ཟླ་རེའི་གསར་འགྱུར།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༧ ནས་ ༩ བར་གྱི་ཤེས་རིག་ཚོགས་ཆེན་ཐེངས་དྲུག་པའི་ཚོགས་ཆུང་ཁག་གི་གྲོས་གཞི་དོན་ཚན་གསུམ་ཐོག་སྤྱི་མོས་དང་མང་མོས་བྱུང་བའི་སྙན་ཐོ་ལས་ཕྱོགས་བསྡོམས་ཞུས་པའི་གྲོས་ཆོད།

གྲོས་གཞི་དང་པོ།

གཏན་ཉིན་སློབ་གྲྭ་ཁག་ནང་ཤེས་ཡོན་ཚད་དང་ལྡན་པ་ཡོང་མིན་ནི་གཙོ་བོ་དགེ་རྒན་ལ་རག་ལས་ཡོད་པར་སོང་སློབ་གྲྭ་ཁག་གི་དགེ་རྒན་སྤུས་ཚད་གོང་མཐོར་གཏོང་ཕྱོགས་ཐད་ཟབ་སྦྱོང་དང་སྦྱོང་བརྡར། ཤེས་ཡོན་གོང་སྤེལ་ལས་རིམ། ཡིག་འགྲུལ་སློབ་སྦྱོང་སོགས་དགེ་རྒན་རྣམ་པའི་ཁྱད་ལས་ཡར་རྒྱས་གཏོང་ཕྱོགས་དང་ཉམས་མྱོང་ལྡན་པའི་དགེ་རྒན་རྒྱུན་གནས་ཐུབ་ཐབས་ཇི་དགེའི་སྐོར།

