ཟླ་རེའི་གསར་འགྱུར།

སློབ་གྲྭ་ཁག་གི་མདུན་ལམ་སློབ་སྟོན་པ་རྣམས་ལ་རི་མོའི་ལམ་ནས་སེམས་ཁམས་བཅོས་ཐབས་ཀྱི་ཟབ་སྦྱོང་གནང་བ།

༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༢ ཚེས་ ༢༦ ནས་ཟླ་བ་ ༠༣ ཚེས་ ༠༡ བར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་ཚན་པས་སྦེང་ལོར་ཏཱ་ལའི་བླ་མ་མཐོ་སློབ་ཏུ་སློབ་གྲྭ་ཁག་གི་མདུན་ལམ་སློབ་སྟོན་པ་རྣམས་ལ་རི་མོའི་ལམ་ནས་སེམས་ཁམས་བཅོས་ཐབས་ཀྱི་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་ཡོད། 

ཟབ་སྦྱོང་གི་དམིགས་ཡུལ་ནི། རྒན་གཞོན་བར་གསུམ་གྱི་ནང་སེམས་ཀྱི་དཀའ་ངལ་སེལ་བ་དང་། གོ་རྟོགས་སྤེལ་བ་བཅས་ལ་གཙོ་བོར་བཟུང་སྟེ་རི་མོའི་ལམ་ནས་སེམས་ཁམས་བཅོས་ཐབས་ཀྱི་གཞུང་ལུགས་དང་ལག་ལེན་གཉིས་ཀར་རྨང་གཞི་བརྟན་པོ་ཞིག་མཁོ་སྤྲོད་བྱེད་རྒྱུ་དེ་ཡིན་པ་མ་ཟད།  སློབ་སྟོན་པ་ཚོར་རི་མོའི་ཐབས་ལམ་དེ་བརྒྱུད་ནས་སློབ་སྟོན་གྱི་ནུས་པ་གོང་མཐོར་གཏོང་བའི་གོ་སྐབས་ཤིག་སྤྲོད་རྒྱུ་དེ་ཡིན།

དེ་ཡང་ཟབ་སྦྱོང་གི་ཐོག་མར་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་པ་འཇམ་དབྱངས་དབང་རྒྱལ་ལགས་ཀྱིས་ཟབ་སྦྱོང་གི་དགོས་དམིགས་དང་གལ་གནད་སྐོར་གསུངས། དེ་ནས་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་ཕྲུ་གུ་ཞིག་གི་མི་ཚེ་ཁ་ཕྱོགས་འགྱུར་བར་སློབ་སྟོན་པའི་འགན་འཁུར་ཆེན་པོ་ཡོད་པའི་སྐོར་ནན་བརྗོད་གནང་ཡོད། དེ་རྗེས་སློབ་སྟོན་པ་བསྟན་འཛིན་ཆོས་ལྡན་ལགས་ཀྱིས་སྐུ་མགྲོན་གཙོ་བོ་དང་། ཁྱད་ལས་པ། དེ་བཞིན་ཚོགས་ཞུགས་པ་རྣམས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་།

ཟབ་སྦྱོང་གི་བརྒྱུད་རིམ་དེའི་ནང་རི་མོའི་བཅོས་ཐབས་གྱི་འཕེལ་རིམ་དང་། སྒྱུ་རྩལ་སློབ་གསོ་དང་ཁྱད་པར། དེ་བཞིན་ལག་བསྟར་གནང་ཕྱོགས་གཙོས་པའི་བརྗོད་གཞི་མི་འདྲ་བའི་ཐོག་སྦྱོང་བརྡར་གནང་ཡོད། དེ་ཡང་སྦེང་ལོར་གྱི་ (Circle of Hope) གྱི་འགན་འཛིན་འབུམ་རམས་པ་ཨཱ་ཤཱ་སིདྷ་ལགས་ཀྱིས་སྒྱུ་རྩལ་བཅོས་ཐབས་ཀྱི་ལམ་ནས་སེམས་ངལ་གཅུན་ཐབས་དང་སེམས་འཚབ་སོགས་ལ་ཕན་ཐོགས་ཚུལ་སྐོར་འགྲེལ་བརྗོད་གནང་ཡོད།

མཇུག་སྡོམ་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་སྦེང་ལོར་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་སློབ་སྤྱི་འབུམ་རམས་པ་བསྟན་འཛིན་པ་སངས་ལགས་ཀྱིས་ཤེས་རིག་ལས་ཁུངས་ནས་ཟབ་སྦྱོང་དེ་བཞིན་མཐོ་སློབ་དེར་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག མདུན་ལམ་སློབ་སྟོན་པ་རྣམས་ནས་ཟབ་སྦྱོང་སྐབས་གང་ཤེས་རྟོགས་བྱུང་བ་རྣམས་སློབ་གྲྭའི་ཁོར་ཡུག་ནང་ལག་བསྟར་གནང་དགོས་པའི་ནན་བསྐུལ་གནང་ཡོད།

རི་མོའི་ལམ་ནས་སེམས་ཁམས་བཅོས་ཐབས་ཀྱི་ཟབ་སྦྱོང་དེའི་བརྒྱུད་ནས་སློབ་སྟོན་པ་རྣམས་ལ་སློབ་གསོ་གསར་པ་དང་། ཉམས་མྱོང་། དེ་བཞིན་མདུན་ལམ་སློབ་གསོ་གནང་ཕྱོགས་ཀྱི་རྩལ་གོང་མཐོར་གཏོང་བར་ཕན་ཐོགས་བྱུང་ཡོད།

སྐབས་དེར་བོད་ཕྲུག་ཁྱིམ་སྡེ་དང་། མ་སུ་རི་བོད་ཁྱིམ། སམ་བྷོ་ཊ་བོད་སློབ་ཚོགས་པ་བཅས་ནས་ཁྱོན་བསྡོམས་ཚོགས་བཅར་བ་གྲངས་ ༢༤ ཕེབས་ཡོད་དང་ཐེངས་འདིའི་ཟབ་སྦྱོང་འདི་བཞིན་ཁེ་ན་ཊའི་རོགས་ཚོགས་ (Global Affairs Canada) ནས་མཐུན་འགྱུར་གནང་ཡོད། །

སྔོན་མ།
ཕ་མའི་དུས་དྲན་ཉིན་མོར་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གི་གསུང་འཕྲིན།
ཕྱི་མ།
བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་ཐེངས་བཅུ་གཅིག་པ་བསྐོང་ཚོགས་གནང་བ།
Menu