ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ནས་སློབ་ཕྲུག་ཕོ་མོའི་ནུས་རྩལ་དགོས་མཁོ་གཞིར་བཟུང་སློབ་ཁྲིད་གནང་ཕྱོགས་ཀྱི་ཐབས་ལམ་སྐོར་ཟབ་སྦྱོང་གནང་བ།

གསར་འཕྲིན།

 

ཐོག་མར་སློབ་སྤྱི་དོན་འདུལ་འཇིགས་མེད་ལགས་ནས་ཕེབས་བསུའི་གསུང་བཤད་དང་སྦྲགས། ཟབ་སྦྱོང་གི་དགོས་པ་དམིགས་ཡུལ་ངོ་སྤྲོད་གནང་གྲུབ་མཚམས་སློབ་གྲྭའི་ངེས་སྟོན་པ་བསྟན་འཛིན་རབ་བརྟན་ལགས་ནས་དགེ་རྒན་རྣམ་པས་ཟབ་སྦྱོང་ལས་ལེགས་ཆ་བླངས་ཏེ་འཛིན་གྲྭའི་ནང་ལག་བསྟར་གནང་གལ་ཆེ་བའི་སྐོར་གསུངས།

ཐེངས་འདིའི་ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི་དགེ་རྒན་རྣམས་ནས་འཛིན་གྲྭའི་ནང་སློབ་ཕྲུག་ཕོ་མོའི་ཁམས་དང་མོས་པ་གཞིར་བཟུང་སློབ་ཁྲིད་ཐབས་ལམ་གོང་མཐོར་གཏང་རྒྱུ་ཡིན་པ་ལྟར། ཉིན་གྲངས་གསུམ་ནང་སློབ་སྟོན་པས་དགེ་རྒན་རྣམས་སྡེ་ཚན་ཆ་བགོས་ཀྱིས་བྱེད་སྒོ་རྣམ་གཞག་འདྲ་མིན་གྱི་ལམ་ནས་སློབ་ཕྲུག་ཕོ་མོའི་ཁམས་དང་མོས་པ་ཁྱད་འབྱེད་ཀྱིས་སློབ་ཁྲིད་གནང་ཕྱོགས་སྐོར་སློབ་སྟོན་གནང་ཡོད།

ཟབ་ཁྲིད་སྐབས་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ནས་ཁྱད་འབྱེད་སློབ་ཁྲིད་སྐོར་དང་། འབུམ་རམས་པ་སྐལ་བཟང་དབང་འདུས་ལགས་ནས་ཕོ་མོར་གཞིགས་པའི་སློབ་ཁྲིད་གནང་ཕྱོགས་སྐོར་སློབ་སྟོན་གནང་ཞིང་། ཟབ་སྦྱོང་ནང་ཁྱོན་དགེ་རྒན་ ༢༧ མཉམ་ཞུགས་གནང་ཡོད་པ་རེད།

ཐེངས་འདིའི་ཟབ་སྦྱོང་འདི་བཞིན་ཁེ་ན་ཊའི་རོགས་ཚོགས་(Global Affairs Canada)ནས་མཐུན་འགྱུར་གནང་ཡོད།

དེ་སྔོན་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༧ ཚེས་ ༢༧ ནས་ ༢༩ བར་བསྟན་འཛིན་རྡོ་རྗེ་ལགས་དང་། སྐལ་བཟང་དབང་འདུས་ལགས་གཉིས་ལ་དྭགས་བོད་ཁྱིམ་སློབ་གྲྭའི་གཞི་རིམ་སློབ་ཁག་དང་། མ་སློབ་ཏུ་ཆེད་ཕེབས་ཀྱིས་འཛིན་ཁང་དང་། ཚོད་ལྟ་ཁང་། ཉལ་ཁང་སོགས་སུ་གཟིགས་ཞིབ་དང་། སློབ་གྲྭའི་དབུ་འཛིན་ལྷན་དུ་ཤེས་རིག་ལས་ཁུངས་ནས་མཐུན་རྐྱེན་གང་འོས་སྦྱོར་སྤྲོད་བྱེད་ཕྱོགས་ཐད་བཀའ་སྡུར་གནང་ཡོད་པ་བཅས།།

 

སྔོན་མ།
ཟློས་དགེའི་འོས་སྦྱོང་གི་གསལ་བསྒྲགས།
ཕྱི་མ།
ཁྱད་འབྱེད་སློབ་ཁྲིད་དང་ཕོ་མོར་གཞིགས་པའི་སློབ་ཁྲིད་ཀྱི་ཟབ་སྦྱོང་ལེགས་པར་མཇུག་སྒྲིལ་བ།
Menu