ཟླ་རེའི་གསར་འགྱུར།

གཞི་རིམ་འོག་མའི་དགེ་འོས་པ་རྣམས་ལ་བྱིས་པའི་ཀློག་རྩལ་གོང་མཐོར་གཏོང་ཐབས་ཀྱི་ཟབ་སྦྱོང་།

གསར་འཕྲིན།

ཤེས་རིག་ལས་ཁུངས་ཀྱིས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་གཞི་རིམ་འོག་མའི་དགེ་རྒན་འོས་སྦྱོང་སྤྲོད་བཞིན་པའི་འོས་སྦྱོང་བ་རྣམས་ལ་ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༧ ནས་ ༡༡ བར་ཉིན་ལྔའི་རིང་བྱིས་པའི་ཀློག་རྩལ་གོང་མཐོར་གཏོང་ཐབས་ཀྱི་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས།
དེ་ཡང་ཤེས་རིག་ཚོགས་ཆེན་དང་བོད་རིགས་དགེ་རྒན་ཚོགས་འདུ་སོགས་ཀྱི་གྲོས་ཆོད་ཁག་ནང་། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་དགེ་རྒན་རྣམས་ལ་ཟབ་སྦྱོང་དང་སྦྱོང་བརྡར་ཇི་འདྲ་ཞིག་གོ་སྒྲིག་ཞུ་རུང་། སློབ་ཁྲིད་གནང་མཁན་བོད་རིགས་ཁྱད་ལས་པའམ་ཉམས་མྱོང་ཅན་གྱི་དགེ་རྒན་ལས་ཐོག་གམ་དགེ་ཟུར་སོགས་གདན་ཞུ་ཐུབ་ན་དགེ་མཚན་ཆེ་ལུགས་ཀྱི་དགོངས་འཆར་ལན་མང་བྱུང་བ་ལྟར། ཐེངས་འདིའི་གཞི་རིམ་འོག་མའི་དགེ་འོས་པ་རྣམས་ལ་བྱིས་པའི་ཀློག་རྩལ་གོང་མཐོར་གཏོང་ཐབས་དང་འབྲེལ་བའི་ཟབ་སྦྱོང་སློབ་ཁྲིད་གནང་མཁན་ནི། སྦེལ་ཀོབ་སཾ་བྷོ་ཊ་ཀཻ་ལཤ་པུ་རའི་ཨིན་དགེ་བསོད་ནམས་གངས་བཟང་ལགས་ཡིན་པ་དང་། ཁོང་མོ་ཐེངས་དང་པོ་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་བྱིས་པའི་ཀློག་རྩལ་གྱི་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་གྱི་ངོ་བོར་ཚོགས་ཞུགས་གནང་བ་དང་། དེ་ནས་ཁོང་མོའི་ཤེས་རྒྱ་དང་དོ་དབྱིངས་ལ་བརྟེན་ནས་འབྱུང་འགྱུར་བོད་རིགས་དགེ་རྒན་རྣམས་ལ་བྱིས་པའི་ཀློག་རྩལ་གོང་མཐོར་གཏོང་ཐབས་ཀྱི་ཟབ་སྦྱོང་སློབ་ཁྲིད་གནང་མཁན་ཞིག་ཡོང་བར་དམིགས་ཡུལ་བཟུང་སྟེ། བྱིས་པའི་ཀློག་རྩལ་གྱི་ཟབ་སྦྱོང་བརྒྱད་ལྷག་ལ་བཅར་ཞུགས་ཀྱིས་ཌོག་ཊར་ལཏིཀཱ་གུཔྟཱ་མཆོག་གི་གསུང་སྒྱུར་གྱི་ཕྱག་རོགས་ཞུས་ཏེ་ཉམས་མྱོང་གང་ལེགས་བསགས་ཡོད་པ་མ་ཟད། ད་ཆ་ཁོང་མོ་རང་ངོས་ནས་གོང་གསལ་ཟབ་སྦྱོང་སློབ་ཁྲིད་ཐུབ་པའི་གདེང་སྤོབས་གང་འཚམས་ཤིག་ཐོབ་ཡོད་པ་བེད་སྤྱོད་ཐུབ་ཐབས་སུ། ཕྱི་ཟླ་ ༥ ཚེས་ ༧ སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ས་རཱ་མཐོ་སློབ་ཏུ་ཟབ་སྦྱོང་འགོ་འཛུགས་ཞུས།
སྐབས་དེར་ཤེས་རིག་སྲོལ་རྒྱུན་ཚན་པའི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ནས་ཟབ་སྦྱོང་གི་དགོས་དམིགས་དང་། ཟབ་སྦྱོང་འདི་བརྒྱུད་དོན་དངོས་ཐོག་དགེ་རྒན་རྣམ་པའི་སྔར་གྱི་སློབ་ཁྲིད་ཐབས་ཇུས་ལ་ཁ་ཕྱོགས་གསར་པ་ཞིག་བསྟན་རྒྱུར་རྔོ་ཐོགས་པ་ཞིག་བྱུང་ཡོད་པ་མ་ཟད། ལས་གཞི་འདི་འོག་ཤེས་རིག་ལས་ཁུངས་ནས་བྱིས་སྒྲུང་ ༨༠ ལྷག་གསར་དུ་བརྩམས་པའམ་ཕབ་སྒྱུར་ཞུས་ཏེ་པར་སྐྲུན་ཞུ་ཆོག་ཡིན་སྐོར་དང་། དེ་བཞིན་བཀའ་ཤག་སྐབས་བཅུ་བཞི་པའི་དགོངས་བཞེད་ལྟར་ཤེས་རིག་ལས་ཁུངས་ནས་ཤེས་ཡོན་ཡར་རྒྱས་ཀྱི་ལས་འཆར་སྣ་མང་གོ་སྒྲིག་ཞུས་དང་ཞུ་མུས་ཡིན་པ་དང་། ད་ལྟའི་དགེ་འོས་པ་རྣམས་ནི་རིང་མིན་དགེ་རྒན་གྱི་ལས་སྒོར་ཞུགས་དགོས་པར་བརྟེན། སོ་སོའི་སློབ་ཁྲིད་ཀྱི་ཐབས་ཇུས་ལ་བརྟེན་ནས་སློབ་ཕྲུག་རྣམས་ལ་ཤེས་ཡོན་ཚད་ལྡན་ཞིག་མཁོ་སྤྲོད་ཡོང་ཐབས་ཐོག་ལ་སེམས་ཤུགས་བསྐྱེད་དགོས་པ་བཅས་ཀྱི་སྐོར་གསུངས། དེ་རྗེས་སློབ་ཁྲིད་གནང་མཁན་ནས་རང་ཉིད་ཀྱི་སློབ་སྦྱོང་གི་བརྒྱུད་རིམ་དང་ལས་ཀའི་ཉམས་མྱོང་སོགས་ངོ་སྤྲོད་མདོར་བསྡུས་དང་སྦྲགས་ཟབ་སྦྱོང་གི་ལས་རིམ་དངོས་གཞི་འགོ་བཙུགས་ཞུས།

སྔོན་མ།
གཞི་རིམ་འོག་མའི་དགེ་འོས་པ་རྣམས་ལ་རྩོད་རྙོག་འདུམ་སྒྲིག་གི་ཟབ་སྦྱོང་མཇུག་བསྒྲིལ།
ཕྱི་མ།
གཞི་རིམ་འོག་མའི་དགེ་འོས་པ་རྣམས་ལ་བྱིས་པའི་ཀློག་རྩལ་གོང་མཐོར་གཏོང་ཐབས་ཀྱི་ཟབ་སྦྱོང་མཇུག་བསྒྲིལ་བ།
Menu