ཟླ་རེའི་གསར་འགྱུར།

གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་ལ་འགོ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་ཐེངས་དྲུག་པའི་དབུ་འབྱེད་མཛད་སྒོ་ཚོགས་པ།

༄༅། །ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས ༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་རྒྱ་གར་དང་བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་ལ་འགོ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་ཐེངས་དྲུག་པའི་དབུ་འབྱེད་མཛད་སྒོ་ཞིག་རྡ་ས་དབུས་སྣེ་ལེན་ཁང་འཛིན་སྐྱོང་སྦྱོང་བརྡར་ཁང་དང་བདེ་དོན་ཚོགས་པའི་ཚོགས་ཁང་དུ་དབུ་འཛུགས་གནང་།
དེ་ཡང་གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་ལ་འགོ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་ཐེངས་དྲུག་པ་དེ་བཞིན་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢ ནས་ ༧ བར་ཉིན་གྲངས་དྲུག་རིང་ཟབ་ཁྲིད་གནང་རྒྱུ་ཡིན་འདུག་པ་དང་། ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། ཤེས་རིག་མདུན་ལམ་སློབ་སྟོན་པ་སྒྲོལ་དཀར་དབང་མོ་ལགས། དབུས་སྣེ་ལེན་འབྲེལ་མཐུད་ཁང་གི་འགན་འཛིན་དཔལ་ལྡན་དོན་གྲུབ་ལགས། ཟབ་སྦྱོང་སློབ་ཁྲིད་གནང་མཁན་སྐུ་ཞབས་སན་ཇེ་ཨུ་པན་ཌ་རམ་ Mr Sanjay Upendrum, CEO Amathi Consulting ltd. Hyderabad- Leadership Skill ལགས། དེ་བཞིན་རྒྱ་གར་དང་བལ་ཡུལ་ནང་གི་གཏན་ཉིན་སློབ་གྲྭ་ཁག་ ༡༨ ནས་སློབ་ཕྲུག་གྲངས་ ༢ དང་དགེ་རྒན་གྲངས་ ༡ བཅས་ཁྱོན་སློབ་ཕྲུག་གྲངས་ ༣༦ དང་དགེ་རྒན་གྲངས་ ༡༨ བཅས་ཕེབས་ཡོད།
མཛད་སྒོའི་ཐོག་མར་ཤེས་རིག་མདུན་ལམ་སློབ་སྟོན་པ་སྒྲོལ་དཀར་དབང་མོ་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས་ཟབ་སྦྱོང་ནང་ཞུགས་མཁན་ཡོངས་ནས་སོ་སོའི་སྐོར་ངོ་སྤྲོད་གནང་། དེ་རྗེས་ཐེངས་འདིའི་ཟབ་སྦྱོང་སློབ་ཁྲིད་གནང་མཁན་སྐུ་ཞབས་ཨུ་པན་ཌ་རམ་ལགས་ཀྱིས་ཟབ་སྦྱོང་དང་འབྲེལ་བའི་གསུང་བཤད་གནང་གྲུབ་བསྟུན་ཤེས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ཟབ་སྦྱོང་དབུ་འབྱེད་ཀྱི་གསུང་བཤད་གནང་དོན། དེ་རིང་འདིར་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་ ༡༨ ཙམ་གྱི་རྒན་བདག་རྣམ་པ་དང་། དེ་བཞིན་སློབ་གྲྭའི་རྒན་ལགས་རྣམ་པ། ཟབ་སྦྱོང་གནང་ཡུལ་གྱི་འགན་འཛིན། དེ་བཞིན་ཟབ་ཁྲིད་པ་ sanjay ལགས། ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་པ་སྒྲོལ་དཀར་དབང་མོ་ལགས། འབྲེལ་ཡོད་ལས་བྱེད་བཅས་ཚང་མ་ལ་ངས་ཤེས་རིག་ལས་ཁུངས་དང་ང་རང་སྒེར་ངོས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
དེ་རིང་འདིར་བཅར་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང་བ་མ་ཟད་ ཚོར་བ་གསར་པ་ཞིག་བྱུང་། བར་ལམ་ནས་ངས་ཤེས་རིག་བཀའ་བློན་གྱི་འགན་འཕར་མ་ཞིག་འཁུར་བ་རེད། ཆོས་རིག་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་བྱས་པ་རེད། ཤེས་རིག་བཀའ་བློན་གྱི་འགན་འཕར་མ་འཁྱེར་བའི་ལས་དོན་འདི་གཅིག་བྱས་ན་ཕལ་ཆེར་ཉི་མ་མཐའ་མ་ཡིན་ངེས་རེད། ཉིན་ཤས་རྗེས་བཀའ་བློན་ཞིག་གི་དམ་འབུལ་ཞུ་གི་རེད།
ད་རེས་དམིགས་བསལ་སྐད་ཆ་འདི་བཤད་དགོས་སྙམ་པའི་གྲ་སྒྲིག་དང་བསམ་བློ་གང་ཡང་བཏང་མེད། དཔེར་ན། ང་ཚོའི་དུས་ཚོད་དང་དུས་རབས་ཡོལ་འགྲོ་གི་འདུག ང་རང་སྔོན་མ་ཁྱེད་ཚོ་ནང་བཞིན་གཏན་སློབ་ནང་ཕྱིན་པ་རེད། དེ་ནས་རིམ་བཞིན་སྲི་ཞུའི་ལས་བྱེད་ཁོངས་འཛུལ་ཞུགས་ཀྱིས་མི་ལོ་ ༢༨ ལྷག་ཙམ་རིང་ལས་བྱེད་བྱས་ཏེ་རྒས་ཡོལ་ཐོན་རྗེས་བཀའ་བློན་མིང་འཁུར་ནས་ཡོད། དུས་ཚོད་ནི་སུ་གང་ལའང་མ་སྒུག་པར་དེ་ལྟར་འགྲོ་མུས་རེད།
ང་ཚོར་དབུ་ཁྲིད་གཞན་དང་མི་འདྲ་བ་ཞིག་ཡོད་པའི་ཐུགས་རྗེ་བཀའ་དྲིན་དང་། དེའི་འོག་ལ་སྒྲིག་འཛུགས་ཤིག་ཡོད་པ། དེ་བཞིན་རྒྱ་གར་གཞུང་མང་གི་བཀའ་དྲིན་སོགས་ལ་བརྟེན་ནས་ང་ཚོ་བཙན་བྱོལ་ནང་ཧ་ལས་པའི་གྲུབ་འབྲས་ལྡན་པའི་ངང་འཚོ་གནས་ཡོད། འོན་ཀྱང་ང་ཚོ་བཙན་བྱོལ་ནང་གང་བྱས་ནས་ཡོང་བ་རེད་ཅེ་ན། མཐར་ཐུག་གི་རྩ་དོན་ད་ལྟའང་སྒྲུབ་ཐུབ་མེད། སྔོན་མ་ང་རང་ཤེས་རིག་དྲུང་ཆེ་ཡིན་སྐབས་ས་གནས་ཁག་ཏུ་འགྲོ་སྐབས་འདི་སྐོར་སྐད་ཆ་བཤད་དུས་འཚོར་པ་གྲགས་པོ་སྐྱེ་ཡི་ཡོད། རྒན་པས་གཞོན་པ་ཚོར་ཁྱེད་རང་ཚོ་མ་འོངས་ས་བོན་རེད་ཅེས་མ་བཤད་རང་བཤད་ཆགས་ཀྱི་ཡོད། གལ་སྲིད་ང་ཚོའི་མི་ཐོག་སྔོན་མའི་སྐབས་སུ་རྩ་དོན་ཡག་པོ་བསྒྲུབས་ཡོད་ན་ཁྱེད་རང་ཚོ་ཕྲན་བུ་གུ་ཡངས་པོ་དང་ལྷོད་ལྷོད། སྐྱིད་པོ་དང་བདེ་བོ། སེམས་ནང་དཀའ་ངལ་དང་འགན་ཧ་ཅང་མེད་པ་བྱེད་ཆོག་གི་རེད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་དགུང་གྲངས་མཐོ་བོར་ཕེབས་ཡོད། མི་རབས་རྒན་པས་གཞོན་པ་ཚོར་རེ་བ་མ་རྒྱག་རང་རྒྱག་དང་འགན་མ་སྤྲད་རང་སྤྲད་ཆགས་ཀྱི་ཡོད། དེར་བརྟེན་ཁྱེད་རང་ཚོའི་སེམས་ནང་དེ་ལྟར་ཡིན་་བསམས་པའི་ཐོག་ནས་འགན་འཁུར་ཐུབ་ན་ཧ་ཅང་ཡག་པོ་ཡོད་པ་རེད།
ཉིན་གྲངས་གསུམ་རིང་ Sanjay ལགས་ཀྱིས་སྤྱིར་བཏང་འགྲོ་སྟངས་དང་མཐུན་པའི་འགོ་ཁྲིད་ཟེར་ན་གང་འདྲ་དགོས་པ་དེ་ཆེད་མཁས་ཀྱི་རང་བཞིན་ལྡན་པའི་ཐོག་ནས་ཟབ་སྦྱོང་གནང་གི་རེད། དེ་དག་ཧ་ལས་པའི་རྩ་ཆེན་པོ་དང་གལ་ཆེན་པོ་རེད། གནད་འགག་ཡོད་པ་ཤ་སྟག་རེད། གོང་དུ་ཁོང་གིས་གསུངས་པ་ནང་བཞིན་གསན་འཇོག་ཡག་པོ་གནང་སྟེ་མ་འོངས་པར་གང་ཐུབ་ལག་བསྟར་ཐུབ་པ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
སློབ་ཕྲུག་དང་ལས་བྱེད་སོགས་གང་སར་འགོ་ཁྲིད་ཀྱི་ཟབ་སྦྱོང་སྤྲོད་ཀྱི་ཡོད་པ་རེད། འོན་ཀྱང་དངོས་ཡོད་གནས་ཚུལ་ལ་ཚང་མ་འགོ་ཁྲིད་ཆགས་ཀྱི་མ་རེད། ཚང་མ་འགོ་ཁྲིད་རྒྱུ་ཡོང་གི་མ་རེད། མི་མང་ལ་ལས་ཀ་བྱེད་མཁན་ཡང་མང་པོ་དགོས་ཀྱི་རེད། འགོ་ཁྲིད་ཡག་པོ་ཡོང་བར་སྔོན་ལ་མི་བཟང་པོ་ཞིག་དགོས་ཀྱི་ཡོད། དེའི་ནང་ནས་བོད་ཀྱི་གནས་སྟངས་འདི་འདྲ་ཞིག་ཆགས་ཡོད་སྟབས་སྔོན་ལ་བོད་པ་ཡག་པོ་ཞིག་བྱེད་དགོས། དེ་གཉིས་ཀྱི་ཐོག་ལ་སོ་སོས་གང་གི་ཐོག་འགོ་ཁྲིད་གནང་ཐུབ་ཀྱི་འདུག་ནུས་པ་དེ་དག་ཚང་བ་ཡིན་ན། ཕུན་གསུམ་ཚོགས་པ་དང་། དཔེ་དང་རྒྱན་ཟེར་རྒྱུ་དེ་ཆགས་ཀྱི་རེད།
