ཟླ་རེའི་གསར་འགྱུར།

གཞི་རིམ་བར་མའི་བོད་དགེ་ཟབ་སྦྱོང།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༡ ནས་ ༡༩ བར་ཉིན་དགུའི་རིང་ཝཎཱ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་གཏན་ཉིན་སློབ་གྲྭ་ཁག་གི་གཞི་རིམ་བར་མའི་བོད་དགེའི་ཟབ་སྦྱོང་དབུ་འཛུགས་ཞུས་ཡོད་པ་དང༌།ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཝཎཱ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་སློབ་དཔོན་ཆེན་པོ་དགེ་བཤེས་ངག་དབང་བསམ་གཏན་མཆོག་གདན་ཞུས་ཀྱིས། ཐོག་མར་ཤེས་རིག་སྲོལ་རྒྱུན་ཚན་པའི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ནས་འཚམས་འདྲི་དང་སྦྲགས་ཉིན་དགུའི་ཟབ་སྦྱོང་ནང་ཐོག་མའི་ཆར་སློབ་གྲྭ་ཁག ༣༢ ནས་བོད་དགེ་ ༣༩ ཚོགས་ཞུགས་གནང་འཆར་ཡོད་ཀྱང་དངོས་སུ་ཟབ་སྦྱོང་ནང་ཚོགས་ཞུགས་གནང་ཐུབ་པ་སློབ་གྲྭ་ཁག ༢༩ ནས་བོད་དགེ་ ༣༣ བྱུང་ཡོད་པ་དང༌། ཟབ་སྦྱོང་རིང་རིགས་བདག་མཆོག་གིས་བོད་སྐད་ཡིག་སློབ་ཁྲིད་ཀྱི་གལ་གནད་སྐོར་ཚོགས་ཐེངས་གཅིག་དང༌། རིག་གནས་དགེ་ལྷག་པ་ཚེ་རིང་ལགས་ཀྱིས་དུས་གསུམ་རྣམ་གཞག་སྐོར་ཚོགས་ཐེངས་གཉིས། དྷ་ས་ཀིརྟི་བྱེས་པ་གྲྭ་ཚང་གི་རྩོམ་སྒྲིག་པ་ཆབ་ཚང་འཇམ་དཔལ་ལགས་ཀྱིས་སུམ་རྟགས་རིགས་ལམ་བརྒྱུད་ཁྲིད་ཐབས་ཚོགས་ཐེངས་བཅུ་གཅིག ཤེས་རིག་གི་སློབ་དེབ་རྩོམ་སྒྲིག་པ་བཀྲ་ཤིས་རྡོ་རྗེ་ལགས་ཀྱིས་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་གྱི་བོད་སྐད་ཡིག་སློབ་དེབ་ཀྱི་ངོ་སྤྲོད་ཚོགས་ཐེངས་དགུ སློབ་གྲྭ་ཁག་གི་བོད་དགེ་དབར་ཉམས་མྱོང་བརྗེ་རེས་སླད་ནང་ཁུལ་སློབ་ཁྲིད་ཚོགས་ཐེངས་དགུ་བཅས་ལས་རིམ་གོ་སྒྲིག་ཞུས་ཡོད་པ་དང༌། གཞན་ཡང་བོད་དགེ་རྣམས་ནས་བསྣམས་པའི་གོ་རྟོགས་ནུས་རྩལ་དང་བརྡ་སྤྲོད་པ་ཝར་པོ་ཨིནྜ་སོགས་ཕྱོགས་བསྡུས་ཀྱིས་འགྲེམས་སྤེལ་ཞུ་འཆར་ཡོད་པའི་སྐོར་དང་ཟབ་སྦྱོང་གི་དམིགས་ཡུལ་དང་གཞི་རིམ་བར་མའི་བོད་དགེ་རྣམས་ནས་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་ལོ་གསུམ་ཙམ་རིང་སློབ་ཕྲུག་གི་བོད་ཀྱི་སྐད་ཡིག་གནས་ཚད་གོང་མཐོར་གཏོང་ཕྱོགས་ཐད་གལ་གནད་ཆེ་ཆུང་ཇི་ཆགས་སྐོར་སོགས་ངོ་སྤྲོད་ཞུས།