ཀ༽    དགེ་རྒན་གྱི་ཁྱད་ལས་ཡར་རྒྱས་གཏོང་ཐབས།

  1. ཚོགས་ཆེན་ཐོག་འགྲེམས་སྤེལ་ཞུས་པའི་དགེ་རྒན་གྱི་ཁྱད་ལས་ཡར་རྒྱས་གཏོང་ཕྱོགས་ཀྱི་སྒྲོམ་གཞི་དང་ལམ་སྟོན་ཡིག་ཆ་དེར་ཚོགས་བཅར་བ་ཡོངས་ནས་སྤྱི་མོས་རྒྱབ་སྐྱོར་བྱུང་བ་ལྟར། སློབ་གྲྭ་ཁག་ལ་རིམ་བཞིན་ལག་བསྟར་ཇི་བཞིན་ཡོང་ཐབས་ཤེས་རིག་ལས་ཁུངས་ནས་འཆར་འགོད་དང་མི་སྣ་ཆེད་ཕེབས་ཀྱིས་ངོ་སྤྲོད་དང་གོ་རྟོགས་གཏིང་ཟབ་སྤེལ་ཐབས།
  2. དགེ་རྒན་ཕན་ཚུན་གྱི་ལས་དོན་དང་འབྲེལ་བའི་བསམ་ཚུལ་བརྗེ་ལེན་གྱི་དྲ་རྒྱའི་བརྒྱུད་ལམ་ཞིག་འཛུགས་ཐབས།
  3. དགེ་རྒན་གྱི་འབྲི་རྩོམ་དང་དཔྱད་རྩོམ། ཁྱད་ལས་པའི་རྣམ་དཔྱོད་དང་ཉམས་མྱོང་སྤེལ་སའི་དུས་དེབ་ཅིག་འདོན་ཐབས།
  4. དགེ་རྒན་ཕྱག་ལས་གནང་བཞིན་པ་རྣམས་ལ་ཡིག་འགྲུལ་གྱི་ལམ་ནས་ཤེས་ཡོན་གོང་མཐོར་གཏོང་བའི་གོ་སྐབས་དང། སློབ་ཡོན་དམིགས་བསལ་གནང་རྒྱུ།
  5. སློབ་གྲྭ་ཁག་གི་དགེ་རྒན་སྤུས་ཚད་གོང་མཐོར་གཏོང་ཐབས་སུ་དུས་བསྟུན་ཟབ་སྦྱོང་གང་མང་སྤྲོད་ཐབས། དེ་ཡང་ཟབ་སྦྱོང་མ་ཐོབ་པའི་རིགས་ལ་ས་གནས་གཅིག་ཏུ་སྡེབ་གཅིག་ལ་མིན་པར་ས་གནས་སོ་སོར་སྡེ་ཚན་དབྱེ་འབྱེད་ཀྱིས་དགེ་རྒན་ནང་ཁུལ་དང་དགེ་རྒན་གྱི་དགོས་མཁོ་དང་འཚམས་པའི་ཟབ་སྦྱོང་སྤྲོད་རྒྱུ། སྤྱི་ཡོངས་ཟབ་སྦྱོང་གྲ་སྒྲིག་གནང་འོས་ཁག་ནི་རྒྱུན་མཐུད་ཞིབ་འཇུག་ (CCE) བྱ་ཕྱོགས་དང། རྩོད་རྙོག་འདུམ་སྒྲིག ཕྲུ་གུའི་སེམས་ཁམས་རིག་པ་སོགས་དང། ཟབ་སྦྱོང་ཟིན་རྗེས་སློབ་གྲྭ་སོ་སོའི་འབྲེལ་ཡོད་དགེ་རྒན་ཚོར་ཟབ་ཁྲིད་གནང་བ་དང་ཉམས་མྱོང་རྣམས་སློབ་གྲྭར་རྒྱུན་གཏན་ལག་ལེན་བསྟར་ཐུབ་པ་གནང་དགོས།
  6. ཟབ་སྦྱོང་སྤྲོད་མིའི་ནང་ཤེས་མྱོང་ལྡན་པའི་བོད་རིགས་གང་མང་ཡོང་ཐབས་དང། ཟབ་སྦྱོང་དེ་དག་ཀྱང་སློབ་གྲྭའི་ཡིག་རྒྱུགས་དང་ལས་རིམ་གལ་ཆེའི་རིགས་ལ་མ་འཁེལ་བའི་དུས་ཚོད་ཐད་ཐུགས་སྣང་གནང་རྒྱུ།
