ཟླ་རེའི་གསར་འགྱུར།

ཕ་མ་རྣམས་ལ་བྱིས་པའི་ཀློག་རྩལ་གོང་འཕེལ་གཏོང་ཐབས་ཀྱི་ཟབ་སྦྱོང་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༧ ཉིན་འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་གངས་སྐྱིད་ལས་བྱེད་གསོལ་ཐབ་ཁང་གི་ཡང་སྟེང་གཉའ་ཁྲི་ཚོགས་ཁང་ནང་། དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱི་དྷ་ས་ཁུལ་གྱི་ཕ་མ་རྣམས་ལ་བྱིས་པའི་ཀློག་རྩལ་གོང་འཕེལ་གཏོང་ཐབས་དང་འབྲེལ་བའི་ཉིན་གཅིག་རིང་གི་ཟབ་སྦྱོང་གནང་ཡོད།
དེ་ཡང་གོང་ཚེ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་གཙོས་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་དང་། དཔེ་སྟོན་སློབ་གྲྭའི་སློབ་སྤྱི་བསྟན་འཛིན་རྡོ་རྗེ་ལགས་དང་དགེ་ཆེ་རྡོ་རྗེ་སྒྲོལ་མ་ལགས། དྷ་སར་ཡོད་པའི་ཨ་རི་བོད་ཀྱི་ཐེབས་རྩའི་ལས་འཆར་འགན་འཛིན་ཚེ་རིང་དབྱངས་སྐྱིད་ལགས། ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པའི་ལས་བྱེད་ཁག་གཅིག བོད་ཀྱི་ཐེབས་རྩའི་ལས་བྱེད་ཁག་གཅིག གསར་འགོད་པ། ཕ་མ་བཅས་ལྷན་འཛོམས་ཀྱིས་ཐོག་མར། ཤེས་རིག་བཀའ་བློན་མཆོག་གིས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་ཞུས་པ་དང་ཆབས་ཅིག་གསུང་བཤད་གནང་དོན། སྤྱིར་ཕ་མར་ཟབ་སྦྱོང་དེ་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་ཚན་པའི་ངོས་ནས་ཕྱོགས་ཕེབས་སྐབས་འབྲེལ་ཡོད་ཕ་མ་ཚོ་དང་ཐུག་འཕྲད་གནས་སྟེ་ཟབ་སྦྱོང་ཐུང་ཐུང་དེ་འདྲ་གནང་བཞིན་ཡོད།
ད་ཐེངས་ཟབ་སྦྱོང་འདི་བཞིན་ཐེངས་བཅུ་པ་ཆགས་ཡོད། དེ་རིང་འདིར་ཕ་མ་མང་པོ་ཞིག་འཛོམས་འདུག་པས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕ་མ་ཚོས་སོ་སོའི་ཕྲུ་གུའི་ཤེས་ཡོན་གྱི་ཐོག་མཉམ་ཞུགས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། སྤྱིར་སྲིད་སྐྱོང་མཆོག་གིས་ཤེས་ཡོན་གྱི་ལས་རིམ་ནང་སྡེ་ཚན་ལྔ་ཙམ་ཡོད། སློབ་གྲྭའི་འཛིན་སྐྱོང་དང་། ཕྲུ་གུ་རང་ཉིད། དངོས་སུ་འབྲེལ་བ་ཡོད་པའི་དགེ་རྒན་རྣམ་པ། དེའི་ནང་ནས་ལྷག་པར་ཕ་མ། སྤྱི་ཚོགས་ཁྱོན་ཡོངས་འབྲེལ་བ་ཡོད།  