    དེ་ནས་སྐུ་མགྲོན་གཙོ་བོ་ཝཎཱ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་མཆོག་ནས་དགེ་རྒན་ནི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པོ་གལ་གནད་ཆེ་ཤོས་ཤིག་ཡིན་པ་དང༌། སློབ་ཕྲུག་ཚོའི་ཤེས་ཡོན་ཡར་རྒྱས་འགྲོ་མིན་གཙོ་བོ་ནི་དགེ་རྒན་གྱི་ཤེས་ཚད་དང་སེམས་ཁུར། སློབ་ཁྲིད་ཐབས་ལམ་བཅས་ལ་རག་ལས་ཡོད་པར་བརྟེན་ངེས་པར་དུ་དེའི་ཐད་ཤུགས་སྣོན་དགོས་རྒྱུ་མ་ཟད། ང་རང་ཚོའི་མི་རབས་ནི་མི་ལོ་ཁྲི་ལྷག་གི་སྔོན་ནས་བྱུང་ཚུལ་སྐོར་དངོས་རྙིང་སྔོག་འདོན་སྐབས་སུ་ཐོན་པའི་དངོས་རྫས་ཀྱིས་ར་སྤྲོད་ཐུབ་ཀྱི་ཡོད་པ་དེ་འདྲའི་མི་རིགས་ཀྱི་སྐད་ཡིག་དང་ཁྱད་དུ་འཕགས་པའི་རིག་གཞུང་རྣམས་དགེ་རྒན་གྱིས་སློབ་ཕྲུག་རྣམས་ལ་སློབ་གསོ་སྤྲད་དེ་རྒྱུན་འཛིན་ཐུབ་པ་དགོས་གལ་དང༌། ཉེ་སྔོན་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་ཤེས་ཡོན་མཁས་པའི་ལྷན་ཚོགས་སྐབས་སུ་དགེ་རྒན་ཚོར་དུས་དང་མཐུན་པའི་ཟབ་སྦྱོང་སྤྲོད་རྒྱུ་གལ་ཆེ་བཀའ་མོལ་བྱུང་དོན་བཞིན་ཟབ་སྦྱོང་སྤྲོད་ཕྱོགས་ཐད་ཉམས་ཞིབ་དང་འབྲེལ་དུས་མཐུན་འགྱུར་བཅོས་གནང་ཕྱོགས་སྐོར། གཞན་ཡང་དེང་དུས་རྒྱལ་ཁབ་འདྲ་མིན་ནས་སློབ་ཁྲིད་ཐབས་ལམ་སྐོར་ཉམས་ཞིབ་ཀྱི་གསར་གཏོད་མང་པོ་གནང་བཞིན་པ་ལྟར་ང་ཚོས་ཀྱང་དེ་བཞིན་ཐབས་ཤེས་གནང་ཕྱོགས། མཐའ་དོན་ང་རང་ཚོ་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གཞུང་བཟང་པོ་རྣམས་བཤད་གྲྭ་དང་དགོན་པ་གྲྭ་ཚང་གཅིག་པུས་བྱེད་རྒྱུ་མ་ཡིན་པར་དགེ་རྒན་རྣམས་ནས་སློབ་ཕྲུག་ཚོར་བརྒྱུད་སྤྲོད་བྱེད་ཐུབ་པ་གནང་རྒྱུ་གལ་ཆེའི་སྐོར་སོགས་བཀའ་སློབ་ལམ་སྟོན་ཟབ་རྒྱས་གནང༌།
    དེ་ནས་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ནས་ཟབ་སྦྱོང་རིང་མཐུན་འགྱུར་གནང་མཁན་ཝཎཱ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་གཙོས་པའི་ཟབ་སྦྱོང་འབྲེལ་མཐུད་པ་བསྟན་འཛིན་ནོར་བུ་ལགས་སོགས་དང༌། ས་ཐག་རིང་པོ་ནས་ཕེབས་པའི་གོང་གསལ་སློབ་ཁྲིད་གནང་མཁན། ཚོགས་བཅར་བ་དགེ་རྒན་རྣམས་ལ་ཐུགས་རྗེ་ཆེ་ཞུས་ཏེ་དབུ་འབྱེད་མཛད་སྒོ་མཇུག་བསྒྲིལ།
 

སྔོན་མ།
བོད་ཡིག་སློབ་ཁྲིད་ཀྱི་གནས་སྟངས་སྐོར་གླེང་བ།
ཕྱི་མ།
གཞི་རིམ་གོང་མའི་ཚན་རིག་བསླབ་གཞི་རྩ་འཛིན་གཏན་འབེབས་ཚོགས་འདུ།
Menu