  7. བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དོན་ཚན་༡༡/༩ པར། དགེ་རྒན་འདེམས་སྒྲུག་དང་། གླ་ཕོགས་མཐུན་རྐྱེན། གནས་སྤར་གནས་སྤོ། རྒྱུན་འཕར་ལས་འགན། སྒྲིག་ལམ་ཀུན་སྤྱོད། བདེ་དོན་ལྟ་རྟོག གྲུབ་འབྲས་ཞིབ་བཤེར་སོགས་ཀྱི་སྐོར་ཁྲིམས་ལུགས་དང་སྒྲིག་གཞི་ཞིབ་གསལ་བཟོ་རྒྱུ་ཞེས་འཁོད་དོན་ལྟར་ཁྲིམས་ལུགས་དང་སྒྲིག་གཞི་གཏན་འབེབས་གནང་རྒྱུ།
  8. ཤེས་ཡོན་སྲིད་བྱུས་ནང་འཁོད་བཞིན་དགེ་རྒན་གྱི་སྤུས་ཚད་ཐོག་བཏང་འཛིན་ཚད་ལྡན་ཡོང་སླད་དགེ་རྒན་རྣམས་ལ་ཤེས་ཡོན་ལྷན་ཚོགས་ངོས་ནས་ལོ་ལྔ་རེའི་དུས་ཡུན་ཅན་གྱི་དགེ་རྒན་ལས་སྒོར་ཞུགས་པའི་ལག་འཁྱེར་ཞུ་དགོས་པ་བཟོ་རྒྱུ་དང་། ལོ་ལྔ་རེའི་མཚམས་སུ་ལག་འཁྱེར་བསྐྱར་ལེན་བྱེད་པར་དུས་ཡུན་དེའི་རིང་རང་གི་ཁྱད་ལས་གོང་འཕེལ་གཏོང་བའི་ཟབ་སྦྱོང་གསར་པ་གྲངས་ཚད་ངེས་ཅན་རེ་འགྲིམ་དགོས་པའི་ཆ་རྐྱེན་འདོན་དགོས།

ཁ༽    དགེ་རྒན་གྱི་ཆེ་མཐོང་དང་མཐུན་རྐྱེན་ཡར་རྒྱས་གཏོང་ཐབས།

  1. དགེ་རྒན་སྡོད་གནས་(Staff Room) ནང་ཀམ་པུ་ཊར་དང་དྲ་རྒྱའི་མཐུན་རྐྱེན། དཔེ་མཛོད་ཁང་དུ་དཔེ་དེབ་སྣ་འཛོམས། གཞན་ཡང་སློབ་ཚན་སློབ་ཐབས་ཀྱི་གློག་བརྙན་སྟོན་བྱེད་འཕྲུལ་འཁོར་(LCD Projector) མཐུན་རྐྱེན་སྦྱོར་ཐབས།
  2. སྒྲིག་ཞུགས་དང་སྒྲིག་ཞུགས་མ་ཡིན་པའི་རིགས་གཅིག་རྐང་འཛིན་གནང་འདོད་ཡོད་རིགས་ལ་དམིགས་བསལ་སློབ་ཡོན་དགོངས་བཞེས་གནང་གལ།
  3. དགེ་རྒན་གྱི་གསོལ་ཕོགས་སྤར་ཆ་དང། སྨན་ཁང་བསྟེན་གཏུག་དང་མཛད་སྒོ་སོགས་ཀྱི་སྐབས་མི་མང་དཀྱུས་མ་བཞིན་མིན་པར་ཆེ་མཐོང་དང། བརྩི་འཇོག་ཡོང་ཐབས།
  4. མཐའ་མཚམས་སོགས་ས་ཆ་ཁུག་ཀྱོག་ལ་ཡོད་པའི་སློབ་གྲྭ་ཁག་གི་དགེ་རྒན་རྣམས་ལ་མཐུན་རྐྱེན་དང་གླ་ཕོགས་སོགས་དམིགས་བསལ་གནང་གལ།