རྣམ་པ་ཚོ་སློབ་གྲྭའི་རྒན་བདག་ཡིན་པ་དང་། སློབ་ཕྲུག་སྟོང་ཕྲག་ཉི་ཤུ་ལྷག་གི་སྐུ་ཚབ་བྱས་ནས་ཡོང་བ་རེེད། དེང་སྐབས་ང་ཚོའི་སློབ་གྲྭའི་གནས་སྟངས་གང་འདྲ་ཡོད་པ་རེད། དེའི་སྟེང་དགེ་རྒན་སློབ་སྤྱི་སོགས་ལ་སློབ་ཕྲུག་ངོས་ནས་ང་ཚོའི་སློབ་གྲྭར་ཡར་རྒྱས་འདི་རིགས་གཏོང་དགོས་པ་དང་སྐྱོན་ཆ་འདི་འདྲ་ཞིག་སེལ་དགོས་ཀྱི་འདུག་ཅེས་བརྗོད་རྒྱུར་རྒན་བདག་ཚོས་འཁུར་བླངས་ནས་སློབ་ཕྲུག་ཚོའི་སེམས་ནང་ཚོར་བ་ཡོད་པ་ཞིག་བཟོ་ཐུབ་ན། དགེ་རྒན་དང་ལས་བྱེད་ཚོའི་ཕྱག་ལས་ཧ་ཅང་ལས་སླ་རུ་འགྲོ་གི་རེད།
སློབ་ཕྲུག་སྐབས་ལ་སློབ་སྦྱོང་གལ་ཆེ་ཤོས་རེད། སློབ་སྦྱོང་དེ་ཤེས་ཡོན་སྲིད་བྱུས་གཏན་འབེབས་མ་བྱུང་བའི་སྔོན་ཏེ་ལོ་སུམ་ཅུ་ལྷག་ཙམ་རིང་གཞན་དབང་སྟབས་བསྟུན་སོགས་རྒྱུ་མཚན་མང་པོ་ཡོད་པ་རེད། ང་རང་ཚོའི་ངོས་ནས་འཐུས་ཤོར་བ་སོགས་མང་པོ་ཞིག་གི་ཐོག་ནས་འདོད་བློ་ཁེངས་པ་ཞིག་ཁྱོན་ནས་བྱུང་མེད། སྐད་ཡིག་ཡིན་ནའང་སྐད་ཡིག་སྦྱོང་སྟངས་དང་སློབ་སྟངས་མ་ཤེས་པ་ལྟ་བུ། དེ་བཞིན་བསམ་བློ་གཏོང་དགོས་པའི་སློབ་མཚན་དེ་ཚོའི་ཐོག་ལ་སྦྱོང་སྟངས་དང་སློབ་སྟངས་མ་ཤེས་མཁན་ལྟ་བུ། དེ་འདྲའི་ཐོག་ནས་མི་ཐོག་མང་པོ་ཞིག་ཕྱིན་ཡོད། ཞན་ཆ་དེ་དག་ངོ་འཕྲོད་ནས་བར་ལམ་ནས་གང་བྱེད་པ་དེ་དག་མགོ་ནས་མར་བཤད་པ་ཡིན་ན་དུས་ཚོད་འགོར་རོགས་རེད། ཅེས་སོགས་ཀྱི་གསུང་བཤད་གནང་།
མཇུག་ཏུ་ཤེས་རིག་མདུན་ལམ་སློབ་སྟོན་པ་བསྟན་འཛིན་ཆོས་ལྡན་ལགས་ནས་ཚོགས་བཅར་བ་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང་འབྲེལ་གསོལ་ཇ་ཞལ་ཏོག་འདེགས་འབུལ་ཞུས། དེ་རྗེས་དེ་རིང་གི་གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་ལ་འགོ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་ཐེངས་དྲུག་པའི་དབུ་འབྱེད་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་བཅས། །

སྔོན་མ།
ཨུ་རུ་སུའི་སློབ་ཡོན་གསལ་བསྒྲགས།
ཕྱི་མ།
བདམས་ཐོན་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་ལས་ཁུར་དམ་བཅའ་ཕུལ་རྗེས་ཤེས་རིག་བཀའ་བློན་གྱི་ཕྱག་ལས་དབུ་འཛུགས་ཀྱི་རྟེན་འབྲེལ་མཛད་སྒོ་ཚོགས་པ།