ཟླ་རེའི་གསར་འགྱུར།

གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་རྒྱས་པའི་དབུ་འབྱེད་མཛད་སྒོ་ཚོགས་པ།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༣ ནས་ ༢༩ བར་དྷ་སྟེང་བོད་ཁྱིམ་གྱི་བདེ་སྐྱིད་ཚེ་རིང་ཚོགས་ཁང་ནང་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་ ༣༡ གི་རིགས་ལམ་འདུ་འཛོམས་རྒྱས་པ་དབུ་འབྱེད་ཀྱི་མཛད་སྒོ་ཚོགས།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཙོས་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་། ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས། སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སློབ་སྤྱི། དྷ་སྟེང་དང་དྷ་ཤོད་བོད་ཁྱིམ་གྱི་སློབ་སྤྱི་དང་དགེ་ཆེ། གཏན་ཉིན་སློབ་གྲྭ་ཁག་གི་ཆོས་དགེ  སློབ་ཕྲུག་སོགས་ཚང་འཛོམས་ཐོག   བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་སྐུ་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་པ་རྣམས་ལ་རྗེས་དྲན་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་ཞུས།
དེ་རྗེས་ཤེས་རིག་སྲོལ་རྒྱུན་ཚན་པའི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཕེབས་བསུ་དང་རིགས་ལམ་འདུ་འཛོམས་ཀྱི་ལས་རིམ་ངོ་སྤྲོད་གནང་གྲུབ་བསྟུན། དྷ་སྟེང་བོད་ཁྱིམ་སློབ་སྤྱི་རྣམ་གྲོལ་བཀྲ་ཤིས་ལགས་ཀྱིས་རིགས་ལམ་འདུ་འཛོམས་དང་འབྲེལ་བའི་གསུང་བཤད་གནང་།  དེ་ནས་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། གོང་དུ་ལས་བསྡོམས་དང་བོད་ཁྱིམ་སློབ་གྲྭའི་གནས་སྟངས་ངོ་སྤྲོད་ཞིབ་ཕྲ་གནང་སོང་བར་བརྟེན་ངས་ཞུ་དགོས་བསམས་པ་མང་པོ་ཞིག་གསུངས་ཟིན་པ་ལྟ་བུ་ཆགས་སོང་བས། དེ་རིགས་བསྐྱར་ཟློས་བྱེད་ཀྱི་མིན། ད་རེས་རིགས་ལམ་འདུ་འཛོམས་འདི་ངས་བལྟས་པ་ཡིན་ན། རྒྱས་འཛོམས་བྱས་པ་ཐེངས་གཉིས་པ་ཆགས་ཀྱི་ཡོད། ན་ནིང་ལོར་ང་ཚོས་རིགས་ལམ་འདུ་འཛོམས་རྒྱས་པ་ཞིག་གོ་སྒྲིག་ཞུས་པ་རེད། སྐབས་དེར་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་ཡོངས་རྫོགས་འབྱོར་ཐུབ་མེད།
