ཟླ་རེའི་གསར་འགྱུར།

ཁྱད་འབྱེད་སློབ་ཁྲིད་དང་ཕོ་མོར་གཞིགས་པའི་སློབ་ཁྲིད་ཀྱི་ཟབ་སྦྱོང་ལེགས་པར་མཇུག་སྒྲིལ་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༨ ཚེས་ ༠༢ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་ལ་དྭགས་བོད་ཁྱིམ་སློབ་གྲྭར་གོ་སྒྲིག་ཞུས་པའི་ཁྱད་འབྱེད་སློབ་ཁྲིད་དང་ཕོ་མོར་གཞིགས་པའི་སློབ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་ལེགས་པར་མཇུག་སྒྲིལ་ཡོད།

དེ་ཡང་ཟབ་སྦྱོང་གི་མཇུག་སྡོམ་མཛད་སྒོའི་ཐོག་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་དང་། ལ་དྭགས་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་དོན་འདུལ་འཇིགས་མེད་ལགས། སློབ་སྟོན་པ་སྐལ་བཟང་དབང་འདུས་ལགས། ལ་དྭགས་བོད་ཁྱིམ་གྱི་དགེ་རྒན་རྣམ་པ་མཉམ་ཞུགས་གནང་ཡོད།

སྐབས་དེར་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ནས་ལ་དྭགས་བོད་ཁྱིམ་སློབ་གྲྭའི་འཛིན་སྐྱོང་དང་དགེ་ལས་རྣམས་ནས་ཟབ་སྦྱོང་ལ་མཐུན་སྦྱོར་གང་ལེགས་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་པ་དང་སྦྲགས། དཀའ་ཚེགས་ཆེ་བའི་བཙན་བྱོལ་བའི་དུས་སྐབས་འདིར་དགེ་རྒན་རྣམ་པའི་ལས་གནས་དེ་བཞིན་གལ་གནད་ཆེན་པོ་ཡིན་པ་ལྟར་རང་འཁྲིའི་ལས་འགན་ཐོག་ཧུར་སྐྱེད་གནང་དགོས་པའི་ལམ་སྟོན་གནང་གྲུབ་མཚམས་སྐལ་བཟང་དབང་འདུས་ལགས་ནས་དཀར་གཙང་མཇལ་དར་སྒྲོན་འབུལ་དང་། ལ་དྭགས་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་དོན་འདུལ་རྡོ་རྗེ་ལགས་ནས་ཟབ་སྦྱོང་ལེགས་གྲུབ་ཀྱི་ཕྱག་འཁྱེར་གནང་ཡོད།

སློབ་སྤྱི་དོན་འགུལ་རྡོ་རྗེ་ལགས་ནས་ཤེས་རིག་ལས་ཁུངས་ནས་ལ་དྭགས་བོད་ཁྱིམ་སློབ་གྲྭར་དེ་ལྟ་བུའི་ཟབ་སྦྱོང་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག དགེ་རྒན་རྣམས་ནས་ཟབ་སྦྱོང་ལ་མཉམ་ཞུགས་གནང་བར་བསྔགས་བརྗོད་དང་བཅས་ཟབ་སྦྱོང་སྐབས་སུ་བློ་སྐྱེད་ཇི་ཐོབ་འཛིན་གྲྭའི་ནང་ལག་བསྟར་གནང་དགོས་པའི་སྐུལ་མ་གནང་། དེ་རྗེས་བསམ་ཚུལ་བསྡུ་ལེན་སྐབས་ཚོགས་བཅར་བ་རྣམས་ནས་ཟབ་སྦྱོང་སྐབས་བློ་སྐྱེད་གང་མང་ལོན་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཚུལ་དང་། དབྱར་ཁའི་གུང་སེང་ཀྱི་དུས་ཚོད་དོན་དང་ལྡན་པ་བྱུང་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།

ཐེངས་འདིའི་ཟབ་སྦྱོང་ནང་ཁྱོན་དགེ་རྒན་གྲངས་ ༢༧ མཉམ་ཞུགས་ཀྱིས་དགེ་རྒན་ཁྱད་ལས་སྤྱི་དང་། བྱེ་བྲག་ཏུ་སློབ་ཕྲུག་ཕོ་མོའི་ནུས་རྩལ་དགོས་མཁོ་དང་། ཁམས་གཤིས་མཐུན་པའི་ཐོག་སློབ་ཁྲིད་གནང་ཕྱོགས་ཀྱི་ནུས་པ་གོང་མཐོར་གཏང་ཐུབ་པ་བྱུང་ཡོད་པ་བཅས།།

སྔོན་མ།
ཤེས་རིག་ལས་ཁུངས་ནས་སློབ་ཕྲུག་ཕོ་མོའི་ནུས་རྩལ་དགོས་མཁོ་གཞིར་བཟུང་སློབ་ཁྲིད་གནང་ཕྱོགས་ཀྱི་ཐབས་ལམ་སྐོར་ཟབ་སྦྱོང་གནང་བ།
ཕྱི་མ།
དགེ་སློབ་རྩོམ་འབྲིའི་ལས་རིམ་ཐེངས་དྲུག་པ་ལེགས་འགྲུབ་བྱུང་བ།
Menu