གྲོས་གཞི་གཉིས་པ།

    མཐོ་རིམ་ཤེས་ཡོན་སོགས་གནད་སྨིན་ཡོང་མིན་ནི་སྔོན་འགྲོ་དང་གཞི་རིམ་འོག་མའི་ཤེས་ཡོན་སྲ་བརྟན་ལ་གཙོ་བོ་རག་ལས་ཡོད་པར་བརྟེན་སྔོན་འགྲོ་དང་གཞི་རིམ་འོག་མའི་སྐབས་ཀྱི་དགེ་རྒན་གྱི་འོས་ཆོས་དང་སྐད་ཡིག་སློབ་ཁྲིད། ཨང་རྩིས་སོགས་དུས་མཐུན་ཁྲིད་ཐབས་སྲ་བརྟན་དང་ལེགས་བཅོས་གཏོང་ཕྱོགས་ཇི་དགེའི་སྐོར།

  1. སྔོན་འགྲོ་དང་གཞི་རིམ་འོག་མའི་དགེ་རྒན་གསར་པ་བསྐོ་གཞག་གནང་ཕྱོགས་དང་དགེ་རྒན་གྱི་འོས་ཆོས། མཐུན་རྐྱེན། གསོལ་ཕོགས་སོགས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དོན་ཚན་ ༡༡/༡༢ ནང་དུ། “སྔོན་འགྲོ་དང་གཞི་རིམ་འོག་མའི་དགེ་རྒན་རྣམས་ཉེ་བའི་གཙུག་ལག་རབ་འབྱམས་པའི་ཤེས་ཚད་ཐོག་དགེ་རྒན་འོས་སྦྱོང་ཡོད་པ་དགོས་ཤིང་། དེ་དག་གི་གླ་ཕོགས་དང་མཐུན་རྐྱེན་ཁག་ཀྱང་གཞི་རིམ་གོང་མའི་དགེ་རྒན་དང་གཅིག་མཚུངས་དགོས་པ་བཟོ་རྒྱུ།” ཞེས་གསལ་བ་ལྟར་སློབ་གྲྭའི་འཛིན་སྐྱོང་ཁག་ནས་ཕྱག་བསྟར་གནང་ཐབས།
  2. སྐད་ཡིག་གི་ཁྱད་ཆོས་བཞི་སྟེ། ཀློག་རྩལ། འབྲི་རྩལ། འཆད་རྩལ། ཉན་རྩལ་རྣམས་སློབ་མའི་རྒྱུད་ལ་འཇགས་ཐབས་གནད་འགག་ངོ་སྤྲོད་དཔྱིས་ཕྱིན་པ་གནང་ཐབས་འབད་བརྩོན་གནང་གལ།
  3. སྐད་ཡིག་ཡར་རྒྱས་གཏོང་ཐབས་སུ་སློབ་གྲྭ་ཁག་ནང་སྐད་ཡིག་(ཨིན་བོད་ཟུང་འབྲེལ་)ཆེད་སྦྱོང་ཁང་(Langauge Lab) གསར་འཛུགས་གནང་ཐབས་དགོངས་བཞེས་དང་འབྲེལ། ༸གོང་ས་མཆོག་གི་བཀའ་སློབ་ཀྱིས་མཚོན་བཀའ་སློབ་དང་སྒྲུང་སོགས་གང་མང་ཉན་འཇུག་ཡོང་ཐབས་དང། དེ་འབྲེལ་དགེ་རྒན་རྣམས་ལའང་སྦྱོང་བརྡར་གནང་ཐབས།
  4. སློབ་གྲྭ་ཁག་ནང་གཞི་རིམ་འོག་མར་དཔེ་མཛོད་ཁང་ཟུར་དུ་འཛུགས་ཐབས་དང་། ཕྲུ་གུར་དཔེ་དེབ་ཀློག་རྒྱུའི་གོམས་གཤིས་འཇགས་ཐབས་སུ་དགེ་རྒན་རྣམས་ནས་མིག་དཔེ་བཟང་པོ་བསྟན་དགོས་ཐོག སློབ་གྲྭའི་ནང་དཔེ་དེབ་ཚོང་འདུས་(Book Fair) ལྟ་བུ་གང་མང་གོ་སྒྲིག་གནང་གལ།
  5. ཤེས་རིག་ནས་སྐད་ཡིག་གནས་ཚད་ཐད་དམིགས་བཀར་རྟོག་ཞིབ་མཇུག་གནོན་གང་མང་གནང་གལ།
  6. གཞི་རིམ་འཛིན་གྲྭ་སོ་སོར་སློབ་ཚན་ཆ་ཚང་བསླབས་ཐུབ་མིན་བལྟ་བ་ལས། སློབ་ཚན་བྱེ་བྲག་རེ་རེའི་མ་མཐའི་ཤེས་ཚད་(Minimum Learning Outcome) གཏན་འབེབས་ངེས་ཅན་ཞིག་བཟོ་དགོས་གལ་དང་། གཏན་འབེབས་གནང་བ་གཞིར་བཟུང་སློབ་ཕྲུག་གིས་ངེས་པར་དུ་ཤེས་ཐབས་འབད་བརྩོན་བྱ་གལ་ཆེ།
  7. སློབ་གྲྭ་སོ་སོའི་ནང་ད་ཡོད་ཁྲིད་ཆས་དང་མཐུན་རྐྱེན་ཇི་ཡོད་བེད་སྤྱོད་འཐུས་ཚང་ཐོག  སློབ་གྲྭའི་ནང་དུ་ཁྲིད་ཆས་ཁང་(Resource Room) ངེས་པར་དུ་དགོས་གལ་དང་། དམའ་རིམ་འཛིན་གྲྭའི་སློབ་ཕྲུག་རྣམས་ལ་ཤེས་ཡོན་སློབ་སྟོན་ཆེད་དེང་སང་མཐོང་ཆོས་སུ་ཡོད་པའི་དུས་མཐུན་ཁྲིད་ཆས་ཁག་མཁོ་སྒྲུབ་གནང་རྒྱུ་དང་། དགེ་རྒན་རང་ཉིད་ཀྱིས་ཀྱང་ཁྲིད་ཆས་གསར་བཟོ་གནང་སྟེ་བེད་སྤྱོད་ངེས་པར་དུ་གཏོང་གལ།