སྤྱིར་རིགས་ལམ་ཐོག་ངས་དེ་ཙམ་ཤེས་ཀྱི་མེད།  འོན་ཀྱང་སྔོན་མ་སློབ་གྲྭའི་སྐབས་ཆོས་དགེ་དམ་པ་ཚོའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ཕྲན་བུ་སྦྱང་པ་རེད་དེ། ཕྱིས་སུ་དེའི་ཐོག་སྦྱང་རྒྱུའི་གོ་སྐབས་མ་བྱུང་བར་བརྟེན་རྦད་དེ་བརྗེད་འདུག རིགས་ལམ་ཐོག་ངས་བལྟ་སྟངས་ནི། ༸གོང་ས་མཆོག་གིས་རིགས་ལམ་སྐོར་བཀའ་སློབ་སྩལ་བ་དེར་ཁག་གཉིས་ཡོད་པ་ལྟ་བུ་མཐོང་གི་འདུག དང་པོ་ནི། རིགས་ལམ་གྱི་རྨང་གཞི་ཆགས་ཐུབ་པ་ཞིག་དང་། དེའི་ཆ་ནས་རིག་པ་སྒོ་ཕྱེ་ཡོང་གི་ཡོད་སྟབས། ཤེས་ཡོན་ལམ་ལ་འཇུག་རྒྱུར་ཕན་ཐོགས་ག་ཚོད་ཡོད་མེད་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་གནང་གི་རེད། ངས་གང་ཡང་ཞུ་ཐུབ་ཀྱི་མི་འདུག རིགས་ལམ་སྦྱང་པ་ཡིན་ན་སོ་སོའི་མི་ཚེའི་ནང་ཕན་ཐོགས་ཀྱི་རེད། ཅེས་ན་ནིང་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་བྱུང་། ངས་བསམས་པར་འདི་དངོས་ཡོད་གནས་ཚུལ་རེད་འདུག ཁྲིམས་རྩོད་པ་ཞིག་བྱས་པ་ཡིན་ནའང་ཁ་བདེ་པོ་དང་དྲན་རྒྱུ་ཟབ་མོ། ཕར་ཕྱོགས་ནས་གསུང་ཡོང་སྐབས་ལམ་སེང་ལན་རྒྱག་ཐུབ་མཁན་དགོས་ཀྱི་ཡོད། དེ་བཞིན་མི་མང་གི་འགོ་ཁྲིད་ཡིན་ནའང་རྒྱུ་མཚན་དང་སྦྲགས་གསུང་མཁན་དེར་དགའ་ཚོར་བྱེད་ཀྱི་ཡོད། གང་ལྟར་ལས་རིགས་གང་འདྲ་ཞིག་གི་ཐོག་ཕྱིན་པ་ཡིན་ནའང་རིགས་ལམ་གྱི་ཤེས་ཚད་ཡོད་ན། ཏན་ཏན་ཕན་ཐོགས་ཡོད། རིགས་ལམ་དང་པོ་ལུས་ལ་ཆགས་དེ་ནས་ཁ་དང་ཡིད་ལ་རིམ་བཞིན་ཆགས་ཞེས་བོད་པས་བཤད་སྲོལ་ཡོད།
གཉིས་པ་ནི། གོང་དུ་རིགས་ལམ་གྱི་ཐོག་ནས་སློབ་ཁྲིད་ཀྱི་ཐབས་ལམ་དེ་བེད་སྤྱོད་གནང་སྟེ། འཛམ་གླིང་སྤྱི་ལ་སློབ་ཚན་གཞན་རྣམས་སློབ་ཁྲིད་བྱ་ཐུབ་རྒྱུར་ང་ཚོས་ཞབས་འདེགས་ཆེན་པོ་ཞིག་སྒྲུབ་ཐུབ་ས་རེད་བསམ་པ་དགོངས་ཀྱི་འདུག་ཅེས་བཀའ་ཕེབས་སོང་། ཁ་སང་༸གོང་ས་མཆོག་གིས་སྤྱི་ཡོངས་ཐོག་བཀའ་གང་གནང་བ་ཡིན་ན། ལོ་བཞི་བཅུ་ལྔ་བཅུ་རིང་ལ་ཉམས་མྱོང་དང་དགོངས་པ་བཞེས། ཐུགས་སྣང་མཛད་ནས་ཕྱོགས་བསྡོམས་བྱས་ནས་བཤད་ཀྱི་ཡོད། ཅེས་བཀའ་སློབ་སྩལ་སོང་། འདི་རིམ་པ་གཉིས་པ་རེད། འདི་སློབ་གྲྭའི་ཕྲུ་གུ་རྣམས་ལ་འབྲེལ་བ་གང་ཡང་མི་འདུག ཤེས་རིག་ལས་ཁུངས་ནང་ལས་ཀ་བྱེད་མཁན་དང་འབྲེལ་བ་ཡོད་རེད། དེ་བཞིན་ཆོས་དགེ་ཚོ་ལའང་འབྲེལ་བ་ཡོད།