ཆ་རྐྱེན་འདི་ལྔ་པོ་འཛོམས་པའི་སྤྱི་ཚོགས་དེར་ཤེས་ཡོན་ཡག་པོ་མ་བྱུང་བ་ཡོང་མི་སྲིད་པ་ཡིན་པ་མཐོང་བཞིན་ཡོད། ཅེས་གསུང་བཞིན་ཡོད། བཀའ་ཤག་གི་ཤེས་ཡོན་གལ་ཆེ་ནང་ནས་དོན་ཆེར་རྩི་བཞིན་ཡོད་པ་ལྟར། སྲིད་སྐྱོང་མཆོག་གིས་ཤེས་རིག་བཀའ་བློན་གྱི་འགན་བཞེས་ཏེ་འཆར་གཞི་མང་པོ་ཞིག་གསར་རྩོམ་གནང་ཡོད། དེ་ནས་གལ་ཆེ་བ་ཞིག་ལ་ཕྱི་ལོགས་ནས་དཔལ་འབྱོར་གྱི་རྒྱབ་རྟེན་ཤུགས་ཆེན་པོ་བཙལ་གནང་ཡོད། དེ་དང་ཆབས་ཅིག་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་སྤྱི་ཡོངས་ཀྱི་གང་ཡོང་ཅི་ཡོང་བྱས་དང་བྱེད་མུས་ཡིན། ཤེས་རིག་ལས་ཁུངས་ཀྱི་ངོས་ནས་དགེ་རྒན་ཚོའི་མཁྱེན་ཡོན་དེ་ཚད་ལོངས་པ་ཞིག་ཡོད་པའི་ཐོག་སློབ་ཕྲུག་ཚོར་སློབ་ཁྲིད་ཀྱི་ཐབས་ལམ་དེ་ཧ་ཅང་གལ་ཆེར་བཟུང་སྟེ་དེའི་ཐོག་ལས་རིམ་མང་པོ་ཞིག་སྤེལ་དང་སྤེལ་བཞིན་ཡོད།
དེ་ནས་སློབ་ཕྲུག་སོ་སོའི་ངོས་ནས་རང་འགུལ་གྱི་ཤེས་ཡོན་ཐོག་ཤུགས་རྒྱག་དགོས་རྒྱུ་དེ་ང་ཚོས་སློབ་ཕྲུག་ཚོ་དང་ཐུག་པའི་སྐབས་བཤད་ཀྱི་ཡོད་པ་མ་ཟད། ནམ་རྒྱུན་ནས་སློབ་གྲྭའི་སློབ་སྤྱི་དང་དགེ་རྒན་གྱིས་བཤད་ཀྱི་ཡོད།   དེ་བཞིན་ཕ་མ་ཚོས་ཀྱང་ཏན་ཏན་བཤད་ཀྱི་ཡོད་ངེས་རེད།  དེ་ནས་ཕ་མ་ཚོ་ཆགས་ཀྱི་འདུག ང་ཚོའི་སྤྱི་ཚོགས་ནང་ཕ་མས་ཕྲུ་གུའི་ཤེས་ཡོན་ཐོག་ཆ་ཤས་བླང་རྒྱུ་དེ་ཕྲན་བུ་ཉུང་དྲགས་པ་ལྟ་བུ་འདུག དེར་བརྟེན་ཕ་མའི་ངོས་ནས་ཕྲུ་གུའི་ཐོག་ག་ཚོད་ཀྱི་འགན་འཁུར་ཆེན་པོ་ཡོད་པ་དེ་ཕྱོགས་ཡོངས་ནས་ཚོར་བ་དེ་བསླང་ན་མ་གཏོགས་འགྲིག་པ་མི་འདུག་བསམས་ཏེ། ཕྱི་ཟླ་ ༨ པའི་ནང་ཕ་མ་ ༣༠༠ ཙམ་ལ་ཚོགས་འདུ་དང་ཟབ་སྦྱོང་ཞིག་བསྐོང་འཚོགས་གནང་རྒྱུ་རེད། ནམ་རྒྱུན་ནས་ཕ་མས་འགན་ཁུར་ཇི་ལྟར་བླངས་དགོས་མིན་གྱི་ཐོག་ལས་གཞི་མུ་མཐུད་སྤེལ་ན་བསམས་ཀྱི་ཡོད། གངས་སྐྱིད་ཁུལ་ལྟ་བུ་མཚོན་ན་ཕ་མས་ཕྲུ་གུའི་ཤེས་ཡོན་ཐོག་དོ་སྣང་བྱེད་མཁན་མང་པོ་ཞིག་འདུག