  8. སྔོན་འགྲོ་གཙོས་གཞི་རིམ་སློབ་གྲྭའི་ནང་འཛིན་གྲྭ་རེར་ཕྲུ་གུའི་གྲངས་ཚད་༡༥ ལྷག་མེད་པ་གཙོ་འདོན་གནང་ཐབས།
  9. ཤེས་རིག་ལས་ཁུངས་ཀྱི་ངོས་ནས་སློབ་ཕྲུག་གི་ལོ་ཚད་དང་ཤེས་ཡོན་ལ་དཔག་པའི་སྒྲུང་དེབ་དང་། བརྙན་པར་འོད་སྡེར། སྒྲ་བརྙན་འཁོར་ཐག པར་རིས་སྒྲུང་དེབ་སོགས་སྔར་བཞིན་པར་སྐྲུན་གང་མང་གནང་རྒྱུ། ལྷག་པར་དུ་བོད་ཡིག་གི་ཞབས་མཆན་གསལ་བའི་བོད་སྐད་ཐོག་ཡ་རབས་བཟང་སྤྱོད་དང་ལྡན་པའི་བྱིས་པའི་འགུལ་རིས་ལྟད་མོ་དགོས་གལ་ཆེ་བ་དང་། དེ་བཞིན་གཞི་རིམ་འོག་མ་དང་སྔོན་འགྲོའི་ཆེད་དུ་དབུ་མེད་ཐོག་རི་མོ་མཉམ་དུ་ཡོད་པའི་གོ་བདེའི་བྱིས་སྒྲུང་དཔེ་དེབ་ཚད་ལྡན་གང་མང་བཟོ་གལ། དེ་ཡང་དཔེ་དེབ་རྩོམ་སྒྲིག་ཚོགས་ཆུང་ནང་ཕྲུ་གུའི་མངོན་འདོད་ཤེས་མཁན་དང་། ཕྲུ་གུའི་སེམས་ཁམས་རིག་གནས་ལ་སྦྱངས་པ་ཡོད་པའི་མི་སྣ་དགོས་གལ། དེ་བཞིན་སྒྲུང་དེབ་སོགས་ཕྲུ་གུའི་ཕ་མ་དང་མི་དམངས་བྱིངས་ནས་འབྲི་རྩོམ་ཡོང་ཐབས་ཀྱང་གནང་གལ།
  10. ཐ་སྙད་གཅིག་གྱུར་ཅན་གྱི་ཨིན་བོད་ཤན་སྦྱར་གྱི་མིང་ཚིག་དང་པར་རིས་གཉིས་ཀ་ཡོད་པའི་ཤོག་བྱང་། གཞན་ཡང་དེབ་གཟུགས་བཅས་མཁོ་སྒྲུབ་གནང་སྟེ་བཀོལ་སྤྱོད་གང་མང་གནང་གལ་ཆེ་ཞིང་། ལྷག་པར་དུ་ཚན་རིག་དང་ཨང་རྩིས་སོགས་ཀྱི་ཐ་སྙད་གཏན་འབེབས་གནང་དགོས།
  11. སློབ་གྲྭ་ཁག་ཏུ་སློབ་ཚན་སྣེ་འཁྲིད་པ་(Mentor Teacher / Resource Person) བསྐོ་འཛུགས་ཀྱིས་སློབ་དགེ་རྣམས་ལ་རྟོག་ཞིབ་དང་ལམ་སྟོན་གནང་ཐབས།
  12. བོད་བསྒྱུར་ཞུས་པའི་སློབ་ཚན་རྣམས་ཀྱི་ཐ་སྙད་གསར་པ་རྣམས་ལ་སྐད་ཡིག་ཤན་སྦྱར་གང་མང་དགོས་གལ་དང་། ཚིག་འགྱུར་རྣམས་ཀྱང་ཐ་སྙད་གཏན་འབེབས་སྡེ་ཚན་ནས་གཏན་འབེབས་གནང་བའི་བརྡ་ཆད་ལ་གཞིར་བཅོལ་ཏེ་གཅིག་གྱུར་ཡོང་ཐབས།
  13. སློབ་དེབ་གཏན་འབེབས་མ་གནང་གོང་རགས་ཟིན་དགེ་རྒན་རྣམས་ལ་ཟླ་ཤས་རིང་འགྲེམས་སྤེལ་བྱས་ཏེ། དགེ་རྒན་ལས་ལེགས་ཉེས་བསམ་འཆར་བསྡུ་རུབ་གནང་གྲུབ་རྗེས་གཏན་འབེབས་གནང་གལ་དང་། ལྷག་པར་དུ་སློབ་དེབ་བསྐྱར་ཞིབ་དེ་ཁ་ཚ་དགོས་གཏུགས་མ་ཟད། ད་ལྟའི་འཛིན་གྲྭ་བཞི་པ་དང་ལྔ་པའི་བོད་ཡིག་སློབ་དེབ་དག་ལོ་ ༢༠ ཙམ་འགྲོ་བཞིན་ཡོད་སྟབས། བསྐྱར་བཅོས་གང་མགྱོགས་དང་ཕྱིས་སུ་ལོ་ལྔ་རེའི་ནང་སློབ་དེབ་བསྐྱར་ཞིབ་ངེས་པར་དགོས་གལ།
  14. དགེ་རྒན་སོ་སོ་ནས་ཆོས་དགེ་དང་ལྷན་དུ་ཨང་རྩིས་དང་ཚན་རིག་སློབ་ཚན་རྣམས་རིགས་ལམ་ཐོག་ནས་སློབ་ཁྲིད་གནང་ཐུབ་ན་ཕྲུ་གུས་གནད་དོན་དངོས་རྟོགས་ཐུབ་པར་དགེ་ཕན་ཆེ་བས་དེ་ལྟར་གནང་ཐབས་དང། གཞན་ཡང་དེང་རབས་དང་མཐུན་པའི་ཀམ་པུ་ཊར་སོགས་ཀྱི་བརྒྱུད་ལམ་ནས་སློབ་འཁྲིད་གནང་ཐབས་ཐོག་ཐུགས་ཁུར་བཞེས་རྒྱུ།