རིགས་ལམ་ཐོག་ཤེས་རིག་ལས་ཁུངས་ནས་འཁུར་ཆེན་པོ་བཞེས་ཀྱི་ཡོད། ང་རང་ཐོག་ནས་ཡིན་ན་འདི་ཧ་ཅང་གལ་ཆེན་པོ་ཏན་ཏན་བརྩི་གི་ཡོད། ཕྱི་ལོ་ ༢༠༡༢ ལོར་ཅོན་ཏ་ར་སམ་བྷོ་ཊ་སློབ་གྲྭའི་ནང་རིགས་ལམ་འདུ་འཛོམས་ཐེངས་དང་པོ་ཚོགས་པ་རེད། སྐབས་དེར་ང་ཤེས་རིག་དྲུང་ཆེའི་ལས་འཁུར་ཞུས་ནས་ཟླ་བ་བཞི་ཙམ་ལས་ཕྱིན་མེད། རིགས་ལམ་ཐོག་རྨང་གཞི་ཕྲན་བུ་ཚུགས་འདུག་བསམ་པ་དྲན་ནས་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་། ཕྱི་ལོ་ ༡༩༩༥ དཀྱིལ་ནས་ ༢༠༠༠ བར་ལོ་བཞི་དང་ཕྱེད་ཀ་རིང་ངས་དྲུང་ཆེ་བྱས་པའི་སྐབས་དེར་སྐུ་མདུན་གྱིས་རིགས་ལམ་དང་རིགས་གཅིག་རྐང་འཛིན་ཐོག་བཀའ་སློབ་ཤུགས་ཆེན་པོ་སྩལ་ཡོད། དེ་གཉིས་ཀྱི་ཐོག་ལ་ང་ཚོས་དེ་ཙམ་བྱས་ཐུབ་མ་སོང་བསམས་པའི་སེམས་ནང་གནོང་འགྱོད་ལྟ་བུ་བསྡད་ཡོད། དེ་བྱེད་མ་ཐུབ་པའི་རྒྱུ་མཚན་ནི། ཆ་རྐྱེན་ལྟ་བུ་མང་པོ་ཞིག་འཛོམས་ཀྱི་མིན་འདུག སྐབས་དེར་ཆོས་དགེ་ཐོབ་རྒྱུ་ཧ་ཅང་ཁག་པོ་འདུག ད་ལྟ་ནང་བཞིན་ཆོས་དགེ་མང་པོ་མེད། དེ་བཞིན་དཔལ་འབྱོར་གྱི་དཀའ་ངལ་འཕྲད་དེ་ཀློག་དེབ་སོགས་ཆ་ཚང་བ་གོ་སྒྲིག་ཞུས་ཐུབ་མེད། ཕྱི་ལོ་ ༢༠༡༢ ལོར་རིགས་ལམ་འདུ་འཛོམས་ཐེངས་དང་པོ་ཚོགས་ནས་སློབ་ཕྲུག་རྣམས་ཀྱིས་རིགས་ལམ་རྩོད་གླེང་བྱས། ཆོས་དགེ་རྣམ་པ་ཚོ་དངོས་སུ་མཇལ་བའི་སྐབས་ཧ་ཅང་དགའ་པོ་བྱུང་། ཤེས་རིག་ལས་ཁུངས་ནས་རྨང་གཞི་སྒྲིག་ཚར་འདུག ད་ང་རང་ཚོའི་ངོས་ནས་ཤུགས་རྒྱག་དགོས་འདུག ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་དྷ་སྟེང་བོད་ཁྱིམ་དང་མོན་གྷོ་གཏན་སློབ། རཇ་པུར་བོད་ཁྱིམ་བཅས་ཀྱི་སློབ་མ་གཉིས་རེ་ནས་དེང་རབས་ཤེས་ཡོན་ཐོག་རྟགས་གསལ་བཏང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་མཆོག་གི་གསུང་བཤད་གནང་དོན།
ཚང་མར་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། རིགས་པའི་ལམ་ལ་སློབ་སྦྱོང་བྱེད་རྒྱུ་འདི་མི་ཚེའི་ནང་སློབ་སྦྱོང་ག་འདྲ་ཞིག་བྱས་པ་ཡིན་ནའང་། ཚང་མའི་འབྱུང་ཁུངས་དང་འཇུག་སྒོ་ལྟ་བུ་ཆགས་ཀྱི་ཡོད། དེར་བརྟེན་ཁྱེད་རང་ཚོ་རིགས་པའི་ལམ་ལ་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