཟད། དགེ་རྒན་ལ་ཆ་རྐྱེན་ཡང་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་གྱི་སྲིད་བྱུས་ཀྱི་དགོངས་དོན་བཞིན། མི་གཤིས་དང་སྤྱོད་ལམ་ལེགས་ཤོས་དང་ཤེས་ཡོན་གནས་ཚད་ཀྱང་བཟང་ཤོས་རྣམས་དགེ་རྒན་གྱི་ལས་སྒོར་འཇུག་ཐབས་བྱ་དགོས་སྐོར་གསུངས་ཡོད་སྟབས། འདི་ཐད་ངེས་པར་དུ་ཐུགས་སྣང་གནང་དགོས་སྐོར་གསུངས། བདག་ཅག་གི་སྟོན་པ་སངས་རྒྱས་ཤཀྱཱ་ཐུབ་པ་ལ་ཐབས་མཁས་ཐུགས་རྗེ་ཞུ་བ་ལྟར། དགེ་རྒན་ཡང་སློབ་ཕྲུག་དབང་པོ་རྣོ་རྟུལ་སྣ་ཚོགས་ལ་སློབ་ཁྲིད་གནང་དགོས་པར་སོང་ཐབས་ལམ་ལ་མཁས་པ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། སློབ་གྲྭ་ལ་མ་བསྐྱོད་གོང་དེ་རིང་ངས་སློབ་ཕྲུག་རྣམས་ལ་ཕན་པའི་བྱ་བ་ཞིག་བསྒྲུབ་དགོས་བསམས་ཏེ་སྨོན་ལམ་ཞིག་བཏབ་པ་ཡིན་ན་དངོས་སུ་ལག་བསྟར་སྐབས་དགེ་བའི་རྒྱུར་འགྲོ་བར་སོང་། ཀུན་སློང་བཟང་པོ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུངས། ལུས་བདེ་སྐྱིད་ཡོང་བ་ནི་སེམས་སྐྱིད་པ་ལ་རག་ལུས་ཡོད་པ་དང་། སེམས་སྐྱིད་པ་ཡང་སོ་སོའི་ལས་ཀ་ཚགས་ཚུད་ཅིག་བྱུང་ན་སེམས་སྐྱིད་པ་ཡོང་བས། མཐར་ཐུག་རང་གཞན་གཉིས་ཀར་ཕན་པ་ཡིན། རྒྱུན་དུ་བཤད་སྲོལ་ལྟར་རྟ་བཟང་པོ་ཞིག་བྱུང་ན་རྟེའུ་ནས་བྱུང་། མི་བཟང་པོ་ཞིག་བྱུང་ན་ཁྱེའུ་ནས་བྱུང་གསུངས་པ་ལྟར། སློབ་ཕྲུག་གི་ཤེས་ཡོན་ཡང་སྔོན་འགྲོའི་གནས་བབ་ལ་ཧ་ཅང་རག་ལུས་སྟབས་ཧུར་བརྩོན་གནང་རོགས་གསུངས། མཐར་སྐུ་མགྲོན་གཙོ་བོ་མཆོག་གིས་བོད་མི་ཚོར་ངོམ་དུ་ཆོག་པའི་ཡོན་ཏན་གསུམ་ཡོད་པ་ནི། འདི་ཕྱི་གཉིས་ལ་ཕན་པའི་ཆོས་དང་། འཛམ་གླིང་ཀུན་ལ་ཕན་པའི་རིག་གཞུང་། བྱམས་དང་བརྩེ་བ་ལྡན་པའི་དབུ་འཁྲིད་བཅས་ཡོད་པས་ངེས་པར་མི་རིགས་གཞན་ལས་མི་འདྲ་བ་ཞིག་བྱ་དགོས་སྐོར་གསུངས།
མཐའ་དོན་ཤེས་རིག་ལས་བྱེད་ཚེ་རིང་སྒྲོལ་མ་ལགས་ནས་སྐུ་མགྲོན་གཙོ་བོ་དབུས་པའི་དྷ་ས་སྔོན་འགྲོའི་སྡེ་ཚན་འགན་འཛིན་དང་། ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་སྤྱི་དང་ལས་བྱེད་རྣམས་ནས་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་། འོས་སྦྱོང་ནང་མཉམ་ཞུགས་གནང་མཁན་རྣམས་ནས་ཀྱང་སེམས་ཤུགས་བསྐྱེད་དེ་འོས་སྦྱོང་ནང་འཛུལ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུས་ཏེ་དབུ་འབྱེད་ལས་རིམ་མཇུག་བསྒྲིལ་བ་དང་། ཕྱི་ཚེས་ ༥ ཉིན་རྒྱབ་ནས་ཕྱི་ཚེས་ ༩ བར་ཉིན་གྲངས་བཞི་དང་ཕྱེད་ཀ་རིང་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གི་ཟབ་སྦྱོང་གོ་སྒྲིག་ཞུ་རྒྱུ་ཡིན་པ་རེད།

སྔོན་མ།
བྱང་ཨ་རི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ཚོགས་ཆེན་ཐེངས་ལྔ་པར་གཏན་འབེབས་བྱུང་བའི་གྲོས་ཆོད།
ཕྱི་མ།
གཞི་རིམ་གོང་མའི་བོད་ཡིག་སློབ་དེབ་གཏན་འབེབས་ཚོགས་འདུ།
Menu