གྲོས་གཞི་གསུམ་པ།

    ཤེས་ཡོན་སྲིད་བྱུས་ཀྱི་ཤེས་ཡོན་སྤྲོད་པའི་དགོས་དམིགས་རང་དབང་དང་། གཞན་ཕན། རྒྱུན་འཛིན། གསར་གཏོད་བཞི་སློབ་མ་རྣམས་ཀྱི་རྒྱུད་ལ་སད་སྨིན་རྫོགས་གསུམ་ཡོང་སླད་ཉིན་རེའི་སློབ་ཁྲིད་ལག་ལེན་དང་འཛིན་སྐྱོང་གིས་བཏང་འཛིན་དམིགས་དོན་འཁེལ་བ་ཡོང་ཐབས་ཇི་དགེའི་སྐོར།

  1. ཤེས་ཡོན་སྤྲོད་དགོས་པའི་དམིགས་ཡུལ་བཞི་པོ་འདི་དག་ཉིན་རེའི་སློབ་ཚན་དང་འབྲེལ་ནས་སློབ་ཁྲིད་ཡོང་ཐབས་ཀྱི་ལམ་སྟོན་ལག་དེབ་གསར་བསྒྲིག་དང་འབྲེལ་ཡོད་དགེ་རྒན་རྣམས་ལ་ངོ་སྤྲོད་གསལ་བཤད་དང་། འགྲེམས་སྤེལ། དེ་བཞིན་ཕ་མ་དང་མང་ཚོགས་ལའང་གསལ་བཤད་གནང་ཐབས་དགོས་རྒྱུ།
  2. སློབ་གྲྭའི་ནང་བགྲོ་གླེང་དང་གཏམ་བཤད་ཀྱི་ལས་རིམ་གང་མང་གོ་སྒྲིག་སྐབས་བརྗོད་བྱ་གང་ཡིན་སློབ་གྲྭ་ནས་ངོ་སྤྲོད་བྱེད་པ་ལས་རྗོད་བྱེད་སློབ་ཕྲུག་རང་ཉིད་ཀྱིས་བཟོ་དགོས་པ་དང། དེ་ཡང་བློ་འཛིན་དང་ཤོག་ཐོག་ནས་ཀློག་པ་ལྟ་བུ་མ་ཡིན་པར་བོད་སྐད་གཙང་མའི་ཐོག་ནས་ཐད་ཀར་ཤོད་ཐུབ་ཐབས་ཀྱི་ལས་འགུལ་སྤེལ་ཐབས་དགོས་རྒྱུ།
  3. སློབ་ཕྲུག་ཆུང་དུས་ནས་རང་འགན་འཁུར་རྒྱུ་དང་།     ལོ་རེར་རིག་རྩལ་འཁྲབ་སྟོན་ཐེངས་གཅིག་གཉིས་གོ་སྒྲིག་གིས་སློབ་མ་སོ་སོའི་འཇོན་ནུས་གོང་འཕེལ་གཏོང་བའི་གླེང་སྟེགས་ཤིག་བསྐྲུན་གལ་ཆེ་བ་མ་ཟད། འཛིན་གྲྭར་སློབ་ཕྲུག་གི་ལན་འདེབས་ནོར་བར་དམའ་འབེབས་མེད་པར་ནོར་བཅོས་དང་སེམས་ཤུགས་སྤར་ཐབས། དེ་བཞིན་སྦྱོང་ཚན་ཁག་གི་ལན་འདེབས་སློབ་མ་རང་ངོས་ནས་འབྲི་འཇུག་གལ།
  4. སྤྱི་ཚོགས་དང་ཁོར་ཡུག་ལས་དོན་ཐོག་ལ་སློབ་མ་རྣམས་དངོས་སུ་མཉམ་ཞུགས་གནང་དུ་བཅུག་ནས། སློབ་གྲྭ་སོ་སོའི་ཉེ་འགྲམ་དུ་ཡོད་པའི་སྨན་ཁང་ཆེ་ཁག་དང་རྒན་གསོ་ཁང་དུ་སློབ་ཕྲུག་རྣམས་ལྟ་སྐོར་དུ་ཁྲིད་ན་ནད་པ་འདྲ་མིན་ཡོད་པ་ངོ་སྤྲོད་ཐུབ་པ། དེ་བཞིན་འབྱུང་བཞི་འཁྲུགས་པ་ལས་ས་ཡོམ་དང། ཆུ་ལོག ས་རུད། ནད་ཡམས་སོགས་ཀྱི་གོད་ཆག་བྱུང་སྐབས་སློབ་ཕྲུག་རྣམས་འཁྲིད་དེ་རོགས་སྐྱོར་ལས་འགུལ་ནང་ཞུགས་ན་གཞན་ཕན་གྱི་བསམ་བློ་ངང་གིས་སླེབས་ཐུབ།