་བྱུང་བ་འདི་འཇིག་རྟེན་འདིའི་ཐོག་ལ་སློབ་ཕྲུག་གི་གྲངས་འབོར་ཧ་ཅང་མང་པོ་ཡོད་པའི་ནང་ནས་བསོད་བདེ་ཆེ་ཤོས་དང་སྐྱེ་བ་བཟང་ཤོས་ཡིན་མཉམ་པའི་སྤོབས་པ་གནང་ཕྱོགས་པ་ཞིག་རེད། གང་ཡིན་ཟེར་ན། འདི་ཡག་པོ་བྱུང་བ་ཡིན་ན་ཕྱི་ནང་གི་རིག་པའི་གནས་ག་འདྲ་ཞིག་ལ་འཇུག་པ་ཡིན་ནའང་ལས་སླ་པོ་དང་སྟབས་བདེ་པོ་བྱས་ནས་འཇུག་ཐུབ་རྒྱུའི་ནུས་པ་བརྙེད་ཀྱི་རེད། དེར་བརྟེན་འདི་སློབ་སྦྱོང་བྱེད་རྒྱུའི་ལག་ཆ་ཧ་ཅང་གལ་ཆེན་པོ་ཞིག་རེད།
སྤྱིར་སློབ་སྦྱོང་བྱེད་པའི་སྐབས་སུ་སློབ་ཚན་འདེམས་སྟངས་དང་སློབ་ཚན་གལ་གནད་ཆེ་ཆུང་བརྩི་སྟངས་མ་ནོར་བ་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། འདི་ནོར་བ་ཡིན་ན་སློབ་སྦྱོང་བྱས་པའི་དུས་ཚོད་གལ་ཆེན་པོ་ཆུད་ཟོས་སུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད། རྒྱ་གར་གྱི་སྔ་མོ་གསུང་རྒྱུན་ཞིག་ཡོད། དེ་ནི་མཉམ་མེད་ཇོ་བོ་ཆེན་པོས་གུས་པ་ཚོ་ལ་བཀའ་སློབ་གནང་བའི་སྐབས་སུ་རྒྱ་གར་སྔ་མོའི་གསུང་རྒྱུན་དེ་བགྲང་གནང་ཡོད། གཅིག་བྱས་ན་ཁྱེད་རང་ཚོས་གསན་ཡོད་ངེས་རེད། ཚེ་འདི་ཡུན་ཐུང་ཤེས་བྱ་རྣམ་གྲངས་མང༌། །ཚེ་ཡི་ཚད་ཀྱང་ཇི་ཙམ་མ་ཤེས་པས། །ངང་པས་ཆུ་ལས་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་པོར་བླང་བར་གྱིས། །ཞེས་གསུངས་པ་བཞིན། དངོས་ཡོད་གནས་ཚུལ་རེད། ང་ཚོའི་ཚེ་འདི་དུས་ཚོད་ཧ་ཅང་ཐུང་ཐུང་རེད། དེ་རིང་སང་ཉིན་འཕྲོད་བསྟེན་ཡག་པོ་དང་། མིའི་ཚེ་ཚད་རིང་དུ་འགྲོ་གི་ཡོད་ཅེས་བཤད་ཀྱི་ཡོད་རེད་དེ། འོན་ཀྱང་འཇིག་རྟེན་འདིའི་ནང་ལོ་བརྒྱ་བརྒལ་ནས་སྡོད་མཁན་མཛུབ་མོ་སྟེང་གྲངས་ཀ་ཐེབས་རྒྱུ་ཙམ་མ་གཏོགས་མེད། མང་ཆེ་བ་ལོ་བརྒྱའི་སྔོན་ལ་ཚེ་རྫོགས་འགྲོ་གི་ཡོད། ལོ་བརྒྱའི་ཚེ་འདི་ཞིབ་འཇུག་བྱས་པ་ཡིན་ན། ཧ་ལམ་ཕྱེད་ཀ་ཙམ་གཉིད་ལ་བདག་འགྲོ་གི་རེད། ཉིན་མ་གཅིག་ལ་ཆུ་ཚོད་ཉི་ཤུ་རྩ་བཞི་ནང་ནས་ཆུ་ཚོད་དྲུག་བདུན་ཙམ་གཉིད་ལ་བདག་འགྲོ་གི་རེད།
