ཟླ་རེའི་གསར་འགྱུར།

གཞི་རིམ་བར་མའི་སློབ་ཚན་ཁག་བོད་སྐད་བརྒྱུད་ལམ་ནས་ཁྲིད་ཐབས་ཟབ་སྦྱོང་སྤྲད་པ།

གསར་འཕྲིན།

༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཤེས་རིག་ལས་ཁུངས་ནས་ཕྱི་ཟླ་ ༡༠ ཚེས་ ༡༩ ནས་ ༢༨ བར་ཉིན་བཅུ་རིང་གཏན་ཉིན་སློབ་གྲྭ་ཁག་གི་གཞི་རིམ་བར་མའི་འཛིན་རིམ་བདུན་པའི་ཨང་རྩིས་དང་ཚན་རིག སྤྱི་ཚོགས་ཚན་རིག་བཅས་བོད་སྐད་བརྒྱུད་ནས་འཁྲིད་ཐབས་ཟབ་སྦྱོང་ཞིག་སྤོན་ཊ་གཏན་སློབ་ཏུ་གོ་སྒྲིག་ཞུས་ཡོད་པ་དང་། ཟབ་སྦྱོང་དབུ་འབྱེད་ནི་མ་སུ་རི་བོད་ཁྱིམ་གྱི་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་གནང་ཞིང་།ཁོང་གིས་ཟབ་སྦྱོང་པ་རྣམས་ལ་ཤེས་ཡོན་སྲིད་བྱུས་གཏན་འབེབས་གནང་དགོས་པའི་གལ་གནད་དང་། དགེ་རྒན་གྱི་ལས་འགན་འཁྱེར་ཕྱོགས།  སློབ་མ་སྐྱོང་སྟངས། ཟབ་སྦྱོང་གང་ཐོབ་པ་རྣམས་སློབ་གྲྭ་ཁག་ནང་ལག་བསྟར་ཚུལ་བཞིན་གནང་དགོས་པའི་ལམ་སྟོན་གནང་ཡོད་པ་དང་།  ད་ལན་ཟབ་སྦྱོང་ནང་སམ་བྷོ་ཊའི་ཁྱབ་ཁོངས་ནས་དགེ་རྒན་ ༡༣ དང་རྡ་ས་བོད་ཁྱིམ་ཁྱབ་ཁོངས་ནས་དགེ་རྒན་ ༢ མ་སུ་རི་བོད་ཁྱིམ་ཁྱབ་ཁོངས་ནས་དགེ་རྒན་ ༡ བཅས་ཁྱོན་དགེ་རྒན་ ༡༦ མཉམ་ཞུགས་གནང་ཡོད། ཟབ་སྦྱོང་སློབ་འཁྲིད་གནང་མཁན་ཁོངས་སུ་སིམ་ལ་གཏན་སློབ་ཀྱི་སློབ་དགེ་པད་མ་རྒྱལ་མཚན་ལགས་དང་ཤེས་ཡོན་འགན་འཛིན་རྒྱལ་མཚན་ལགས།  ཤེས་རིག་རྩོམ་སྒྲིག་པ་ཆོས་འཕེལ་བཅས་ནས་ཚན་རིག་སློབ་འཁྲིད་ཐབས་ལམ་དང་།  པུར་ཝ་ལའི་དགེ་ཆེ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཨང་རྩིས་འཁྲིད་ཐབས།  ཤེས་རིག་སློབ་དེབ་རྩོམ་སྒྲིག་པ་བསོད་ནམས་བཟང་པོ་དང་བུ་དྷ་སྐྱབས་གཉིས་ནས་སྤྱི་ཚོགས་ཚན་རིག་འཁྲིད་ཐབས། སྤོན་ཊ་གཏན་སློབ་ཆོས་དགེ་ནས་རིགས་ལམ།  ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ནས་བོད་ཡིག་བཅས་སློབ་ཁྲིད་གནང་ཡོད་པ་དང་།  གཞན་ཡང་ཟབ་སྦྱོང་གི་རིང་འཛིན་རིམ་བདུན་པའི་ཨང་རྩིས་དང་ཚན་རིག་སློབ་ཚན་རྣམས་བོད་སྐད་བརྒྱུད་ནས་གློག་ཀླད་(Power point) བཟོ་འགོད་ཀྱིས་འཁྲིད་ཐབས་སློབ་སྟོན་ཞུས་ཡོད་པ་དང་། དེ་བཞིན་འཛིན་གྲྭ་ཁག་ནང་ཟབ་སྦྱོང་བ་སོ་སོས་སློབ་ཁྲིད་ཀྱིས་དགེ་འདོན་སྐྱོན་སེལ་ཡང་བྱས་ཡོད། ཕྱི་ཚེས་ ༢༤ ཉིན་ཟབ་སྦྱོང་པ་རྣམས་རཱཇ་པུར་བོད་ཁྱིམ་དང་བདེ་སྐྱིད་གླིང་ཉིན་སློབ།  དོན་གྲུབ་གླིང་གཞིས་ཆགས་བཅས་ལ་ཤེས་ཡོན་ལྟ་སྐོར་གནང་ཡོད། ཕྱི་ཟླ་ ༡༠ ཚེས་ ༢༨  ཉིན་གྱི་ཕྱི་དྲོ་ཟབ་སྦྱོང་མཇུག་བསྡོམས་མཛད་སྒོར་སྤོན་ཊ་ས་གནས་འགོ་འཛིན་ཀརྨ་སྒྲོལ་ལགས་གདན་ཞུས་ལྟར་ཕེབས་ཏེ་ཟབ་སྦྱོང་པ་རྣམས་ལ་ཕྱག་འཁྱེར་གནང་བ་དང་། མཇུག་བསྡོམས་གསུང་བཤད་གནང་ཡོད་པ་བཅས།།

ཡོང་ཁུངས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ།
 

སྔོན་མ།
ཤེས་རིག་ལས་ཁུངས་ཀྱིས་གཞི་རིམ་འོག་མའི་སློབ་དགེ་ཁག་གཅིག་ལ་དམིགས་བསལ་ཤེས་ཡོན་གྱི་ཟབ་སྦྱོང་ཐེངས་གཉིས་པ་དབུ་འཛུགས་གནང་བ།
ཕྱི་མ།
ཤེས་ཡོན་སྲིད་བྱུས་ཀྱི་གོ་རྟོགས་ལས་འཆར་སྤེལ་བ།
Menu