  5. འཛིན་གྲྭ་ལྔ་པ་ཙམ་ནས་སློབ་གྲྭའི་ལས་རིམ་ནང་དུ་སློབ་སྦྱོང་གི་ཞོར་དུ་ལག་ཤེས་འདྲ་མིན་ཡོད་པའི་ལག་ཤེས་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཡོད་པ་དང་། ལག་ཤེས་སློབ་སྦྱོང་དེར་འཛུལ་ཞུགས་བྱེད་མཁན་རྣམས་འཛིན་རིམ་བཅུ་པའམ་བཅུ་གཉིས་ཐོན་རྗེས་ལག་ཤེས་སློབ་སྦྱོང་མུ་མཐུད་བྱེད་ཐུབ་ཐབས་ཀྱི་ཆ་རྐྱེན་བསྐྲུན་རྒྱུར་འཛིན་སྐྱོང་དང་ཕ་མ་ཐུན་མོང་ནས་འགན་འཁུར་དགོས་རྒྱུ།
  6. སློབ་གྲྭའི་དགེ་ལས་རྣམས་ནི་སློབ་ཕྲུག་རྣམས་ཀྱི་མིག་དཔེ་དང། རེ་ཡུལ་ངོ་འདྲིས་ཅན་ཡིན་སྟབས། དགེ་ལས་སོ་སོའི་ཉིན་རེའི་སྤྱོད་ཚུལ་སྤྱི་དང་ཡང་སྒོས་སློབ་ཕྲུག་དང་ཐད་ཀར་འབྲེལ་བ་གནང་བའི་སྐབས་སུ་བྱམས་སྐྱོང་ལྡན་པ། དྲང་པོ་ཞི་འཇམ་སོགས་དགོས་རྒྱུ་ཧ་ཅང་གལ་ཆེ།
  7. སྙིང་རྗེ་དང་གཞན་ཕན་བྱང་ཆུབ་ཀྱི་སེམས་ཀྱི་ངོ་སྤྲོད་དང་ཕན་ཡོན་ཇི་ཡོད་གོ་བདེའི་ཚིག་བརྗོད་སྒོ་ནས་འགྲེལ་བརྗོད་དང། དུས་ཐུང་སྒོམ་སྒྲུབ་སྟར་ཆགས་སུ་བྱེད་འཇུག་པའི་ཐོག་ལས་འབྲས་དང་འབྲེལ་བའི་སྐྱེས་རབས་སོགས་དང་སྐྱེས་བུ་དམ་པའི་རྣམ་ཐར་ཡང་ཡང་གསུངས་ཐབས་དགོས་གལ།
  8. སྐད་ཡིག་ནི་མི་རིགས་ཀྱི་སྲོག་རྩ་ཡིན་ཞིང། བོད་ཀྱི་རིག་གཞུང་རྒྱུན་འཛིན་ཐུབ་མིན་ནི་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཐུབ་མིན་ལ་རག་ལས་སྟབས། སློབ་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་གི་སློབ་སྦྱོང་སྔར་ལས་ལྷག་པ་ཡོང་བའི་གོ་སྐབས་དང་ཆ་རྐྱེན་ངེས་པར་བསྐྲུན་དགོས་གལ།
  9. ཤེས་ཡོན་སྲིད་བྱུས་དང་འབྲེལ་བ་ཡོད་པའི་རྒྱབ་ལྗོངས་སམ་གཞི་བཅོལ་སའི་ཡིག་ཆ་ཁག་ཕྱོགས་བསྒྲིགས་གནང་ཐུབ་ཚེ། གཏན་འབེབས་ཟིན་པའི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་རྣམས་མཐིལ་ཕྱིན་པ་ཤེས་རྟོགས་དང། ལག་བསྟར་དོན་འཁྱོལ་ཡོང་བར་ཐུགས་ཕན་གསོ་ངེས།
  10. ཤེས་ཡོན་སྲིད་བྱུས་གསར་པའི་དགོས་དམིགས་བཞི་སློབ་མའི་རྒྱུད་ལ་སད་སྨིན་རྫོགས་གསུམ་ཡོང་སླད། འཛིན་སྐྱོང་གི་ངོས་ནས་དུས་ནས་དུས་སུ་དགེ་རྒན་དང་སློབ་མ་ལ་སློབ་སྟོན་དང་མཐུན་རྐྱེན། རྒྱབ་སྐྱོར་སོགས་ཆད་ལྷག་མེད་པར་གནང་གལ་ཆེ།