དེ་ནས་ཁ་ལག་ཟ་རྒྱུ་དང་། རྩེད་མོ་རྩེ་རྒྱུ། འཆམ་འཆམ་འགྲོ་རྒྱུ། སྐད་ཆ་ཤོད་རྒྱུ། གོས་གྱོན་རྒྱུ་དེ་དག་རྩིས་པ་ཡིན་ན། སློབ་སྦྱོང་བྱ་རྒྱུའི་དུས་ཚོད་ཧ་ཅང་ཉུང་ཉུང་རེད། རྩིས་ཡག་པོ་བྱས་ནས་བརྒྱབ་པ་ཡིན་ན། མི་ལོ་བརྒྱ་ཐམ་པ་སྡོད་མཁན་ཞིག་ལ་ཆ་མཚོན་པ་ཡིན་ན། ཐོག་མའི་ལོ་དྲུག་བདུན་རིང་ཕྲུ་གུ་ཆུང་ཆུང་ཡིན་པའི་དབང་གི་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་མེད། མཐའ་མའི་ལོ་བདུན་ཅུ་བརྒྱད་ཅུ་ཡར་རྒས་སྐབས་རྒན་འཁོགས་ཆགས་ནས་སློབ་སྦྱོང་བྱེད་རྒྱུའི་ནུས་པ་མེད། ཐོག་མའི་ལོ་ལྔ་དང་རྗེས་མའི་ལོ་ཉི་ཤུ་ཕར་ཕུད་པ་ཡིན་ན། ལོ་ཉི་ཤུ་རྩ་ལྔ་དེ་ག་རང་ལ་རྫོགས་ཚར་བ་རེད། དེའི་བར་ལ་ལོ་བདུན་ཅུ་དོན་ལྔ་ཡོད་པ་དེའི་ནང་ད་ལྟ་གོང་དུ་ངས་ཞུས་པ་བཞིན། དུས་ཚོད་གཞན་པ་ཁག་ཕར་ཕུད་པ་ཡིན་ན། དངོས་གནས་སློབ་སྦྱོང་བྱེད་རྒྱུའི་དུས་ཚོད་ལོ་བཅུ་འམ་བཅོ་ལྔ་ལས་མེད། དེར་བརྟེན་སློབ་སྦྱོང་བྱེད་རྒྱུའི་དུས་ཚོད་ཐུང་ཐུང་རེད་འདུག་ག དུས་ཚོད་དེ་འདྲའི་ནང་སློབ་སྦྱོང་བྱས་ཚར་རྒྱུའི་ཤེས་བྱ་རྣམ་གྲངས་ཉུང་ཉུང་རེད་དམ་བརྗོད་པ་ཡིན་ན། ཤེས་བྱ་རྣམ་གྲངས་ཧ་ཅང་མང་པོ་རེད། དེང་རབས་ཀྱི་ཤེས་བྱའི་རྣམ་གྲངས་ལ་བལྟས་པ་ཡིན་ནའང་། ཚན་རིག་དང་སྒྱུ་རྩལ། སྤྱི་ཚོགས་ཚན་རིག་ལ་སོགས་པ་རེ་རེ་ལ་མི་ཚེ་ཆ་ཚང་སློབ་སྦྱོང་བྱས་པ་ཡིན་ནའང་དུས་ཚོད་མ་འདང་བའི་སློབ་ཚན་མང་པོ་ཡོད། སྲོལ་རྒྱུན་གྱི་སློབ་ཚན་ལ་བལྟས་པ་ཡིན་ནའང་། རིག་བྱེད་དང་རིག་བྱེད་ཀྱི་ཡན་ལག་ལ་སོགས་པ། དེ་མིན་རིག་པའི་གནས་ཆེན་ལྔ་དང་། གནས་ཆུང་ལྔ་ལ་སོགས་པ། བཟོའི་གནས་བཅོ་བརྒྱད་ལ་སོགས་པ་གང་དུ་བལྟས་པ་ཡིན་ན། དོན་ཚན་རེ་རེ་ལ་མི་ཚེ་ཁ་ཤས་བགོར་རྒྱུའི་སློབ་ཚན་ཤ་སྟག་རེད། ཚེ་ཐུང་ཐུང་ཡིན་ནའང་ལོ་ག་ཚོད་བསྡད་ཀྱི་ཡོད་པ་དེ་ཐོག་མ་ཉིད་ནས་ངེས་པ་ཞིག་ཡོད་པ་ཡིན་ན། འཆར་གཞི་སྒྲིག་རྒྱུ་ཡོང་གི་རེད། ཅེས་སོགས་ཀྱི་གསུང་བཤད་གནང་།
མཐར་ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་གྲོལ།།

སྔོན་མ།
༸རྒྱལ་བའི་གསུང་འབུམ་ཕྱོགས་སྒྲིག་སྡེ་ཚན་གྱི་འགན་འཛིན་ཡང་སྟེང་རིན་པོ་ཆེ་མཆོག་གིས་ས་རཱ་བོད་ཀྱི་མཐོ་སློབ་ཁང་དུ་འགོ་ཁྲིད་ཟབ་སྦྱོང་སྐབས་དོལ་རྒྱལ་སྐོར་ཆོས་ཕྱོགས་དང་འབྲེལ་བའི་སྐོར་གསུང་བཤད་གནང་བ།
ཕྱི་མ།
ཕ་མ་རྣམས་ལ་བྱིས་པའི་ཀློག་རྩལ་གོང་འཕེལ་གཏོང་ཐབས་ཀྱི་ཟབ་སྦྱོང་གནང་བ།