གངས་སྐྱིད་ཁུལ་གྱི་ཕ་མ་རྣམས་ཀྱིས་དཔེ་སྟོན་བྱས་ཏེ་རིམ་པས་གཞིས་ཆགས་ཁག་གི་ནང་ཕ་མའི་ཕྲུ་གུའི་ཤེས་ཡོན་གྱི་ཐོག་འགན་འཁུར་བཞེས་སྟངས་དེ་མིག་དཔེ་སྟོན་ཐུབ་པ་བྱུང་ན་ཡག་པོ་འདུག བྱིས་པའི་ཀློག་རྩལ་ཐོག་རྩ་བའི་དམའ་རིམ་འཛིན་གྲྭ་གསུམ་པ་བར་ལ་ལས་འཆར་དམིགས་བཀར་ཞིག་ཡོད། ལས་འཆར་དམིགས་བཀར་དེའི་ནང་ནས་ཕ་མའི་ངོས་ནས་འགན་འཁུར་ཆེན་པོ་འདུག ཕྲུ་གུས་ཀློག་རྒྱུ་དེ་གལ་ཆེ་ཤོས་ཤིག་ཆགས་ཀྱི་འདུག དེབ་ཀློག་རྒྱུ་དེ་ང་ཚོ་སྤྱི་བྱིངས་ཀྱི་དཀའ་ངལ་ཞིག་རེད་འདུག ཀློག་རྒྱུའི་གོམས་གཤིས་མེད་ན་ཀློག་རྩལ་ཐོན་གྱི་མེད། ཀློག་རྩལ་དེ་ཧ་ཅང་གལ་ཆེན་པོ་ཆགས་འདུག དེར་བརྟེན་བྱིས་པའི་ཀློག་རྩལ་དེ་ཇི་ལྟར་ཡར་རྒྱས་གཏོང་དགོས་མིན་གདམས་ངག་ལྟ་བུ་དེ་ང་ཚོའི་སློབ་སྟོན་པ་ཚོས་གནང་གི་རེད། ཅེས་སོགས་ཀྱི་གསུང་བཤད་གནང་གྲུབ་བསྟུན། ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་ཟབ་སྦྱོང་འབུལ་དགོས་པའི་ངོ་སྤྲོད་གསུང་བཤད་གནང་གྲུབ་རྗེས་ཟབ་སྦྱོང་དངོས་སུ་དབུ་འཛུགས་གནང་ཡོད།
ཐེངས་འདིའི་བྱིས་པའི་ཀློག་རྩལ་དང་འབྲེལ་བའི་ཟབ་སྦྱོང་ཐེངས་བཅུ་པའི་ཐོག་ཕྲུ་གུར་དཔེ་དེབ་ཀློག་རྒྱུའི་གོམས་གཤིས་འཇགས་ཐབས་སུ་ཕ་མས་ཉིན་ལྟར་སྒྲུང་བཤད་ན་ཁྱད་པར་ཇི་ལྟར་འགྲོ་ཡི་ཡོད་མེད་དང་། ཕྲུ་གུའི་དཔེ་དེབ་ཀློག་རྒྱུར་འདོད་མོས་མ་བྱས་པའི་རྒྱུ་མཚན། ཕྲུ་གུའི་དཔེ་དེབ་ཀློག་རྒྱུའི་འདོད་མོས་བཟོ་རྒྱུར་ཕ་མའི་ངོས་ནས་ཀློག་རྒྱུའི་ཁོར་ཡུག་ཇི་ལྟར་བསྐྲུན་དགོས་མིན། ཕྲུ་གུའི་ལོ་ནའི་བབ་དང་བསྟུན་ཏེ་ཕ་མས་གང་དང་གང་བྱེད་དགོས་མིན་སྐོར་སོགས་ཟབ་ཁྲིད་གནང་ཡོད་པ་བཅས།

སྔོན་མ།
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་རྒྱས་པའི་དབུ་འབྱེད་མཛད་སྒོ་ཚོགས་པ།
ཕྱི་མ།
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་རྒྱས་པ་མཇུག་སྒྲིལ་བ།
Menu