སྤྱི་སྨན་དགོངས་འཆར།

  1. སྤྱིར་འཛམ་གླིང་རྒྱལ་ཁབ་མང་པོས་གཞུང་གི་འགྲོ་གྲོན་རྒྱ་ཆེ་ཤེས་ཡོན་ཐོག་གཏོང་བཞིན་པ་དང་། རྒྱལ་ཁབ་སོ་སོར་སོ་སོའི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་ཐུབ་ཐབས་ཀྱི་ཤེས་ཡོན་སྲིད་བྱུས་ལ་གལ་ཆེར་བརྩིས་ནས་ལག་བསྟར་གྱིས་མི་རབས་བསྐྲུན་པ་བཞིན་རང་རེའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་དེ་མི་རིགས་ཀྱི་ངོ་བོ། ལ་རྒྱ། ལྷག་བསམ། རྒྱལ་ཞེན་ལྡན་པའི་ཆོས་སྲིད་ཀྱི་བྱ་བ་གང་ལའང་ཐེག་པ་ཆེ་ཞིང་བློ་ཁོག་ཡངས་པའི་མི་རབས་བསྐྲུན་ཐབས་ལ་ཕན་རླབས་ཆེ་བས་དེ་ལྟར་ལག་བསྟར་ངེས་པར་དགོས་པའི་འབོད་སྐུལ་ཞུ་རྒྱུ།
  2. བོད་མི་མང་སྤྱི་འཐུས་དང་ས་གནས་འགོ་འཛིན། ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་ཕྱོགས་བསྐྱོད་སྐབས་ཤེས་ཡོན་སྲིད་བྱུས་ཀྱི་དགོས་དམིགས་བཞི་ཡི་སྐོར་ཕ་མ་རྣམས་ལའང་གོ་རྟོགས་གང་ཐུབ་སྤེལ་ཐབས་གནང་དགོས་རྒྱུ།
  3. སློབ་ཕྲུག་གི་ཤེས་ཡོན་སློབ་གསོའི་ལས་འགུལ་ནང་འབྲེལ་ཡོད་ཕ་མ་ནས་ཆ་ཤས་ལེན་རྒྱུ་ཆེས་གལ་ཆེ་ཞིང། དེ་ལྟར་ཡོང་ཐབས་སུ་ཤེས་རིག་ལས་ཁུངས་ཀྱིས་ཕ་མའི་ངོས་ནས་ཆ་ཤས་རྒྱ་ཆེ་ཡོང་བའི་ལམ་སྟོན་སློབ་གསོ་གནད་སྨིན་ཡོང་ཐབས། དེ་བཞིན་སྤྱི་ཚོགས་ནང་དུའང་རང་ཉིད་ཀྱི་ཕྲུ་གུའི་ཤེས་ཡོན་གྱི་འགན་ཁུར་འབྲེལ་ཡོད་སློབ་གྲྭ་ལས་ལྷག་པ་དོ་བདག་སློབ་ཕྲུག་དང་། ཕ་མ། སྤྱི་ཚོགས་ལ་ཡོད་པའི་ཚོར་སྣང་ངེས་པར་བསྐྲུན་ཐབས་དང་། ལྷག་པར་དུ་ཤེས་ཡོན་སྲིད་བྱུས་ལ་མང་ཚོགས་ཀྱི་སློབ་སྦྱོང་ངམ་ཤེས་རྟོགས་ཐུབ་ཐབས་གནང་འོས་ངེས་པར་གནང་གལ་ཆེ།
  4. ཤེས་རིག་ཚོགས་ཆེན་ཐེངས་ལྔ་པའི་ཐོག་སྤྱི་སྨན་དགོངས་འཆར་བྱུང་བ་ལྟར། ཕ་མའི་བསམ་འཆར་ཤེས་རྟོགས་སླད་མ་འོངས་པར་ཤེས་རིག་ཚོགས་ཆེན་ནང་ཕ་མའི་འཐུས་མི་ངོ་ཕེབས་སམ། ཡང་ན་ས་གནས་སོ་སོའི་ཕ་མའི་དགོངས་འཆར་བསྡུ་རུབ་གནང་གལ་དང། ས་གནས་དགེ་རྒན་ཕ་མའི་ཚོགས་ཆུང་གི་ཚོགས་མིའི་ནང་ཕ་མ་ཤེས་ཡོན་ལྡན་པ་ཡོང་ཐབས་ཐུགས་སྣང་གནང་རྒྱུ།
  5. སློབ་མ་ཉུང་བ་དང་ཁ་འཐོར་སློབ་གྲྭ་ཁག་ཟླ་སྒྲིལ་བཏང་ན་དགེ་རྒན་མ་འདང་བའི་དཀའ་ངལ་སེལ་ཐུབ་པས་དེ་ལྟར་གནང་གལ་ཆེ་བ་བཅས་སོ། །

ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང།
 

གྲོས་ཆོད་ཀྱི་ངོ་བཤུས་ངོ་མ།

སྔོན་མ།
བོད་སློབ་འཛིན་ཚོགས་ཀྱིས་རྩིས་སྤྲད་ཟིན་པའི་གཞི་རིམ་འོག་མའི་སློབ་དགེ་རྣམ་པར་ཟབ་སྦྱོང་འགོ་འཛུགས་སྤྲད་པ།
ཕྱི་མ།
གཏན་ཉིན་སློབ་ཁག་གི་ཆོས་དགེའི་ཟབ་སྦྱོང་མཇུག་བསྒྲིལ་བ།